ཅཱ་ཧྲའི་བྲེལ་མྱུར་མི་ཆོས་རིང་ལུགས་ཐག་གཅོད་པའི་གྲོས་ཚོགས་ཅོར་ཏན་ནས་བསྡུས།

ཅཱ་ཧྲའི་བྲེལ་མྱུར་མི་ཆོས་རིང་ལུགས་ཐག་གཅོད་པའི་གྲོས་ཚོགས་ཚེས11ཉིན་ཅོར་ཏན་གྱི་ཧི་སེ་ཡུན་རྒྱལ་བོའི་གྲོས་ཚོགས་ལྟེ་གནས་སུ་བསྡུས་པ་དང་། གྲོས་ཚོགས་ཀྱི་དམིགས་ཡུལ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། ཕན་ནུས་ལྡན་པའི་སྒོ་ནས་ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཉམས་ཉེན་ཐག་གཅོད་བྱེད་པའི་རྐྱེན་སྲོལ་དང་ལས་རིམ་འཚོལ་ཞིབ་བྱེད་པའི་ཆེད་དུ་ཡིན་པ་རེད།

གྲོས་ཚོགས་དེ་ཅོར་ཏན་དང་ཨེ་ཅིབ། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་ཡིན་ཞིང་། ཅོར་ཏན་གྱི་རྒྱལ་བོ་ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་པུའུ་ལིན་ཁུན་བཅས་འདུས་པའི་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་འཐུས་མི། དེ་མིན་རྒྱལ་སྤྱིའི་རྒྱལ་འཛུགས་ཀྱི་འགན་ཁུར་བ་བཅས་གྲོས་ཚོགས་ལ་ཞུགས།

ཨ་པུའུ་ཏུའུ་ལཱ་སྐུ་ཕྲེང་གཉིས་པས་གྲོས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་ལ་ཐོབ་པའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དེ་དགོས་མཁོ་ལས་ཧ་ཅང་དམའ་བར་མ་ཟད། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་ཐད་བཀག་རྒྱ་མང་བོ་ཡོད། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པ་དེར་ཕྱོགས་གང་རུང་གི་ཆབ་སྲིད་གྲོས་རིམ་གྱི་ཚོད་འཛིན་ཐེབས་མི་རུང་། ཅཱ་ཧྲ་ས་ཁུལ་གྱི་མི་དམངས་ལ་ཟོལ་མེད་ནུས་ལྡན་གྱི་བྱེད་ཐབས་མཁོ་བ་ཡིན་པས། ཕན་ནུས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ནས་འབྲེལ་ཡོད་ཕྱོགས་སོ་སོའི་བར་གྱི་འཁྲུག་རྩོད་ཞི་འཇགས་སུ་གཏོང་བ་ནི་རྒུད་སྐྱོབ་ལས་ཁུངས་སོ་སོས་ཡུན་རིང་ལས་འགན་ལག་བསྟར་བྱེད་པར་འགན་སྲུང་བྱེད་པའི་རྨང་གཞི་ཡིན་ཟེར།

སེ་ཞི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་མཇུག་སྒྲིལ་བ་དང་། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པའི་བཀག་རྒྱ་ཡོད་ཚད་གཙང་སེལ་བྱེད་དགོས་པར་མ་ཟད། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བགོ་བཤའ་བྱེད་པར་དགོས་ངེས་ཀྱི་བདེ་འཇགས་ཁོར་ཡུག་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་། ཁོས་ད་རུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཕཱ་ལེ་སི་ཐན་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་མ་དངུལ་འདོན་སྤྲོད་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལ་འབྲེལ་བའི་གྲོས་ཆོད་ལག་བསྟར་བྱས་ཏེ། ཅཱ་ཧྲ་ས་ཁུལ་གྱི་ཡུལ་འཁྱམས་བྱེད་པའི་ཡུལ་གྱར་བ་དག་ཕྱིར་རང་ཁྱིམ་དུ་ལོག་པར་ཆ་རྐྱེན་བསྐྲུན་དགོས་པའི་འབོད་སྐུལ་བཏང་།

ཀུའུ་ཐི་ལོས་སི་ཡིས་བཤད་རྒྱུར། ཅཱ་ཧྲ་ས་ཁུལ་གྱི་ཕཱ་ལེ་སི་ཐན་གྱི་མི་ས་ཡ་གཅིག་ལྷག་གིས་ལྟོགས་སྐོམ་མྱོང་བཞིན་ཡོད་པ་དང་། འདང་ཚིམས་པའི་འཐུང་ཆུ་དང་འབར་རྫས། སྨན་བཅོས་མཁོ་དངོས་བཅས་དཀོན་པས། བྱིས་པ་ཁྲི་ལྔ་ལྷག་འཚོ་བཅུད་མི་འདང་བའི་དབང་གིས་གསོ་བཅོས་བྱེད་དགོས་ཡོད་ཟེར། ཁོས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཏེ། ཅཱ་ཧྲ་ས་ཁུལ་དུ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号