ཀྲུང་གོ་དང་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་མོལ་རྐྱེན་སྲོལ་གྱིས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱེ་ཡིས་ཚེས9ཉིན་པེ་ཅིང་ནས་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་མཱ་ལི་དང་གྲོས་མོལ་བྱས་པར་མ་ཟད། ཀྲུང་གོ་དང་ཐེ་གོའི་ཕྱི་འབྲེལ་པུའུ་ཀྲང་གི་གྲོས་མོལ་རྐྱེན་སྲོལ་གྱི་གྲོས་མོལ་ཐེངས་གཉིས་པ་བསྡུས།

ཝང་དབྱེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐེ་གོའི་མགོ་ཁྲིད་པས་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཐེ་གོའི་ལས་སྐལ་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་བརྟན་འཇགས་ངང་སྐུལ་འདེད་བཏང་ནས་གྲུབ་འབྲས་བཟང་ཡང་ཡང་ཐོབ་ཡོད། ཀྲུང་གོས་ཐེ་གོ་ནི་ཡིད་རྟོན་རུང་བའི་མཉམ་ལས་གྲོགས་པོ་དང་ས་ཁུལ་རང་གི་ཞི་བདེའི་སྟོབས་ཤུགས་དང་གཏན་འཇགས་ཀྱི་རྒྱུ་རྐྱེན་དུ་རློམ་ཡོད། སང་ལོར་ཀྲུང་གོ་དང་ཐེ་གོའི་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་ཕྱོགས་སོ་སོའི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། མཉམ་དུ་ཀྲུང་གོ་དང་ཐེ་གོ། ལའོ་ཝའོ་བཅས་ཀྱི་ལྕགས་ལམ་གཅིག་སྦྲེལ་བཀག་མེད་ཡོང་བར་བྱས་ནས་གཅིག་འབྲེལ་གཅིག་བསྟེན་གྱི་ཆུ་ཚད་མཐོར་འདེགས་གཏོང་དགོས། ཁྲིམས་འཛིན་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བྱས་ནས་མཉམ་དུ་གློག་འཕྲིན་མགོ་སྐོར་དང་དྲ་རྒྱའི་རྒྱན་འཇོག་སོགས་རྒྱལ་ཁོངས་བརྒལ་བའི་ནག་ཉེས་ལ་ཆམ་ཕབ་གཏོང་དགོས། ལམ་ཡིག་མི་དགོས་པའི་སྟབས་བདེ་བེད་སྤྱད་དེ་མི་གཞུང་བརྗེ་རེས་རྒྱ་བསྐྱེད་པ་དང་། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འབྲེལ་བ་མུ་མཐུད་དུ་སྲུང་འཛིན་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

མཱ་ལི་ཡིས་བསྟན་དོན། ཐེ་གོའི་སྲིད་གཞུང་གིས་ཀྲུང་གོའི་བར་གྱི་འབྲེལ་བར་མཐོང་ཆེན་བྱེད་ཅིང་། མུ་མཐུད་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་ཡིན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ75འཁོར་བའི་ལོ་ཡིན་པ་དང་། ཐེ་གོའི་རྒྱལ་བོ་ལིའུ་ཞོན་གྱི་དགུང་ལོ་དོན་གཉིས་ཀྱི་འཁྲུངས་སྐར་ཡིན། ཐེ་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ། ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ50འགོར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་བྱ་འགུལ་འཆར་འགོད་བྱེད་པ་དང་། མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་གཏོང་བ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་པ། གཞི་གྲངས་དཔལ་འབྱོར་དང་གློག་སྒུལ་རླངས་འཁོར། ཡང་བསྐྱར་བེད་སྤྱོད་བྱས་ཆོག་པའི་ནུས་ཁུངས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

ཕྱོགས་གཉིས་ཀྱིས་ཨེ་ཤ་ཡཱ་ཤར་མའི་ས་ཁོངས་མཉམ་ལས་དང་རྫ་ཆུའམ་མེ་ཀུང་ཆུ་བོའི་མཉམ་ལས། འབར་མའི་གནད་དོན་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས། ཝང་དབྱེ་ཡིས་བསྟན་དོན། ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་དཀྱིལ་སྙིང་དུ་བྱས་པའི་ཨེ་ཤ་ཡཱ་ཤར་མའི་ས་ཁོངས་ཀྱི་མཉམ་ལས་སྒྲོམ་གཞིར་སྲུང་སྐྱོབ་བྱེད་པ་དང་། བཀག་སྡོམ་གཞན་གཅོད་ཀྱི་ཚོགས་པ་ཆུང་བ་འཛུགས་པར་ངོ་རྒོལ་བྱེད་ལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཐེ་གཏོགས་བྱེད་པ་ལྷག་ཏུ་མི་རུང་། རྒྱ་གར་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་འཐབ་ཇུས་ཞེས་པའི་ཤུགས་རྐྱེན་ངན་པ་བཀག་འགོག་བྱས་ནས་བྱང་ཆིངས་རྩ་འཛུགས་ཀྱིས་ཨེ་ཤ་ཡཱ་རུ་ལག་བསྲིངས་པར་དོགས་ཟོན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་བར་གཞོགས་འདེགས་དམ་ཟབ་བྱས་ཏེ། ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་སྒོས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་འདོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号