མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་དེ་ཅ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་འབོད་སྐུལ་བཏང་བ།

ཟླ6པའི་ཚེས10ཉིན། ཉིའུ་ཡའོ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པའི་གྲོས་ཆོད་འཆར་ཟིན་ལ་འདེམས་ཤོག་འཕངས།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས10ཉིན་གྲོས་ཆོད2735པ་བཀོད་དེ། ཅ་ཧྲ་ས་ཁུལ་དུ་མགྱོགས་མྱུར་ངང་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ནས། སྔ་མོ་ནས་ཟླ་ངོ་བརྒྱད་ལྷག་འགོར་བའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཇུག་སྒྲིལ་དགོས་པའི་འབོད་སྐུལ་བཏང་།

གྲོས་ཆོད་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ15ཁྲོད་ཀྱི་རྒྱལ་ཁབ14ཡིས་རྒྱབ་སྐྱོར་ཐོབ་པ་དང་། ཨུ་རུ་སི་ཡིས་དབང་ཆ་བསྐྱུར་བ་རེད། གྲོས་ཆོད་དེས་དབྱི་སི་རལ་དང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་འགོར་འགྱངས་དང་ཆ་རྐྱེན་ཅི་ཡང་མེད་པའི་སྒོ་ནས་གྲོས་ཆོད་དེ་ཕྱོགས་ཡོངས་ནས་དངོས་འབེབས་བྱེད་དགོས་པའི་སྐུལ་མ་བཏང་།

གྲོས་ཆོད་ལས་དུས་རིམ་གསུམ་དུ་བགོས་ནས་ཅ་ཧྲ་ས་ཁུལ་ནས་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པའི་ཇུས་གཞི་བཏོན། དུས་རིམ་དང་པོར་གཙོ་བོ་མྱུར་མོར་ཕྱོགས་ཡོངས་ནས་འཁྲུག་རྩོད་མཚམས་འཇོག་པ་དང་། བུད་མེད་དང་རྒན་པ། རྨས་མ་བཅས་འདུས་པའི་བཀག་འཇུག་མི་སྣ་ཕྱིར་གཏོང་བ། ཚེ་ལས་འདས་པའི་བཀག་འཇུག་མི་སྣ་སྐོར་ཞིག་གི་བེམ་པོ་ཕྱིར་སྤྲོད་པ། དེ་མིན་བཀག་འཇུག་བྱས་པའི་ཕཱ་ལེ་སི་ཐན་གྱི་མི་དང་བརྗེ་སྤོར་བྱེད་དགོས་ལ། དེའི་ཞོར་དུ་དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་གྱི་མི་མང་བོ་འདུས་སྡོད་བྱེད་པའི་ས་ཁུལ་ནས་ཕྱིར་འཐེན་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་བྱང་ཕྱོགས་ས་ཁུལ་འདུས་པའི་ཅ་ཧྲའི་ས་ཁུལ་སོ་སོར་ཕྱིར་ལོག་ཏུ་འཇུག་དགོས་པར་མ་ཟད། བདེ་འཇགས་ནུས་ལྡན་གྱིས་གཞི་རྒྱ་ཆེ་བའི་སྒོ་ནས་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དངོས་རྫས་བགོ་བཤའ་བྱེད་དགོས་པ་རེད།

གྲོས་ཆོད་ལྟར་ན། དུས་རིམ་གཉིས་པར་དུས་གཏན་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱས་ཤིང་། ཅ་ཧྲ་ས་ཁུལ་ནས་བཀག་འཇུག་བྱས་པའི་མི་སྣ་ཚང་མ་ཕྱིར་གཏོང་བ་དང་། དབྱི་སི་རལ་གྱི་དམག་དཔུང་ཅ་ཧྲ་ས་ཁུལ་ནས་ཕྱིར་འཐེན་བྱེད་དགོས། དུས་རིམ་གསུམ་པར་ཅ་ཧྲ་ས་ཁུལ་ནས་གཞི་རྒྱ་ཆེ་བའི་བསྐྱར་འཛུགས་འཆར་གཞི་ལག་བསྟར་བྱེད་རྒྱུ་མ་ཟད། ཅ་ཧྲ་ས་ཁུལ་ནས་རྐྱེན་ལམ་དུ་ཤོར་བའི་བཀག་འཇུག་མི་སྣའི་བེམ་པོ་ཚང་མ་ཕྱིར་སྤྲོད་དགོས།

གྲོས་ཆོད་ལས་བཤད་རྒྱུར། གལ་ཏེ་དུས་རིམ་དང་པོའི་གྲོས་མོལ་དེ་གཟའ་འཁོར་དྲུག་འགོར་ན། གྲོས་མོལ་མཇུག་སྒྲིལ་རག་བར་དུ་འཁྲུག་རྩོད་མཚམས་འཇོག་དགོས་ཟེར།

གྲོས་ཆོད་ལས་ནན་གྱིས་བསྟན་དོན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཅ་ཧྲ་ས་ཁུལ་དུ་མི་གྲངས་དང་མངའ་ཁོངས་ཀྱི་བསྒྱུར་གང་རུང་སྤེལ་བར་ཁས་ལེན་མ་བྱས་པ་དང་། དེའི་ཞོར་དུ་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རེ་འདུན་སྐོར་གྱི་དམ་བཅའ་བརྟན་པོ་བསྐྱར་སྒྲོག་བྱས།

ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། གྲོས་ཆོད་དེར་གྲོས་འཆམ་བྱུང་བ་ནི་ཡང་དག་པའི་ཕྱོགས་སུ་བགྲོད་པའི་གོམ་པ་དང་པོ་ཡིན་ལ། མིག་སྔའི་ཅ་ཧྲ་ས་ཁུལ་གྱི་མི་དམངས་ལ་དམིགས་པའི་འཐབ་འཁྲུག་དེ་མཚམས་འཇོག་པར་ཕན་ཐོགས་ཡོད་ལ། མི་ཚང་མས་གྲོས་ཆོད་དེ་ལག་བསྟར་བྱེད་པའི་འགན་འཁྲི་ཁུར་དུ་བླངས་ཡོད། གྲོས་ཆོད་དེ་ཕཱ་ལེ་སི་ཐན་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ཧྲིལ་བོ་ནས་དམག་དཔུང་ཕྱིར་འཐེན་བྱེད་པ། རོགས་སྐྱོར་བྱ་བ་སྤེལ་བ། མང་ཚོགས་རྣམས་ཡུལ་འཁྱམ་བྱེད་པར་སྔོན་འགོག་བྱེད་པ་བཅས་ཀྱི་རེ་བ་དང་འཚམ་པ་ཡིན་ལ། ཅ་ཧྲ་ས་ཁུལ་ནི་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཁ་འབྲལ་ཐབས་མེད་པའི་མངའ་ཁོངས་ཀྱི་ཁག་ཅིག་ཡིན་ཟེར།

ཧཱ་མཱ་སི་ཡིས་ཀྱང་ཚེས10ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་བཀོད་པར་དགའ་བསུ་ཞུས་པ་དང་། འདུམ་འགྲིག་ཕྱོགས་བར་མཉམ་ལས་བྱས་ནས། ཅ་ཧྲའི་མི་དམངས་དང་ཧཱ་མཱ་སིའི་རེ་བ་དང་འཚམ་པའི་རྩ་དོན་ལག་བསྟར་བྱས་ཏེ་བརྒྱུད་པའི་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号