[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་ཀྱི་བཙན་པོའི་སྐུ་རིང་ནས་དར་བའི་བོད་ཀྱི་གསང་སྔགས་རིག་གནས་ཀྱི་བྱུང་འཕེལ་ནས་འགོ་བརྩམས་ཏེ། གེ་སར་སྒྲུང་གི་《ལྷ་གླིང་གབ་ཙེ་དགུ་སྐོར་》ནས་《དམྱལ་གླིང་རྫོགས་པ་ཆེན་པོ་》ཡི་བར་དུ། བདེ་སྟོང་ཟུང་འཇུག་དང་། ཡི་དམ་ཞལ་གཟིགས། རྫོགས་པ་ཆེན་པོ་སོགས་སྔ་འགྱུར་རྙིང་མའི་གཞུང་གི་ཆོས་ཀྱི་བརྡ་ཆད་མང་པོ་ཞིག་ཡོད་པ་དེ་ལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དབྱེ་ཞིབ་དཔྱད་པ་བྱས་ཏེ། གེ་སར་སྒྲུང་ལས་མངོན་པའི་གསང་སྔགས་རིག་གནས་དེ་དེང་རབས་སྤྱི་ཚོགས་སུ་སྙིགས་དོར་བཅུད་ལེན་གྱིས་རྒྱུན་འཛིན་དང་། དམངས་བྱིངས་ཀྱི་ལུས་ཕུང་བདེ་ཐང་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་པའི་སྐོར་གླེང་བརྗོད་བྱས་ཡོད།[བརྡ་ཆད་གཙོ་བོ།] གེ་སར་སྒྲུང་། གསང་སྔགས་རིག་གནས། རྒྱུན་འཛིན།[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29.7[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)02-146-12གེ་སར་སྒྲུང་གི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་རིག་གནས་མང་པོ་ཞིག་ཞིབ་འབྲི་བྱས་ཡོད་པ་དང་། དེའི་ཁྲོད་དུ་གསང་སྔགས་རིག་གནས་ཀྱི་སྐོར་ཅུང་མང་པོ་གླེང་བརྗོད་བྱས་ཡོད། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོས་གསང་སྔགས་ཉམས་ལེན་གྱི་སྐབས་སུ་གཞི་འཛིན་སའམ་ཐུན་མིན་གྱི་རྩལ་འདོན་སྟངས་ཐད་ཅུང་མི་འདྲ་བ་སྟེ། དཔེར་ན། རྙིང་མ་བས་རྫོགས་པ་ཆེན་པོ་དང་། བཀའ་བརྒྱུད་པས་ཕྱག་རྒྱ་ཆེན་པོ། ས་སྐྱ་པས་ལམ་འབྲས་གཙོ་བོར་འཛིན་པ་དང་། དེ་བཞིན་བཀའ་གདམས་པས་ལམ་སྒྲོན་ལ་བརྟེན་ཏེ་སྐྱེས་བུ་གསུམ་གྱི་གདམས་པ་གཙོ་བོར་འཛིན་པ་ལྟ་བུ་ཡིན། འོན་ཀྱང་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་མདོ་སྔགས་ཟུང་འབྲེལ་ཡིན་པ་ནི་གཅིག་མཚུངས་ཡིན། གསང་སྔགས་གསར་མས་སྤྱིའི་ཆ་ནས་ཀུན་རིག་དང་། རྒྱུད་རྡོ་རྗེ་རྩེ་མོ། དུས་འཁོར་ལ་སོགས་པ་གཙོ་བོར་འཛིན་པ་རེད། གླིང་སྒྲུང་གི་ཁྲོད་དུ་མངོན་པ་ནི་གཙོ་བོ་རྙིང་མ་བ་དང་བཀའ་བརྒྱུད་པ་གཉིས་ཀྱི་གསང་སྔགས་ཉམས་ལེན་གྱི་གཞུང་ལུགས་ཡིན་ཞིང་། དེ་ལས་ཀྱང་རྙིང་མ་བ་མངོན་པ་ཤས་ཆེ།དང་པོ། བཙན་པོའི་སྐུ་རིང་ནས་དར་བའི་བོད་ཀྱི་གསང་སྔགས་རིག་གནས།ལོ་རྒྱུས་ཡིག་ཆ་ལྟར་ན། སྤྱི་ལོའི་དུས་རབས་ལྔ་པ་ཙམ་སྟེ། བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་རྒྱ་གར་གྱི་རབ་བྱུང་བ་གཉིས་ཀྱིས་མདོ་སྡེ་ཟ་མ་ཏོག་དང་། སྙིང་པོ་ཡི་གེ་དྲུག་མ། དཔང་སྐོང་ཕྱག་བརྒྱ་བ། གསེར་གྱི་མཆོད་རྟེན་ཞིག་བཅས་བོད་ལ་ཁྱེར་ཡོང་བ་དང་། དེ་དག་ལས་མདོ་སྡེ་ཟ་མ་ཏོག་ནི་རྒྱ་གར་གྱི་ནང་པའི་གཞུང་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཏེ། སྤྱན་རས་གཟིགས་ཀྱིས་རིགས་དྲུག་སེམས་ཅན་གྱི་དོན་མཛད་ཚུལ་དང་། ཡི་གེ་དྲུག་མ་རྣལ་འབྱོར་དུ་བྱས་པའི་ཕན་ཡོན་རྒྱས་པར་སྟོན་པ་ཞིག་ཡིན་པ་དང་། མཆོད་རྟེན་ནི་ཕལ་ཆེ་བ་སངས་རྒྱས་དཀོན་མཆོག་གི་ཐུགས་ཀྱི་ཡོན་ཏན་མཚོན་པའི་རྟེན་མཆོད་པ་སོགས་དབུལ་བྱའི་ཡུལ་དུ་གྱུར་བ། སྙིང་པོ་ཡི་གེ་དྲུག་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིན་པ། དཔང་སྐོང་ཕྱག་བརྒྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་བརྒྱ་དང་། སྐྱབས་ཡུལ་ལ་མཆོད་པ། བཤགས་པ་བྱེད་པ། སྨོན་ལམ་འདེབས་པ། རྗེས་སུ་ཡི་རང་བ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བཅས་ལས་བརྩམས་པའི་མདོ་ཞིག་ཡིན། འོན་ཀྱང་སྐབས་དེར་བོད་ཡུལ་དུ་ཆོས་སྤེལ་བའི་ཆ་རྐྱེན་མ་འཇོམས་པས། དེ་དག་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་བ་དང་། ཕོ་བྲང་ཡུམ་བུ་བླ་སྐང་དུ་གདན་དྲངས་ཏེ་མཆོད་པ་མཛད། སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ། བཙན་པོ་སྲོང་བཙན་སྐམ་པོས་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ནས་བོད་ཁམས་གཅིག་གྱུར་མཛད་ཅིང་སྤུ་རྒྱལ་བཙན་པོའི་སྲིད་དབང་བཙུགས་གནང་བ་དང་། བཙན་པོ་ཚང་གི་སྲིད་དབང་སྔར་བས་སྲ་བརྟན་དུ་གཏོང་ཆེད། སྤོབས་པ་ཆེན་པོས་བགེགས་རིགས་ཐམས་ཅད་མེད་པར་བཟོས་པས། བན་དེའི་ཆོས་ལུགས་གཞི་ནས་བོད་ཡུལ་དུ་དར་འགོ་ཚུགས། སྐབས་དེར་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་འུན་ཤིང་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་བཙུན་མོར་བསུས་པ་དེ་དང་བོད་ཡིག་གསར་དུ་བཟོས་པ་དེས། བོད་དུ་བན་དེའི་ཆོས་ལུགས་དར་སྤེལ་དང་བསྒྱུར་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྐབས་དེར་བོད་དུ་བསྒྱུར་བའི་ནང་བསྟན་བསྟན་བཅོས་མང་པོའི་ཁྲོད་དུ་བསྟན་བཅོས་བདུན་བརྒྱད་ཙམ་ནི་གསང་སྔགས་སྐོར་གྱི་བསྟན་བཅོས་ཡིན། དེ་དག་ལས་ཤེས་ཐུབ་པ་ནི། སྐབས་དེར་བཙན་པོ་ཚང་གིས་བན་དེའི་ཆོས་ལུགས་ཀྱི་མདོ་ཕྱོགས་དང་ལེན་མཛད་པའི་ཞོར་དུ་སྔགས་ཕྱོགས་ཀྱང་དང་ལེན་གནང་ཡོད་པ་དེ་ཡིན། འོན་ཀྱང་བན་དེའི་ཆོས་ལུགས་དང་། ལྷག་པར་དུ་གསང་སྔགས་ཆོས་ལུགས་དེ་བཞིན་གཞི་རྒྱ་ཆེན་པོས་བོད་དུ་དར་བའི་དུས་སྐབས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཙམ་ནས་ཡིན་པ་ལོ་རྒྱུས་ཆོས་འབྱུང་དེབ་ཐེར་ཁག་ལས་ཤེས་ཐུབ་པ་ཡིན་ཏེ། སྐབས་དེར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་བློན་འབངས་ཐམས་ཅད་ནས་བན་དེའི་ཆོས་ལུགས་ལ་དད་པ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་ཆེད། ཐོག་མར་བལ་པོའི་ཡུལ་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པ་དང་། མཁན་ཆེན་ཞི་བ་འཚོས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གཙོས་བློན་འབངས་རྣམས་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་སོགས་བན་དེའི་ཆོས་ལུགས་ཀྱི་སྡོམ་ཁྲིམས་དང་རྨང་གཞིའི་ཤེས་བྱ་གསུངས། འོན་ཀྱང་དུས་སྐབས་དེར་བོན་པོའི་སྟོབས་ཤུགས་ཀྱི་ངོ་རྒོལ་དྲག་པོའི་འོག་མཁན་ཆེན་མཆོག་རེ་ཞིག་ཕྱིར་བལ་ཡུལ་དུ་མི་ལོག་ཀ་མེད་བྱུང་། དེའི་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོའི་བཀའ་བཀོད་ལྟར་རྒྱ་གར་ཨོ་རྒྱན་ཡུལ་གྱི་གསང་སྔགས་མཁན་པོ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསང་སྔགས་ཀྱི་“མཐུ་” ལ་བརྟེན་ནས་བོན་གཤེན་དང་འཐབ་ཅིང་། བོན་གྱི་ཆོས་སྲོལ་བྱེད་སྒོ་མང་པོ་ཞིག་ལ་བསྒྱུར་བཅོས་ཀྱིས་གསང་སྔགས་ཀྱི་ཁྲོད་དུ་འཐིམས་པར་མཛད་ལ། བོན་གཤེན་མང་པོ་ཞིག་འདུལ་བའི་ཞོར་དུ་བོན་གྱི་ལྷ་སྲིན་མང་པོ་བཏུལ་ནས་བན་གྱི་བསྟན་སྲུང་དུ་བཀོལ་གནང་བ་དང་། བོན་ཀྱི་ལྟ་བ་དང་བསམ་བློ་མང་པོ་ཞིག་བན་ཆོས་ཀྱི་ནང་དུ་བསྡུས་ནས་བོད་མིའི་གཉུག་མའི་རིག་གནས་ཏེ། བོན་གྱི་འདུ་ཤེས་དང་འཚམ་པར་མཛད། མ་ཟད་མཁན་ཆེན་ཞི་བ་འཚོདང་མཉམ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གཞོགས་འདེགས་ཀྱིས་སྤྱི་ལོ་༧༦༦ལོམ བོད་ཀྱི་ཆེས་ཐོག་མའི་གཙུག་ལག་ཁང་སྟེ། བསམ་ཡས་གཙུག་ལག་ཁང་བཞེངས་ནས་བོད་བརྒྱུད་ནང་བསྟན་དང་། ལྷག་པར་དུ་རྙིང་མ་བའི་གྲུབ་མཐའ་བོད་དུ་རྐང་ཚུགས་པར་ཐོག་མའི་རྨང་གཞི་བཏིང་། བསམ་ཡས་གཙུག་ལག་ཁང་ནི་ཆེས་ཐོག་མར་གསང་སྔགས་བརྒྱུད་སྤེལ་བྱེད་སའི་དགོན་པ་ཞིག་ཡིན་ཞིང་། བསམ་ཡས་གཙུག་ལག་ཁང་བཞེངས་པ་ནས་བཟུང་། མདོ་སྔགས་གཉིས་ཀྱི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བས། གསང་སྔགས་ཉམས་ལེན་གྱི་གདམས་པ་བོད་དུ་དར་བ་ལ་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། སྐབས་དེར་བོད་དུ་བསྒྱུར་བའི་གསང་སྔགས་ཀྱི་བསྟན་བཅོས་སྐོར་ལ་པེ་རོ་ཙ་ནའམ་རྣམ་པར་སྣང་མཛད་སོགས་ཀྱིས་བསྒྱུར་བའི་《ཀུན་བྱེད་རྒྱལ་པོའི་མདོ་》དང་《དགོངས་པ་འདུས་པའི་མདོ་》སོགས་ཡོད་པས་མི་ཚད། ད་དུང་སློབ་དཔོན་ཆོས་ཀྱི་གྲགས་པའི་《རྡོ་རྗེ་དབྱིངས་ཀྱི་མན་ངག་གསང་བའི་སྤྱི་རྒྱུད་》དང་། བི་མ་ལ་མི་ཏྲའམ་དྲི་མེད་བཤེས་གཉེན་གྱི་《གསང་བ་སྙིང་པོ་རྡོར་སེམས་སྒྱུ་འཕྲུལ་གྱི་ཁོག་གཞུང་》སོགས་ཡོད། ལོ་རྒྱུས་དེབ་ཐེར་ལས། སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་གཉིས་ལ་རྟ་མགྲིན་དང་རྡོ་རྗེ་ཕུར་པ་སོགས་གསང་སྔགས་སྒྲུབ་ཐབས་ཀྱང་གནང་བར་བཤད། སློབ་དཔོན་པདྨ་འབྱུང་གནས་རང་ལ་བདེ་སྟོང་ཟུང་མཇུག་གི་སྒོ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྒོམ་པའི་མཁའ་འགྲོ་མ་ལྔ་ཡོད་པ་དང་། དེའི་ནང་གི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན། བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྔ་དར་གྱི་སྐབས་སུ། སྲིད་གཞུང་ནས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྐོར་བསྒྱུར་མི་ཆོག་པའི་བཀའ་རྒྱ་ནན་པོ་བསྒྲགས་ཡོད་པས། དེ་ཉིད་དར་ཁྱབ་ཆེན་པོ་བྱུང་མེད་མོད། རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྒོམ་ཐབས་དེ་ཉིད་བཙན་པོའི་སྲིད་གཞུང་ནང་ཁུལ་དུ་ཁྱབ་འགོ་ཚུགས་ཡོད། གསང་སྔགས་ཁྲོད་ཀྱི་རྒྱུད་སྡེ་གཞན་གསུམ་ནི་བོད་ཀྱི་དམངས་ཁྲོད་དུ་དགེ་སློབ་དང་། ཕ་བུ། ཁུ་ཚན། སྤུན་མཆེད་སོགས་ཀྱི་དབར་གསང་བའི་སྒོ་ནས་བརྒྱུད་འཕེལ་བྱུང་ཡོད་ལ། རིམ་བཞིན་བོད་རང་སའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཏུ་གྱུར་ཡོད་པ་རེད། དེའི་རྐྱེན་གྱིས་གླང་དར་མས་བན་ཆོས་བསྣུབས་པའི་སྐབས་སུའང་གསང་སྔགས་ཀྱི་སྐོར་མ་ནུབ་པར་གནས་ཐུབ་པ་བྱུང་། དེ་བས་གསང་སྔགས་རྙིང་མའི་སྐོར་ནི་བསྟན་པ་ཕྱི་དར་སྐབས་སུ་རྙིང་མ་བའི་ཆོས་གཞུང་གཙོ་བོར་གྱུར། རྙིང་མ་བས་ཁོ་ཚོའི་གྲུབ་མཐའ་ནི་གྲུབ་མཐའ་གཞན་ལས་ལོ་སུམ་བརྒྱ་ཙམ་གྱིས་བྱུང་སྔ་བར་བཤད་མོད། དོན་ལ་ཁོ་ཚོ་དངོས་སུ་གྲུབ་མཐའ་ཞིག་ཏུ་གྱུར་བ་ནི་དུས་རབས་བཅུ་གཅིག་པར་བྱོན་པའི་ཟུར་མེས་དབོན་རྣམ་གསུམ་དང་། རོང་ཟོམ་ཆོས་བཟང་སོགས་ཀྱིས་རིམ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཉིད་སློབ་དཔོན་གྱི་ཨ་མེས་ཡང་མེས་ལྟར་བསྟེན་ཅིང་། སློབ་དཔོན་ནས་བརྒྱུད་པའི་གསང་སྔགས་བཀའ་མ་དང་གཏེར་མ་སོགས་བསླབ་བྱ་གཙོ་བོར་བཟུང་སྟེ། དགོན་པ་བཞེངས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་བའི་དུས་དེ་དག་ཙམ་ནས་ཡིན་ངེས། རྙིང་མ་བའི་ཆོས་གཞུང་ལའང་རང་རང་གི་བླ་བརྒྱུད་མི་འདྲ་མོད། “ཐེག་པ་རིམ་པ་དགུའི་དང་པོ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་ལ་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཟེར། དེ་གསུམ་མདོ་ཕྱོགས་རེད། གཉིས་པ་ཀྲི་ཡོག་སྡེ་གསུམ་མམ་བྱ་རྒྱུད་(ཀྲི་ཡ་)སྤྱོད་རྒྱུད་(ཨུ་པ་)རྣལ་འབྱོར་རྒྱུད་(ཡོ་ག་)གསུམ་ལ་ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཟེར། དེ་ནི་ཡོངས་གྲགས་རྒྱུད་སྡེ་འོག་མ་གསུམ་ཟེར་བ་དེ་ཡིན། གསུམ་པ་བསྐྱེད་པ་མ་ཧཱ་ཡོ་ག་(རྣལ་འབྱོར་ཆེན་པོ་) ལུང་ཨ་ནུ་ཡོ་ག་(རྗེས་སུ་རྣལ་འབྱོར་)རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་(ཤིན་ཏུ་རྣལ་འབྱོར་)གསུམ་ལ་གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཟེམ དེ་གསུམ་ནི་གསང་སྔགས་བླ་མེད་ཅེས་གྲགས་པ་དེའོ། ། གསུམ་ཚན་གཉིས་པ་གསུམ་དང་གསུམ་པ་གསུམ་སྟེ་དྲུག་ལ་རྒྱུད་སྡེ་དྲུག་ཅེས་ཀྱང་བྱ་ལ་སྔགས་ཕྱོགས་ཡིན། ཕྱི་མ་གསུམ་ལ་ནང་རྒྱུད་སྡེ་གསུམ་ཡང་ཟེར། དེའི་ཕྱི་མ་ཨ་ཏི་ཡོ་ག་ལ་རྫོགས་པ་ཆེན་པོ་ཞེས་བྱ་ལ་དེ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་ཡོད། མན་ངག་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་ཏེ་སྐོར་ཚོ་ཆེན་པོ་བཞི་ཡོད་ལ་དེ་སོ་སོར་རྒྱུད་སྡེའི་མཚན་གཞི་མང་དུ་འབྱུང་བ་ཡིན་”①ཞེས་གླིང་སྒྲུང་《བདུད་འདུལ་》ལས་བྱུང་། རྙིང་མ་བའི་ཚབ་མཚོན་མི་སྣ་ཀློང་ཆེན་རབ་འབྱམས་པའི་(སྤྱི་ལོ་༡༣༠༨ནས་༡༣༦༤)སྐུ་དུས་སུ། ཁོང་གིས་རྙིང་མ་བའི་གསང་སྔགས་སྐོར་ལ་སྤྱི་བསྡོམས་དང་ཕྱོགས་བསྒྲིགས་མཛད་པ་ཕུད། ད་དུང་གསུང་འབུམ་པོད་མང་པོ་(ཀློང་ཆེན་མཛོད་བདུན་ཞེས་པ་ནི་ཉིང་བཅུད་ཡིན་) མཛད་པ་དང་། རྫོགས་པ་ཆེན་པོ་སྙིང་ཐིག་སོགས་རྒྱ་ཁྱབ་ཀྱིས་སྤེལ་གནང་བས། རྗེས་རབས་པས་ཁོང་ལ་གུས་བཀུར་ཆེན་པོ་ཞུས་པ་རེད།མདོར་ན། ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས་བན་ཆོས་སྤེལ་གནང་བ་དང་། ཡང་དང་ཡང་དུ་བོན་པོ་དག་དང་འཐབ་ནས་རྒྱལ་ཏེ་བན་ཆོས་བོད་དུ་གཞི་ཚུགས་པའི་སྐབས་སུ། སློབ་དཔོན་ཁོང་གི་རྗེས་འཇུག་པ་དག་གིས་ཐོག་མའི་དུས་ཡིན་ནའང་ཆོགདེའི་རྗེས་སུ་ཡིན་ནའང་ཆོག གང་ལྟར་སློབ་དཔོན་ཁོང་ལས་བརྒྱུད་པའི་གསང་སྔགས་རྣམས་ས་གནས་ཀྱི་ཁྱད་ཆོས་དང་བསྟུན་པ་སྟེ། བོད་ཀྱི་གདོད་མའི་རྣམ་པ་སྲུང་འཛིན་གྱི་རྨང་གཞིའི་སྟེང་ནས་སྤེལ་བས། བོད་དུ་གསང་སྔགས་དར་འཕེལ་བྱུང་བ་མ་ཟད། པདྨ་འབྱུང་གནས་སློབ་དཔོན་དུ་མི་བཀུར་མཁན་མེད་པར་གྱུམ ལྷག་པར་དུ་དུས་རབས་བཅུ་གཉིས་པའི་ཡས་མས་སུ་རྙིང་མ་བའི་ཁྲོད་དུ་གཅིག་རྗེས་གཉིས་མཐུད་ཀྱིས་གཏེར་སྟོན་པ་མང་པོ་བྱུང་ནས་གཏེར་མང་པོ་བཏོན་པ་དང་། སློབ་དཔོན་པདྨའི་གོ་གནས་སྔར་བས་ཇེ་མཐོར་སོང་བས། དེའི་རྐྱེན་གྱིས་གེ་སར་སྒྲུང་གི་ཁྲོད་དུའང་སློབ་དཔོན་པདྨ་འབྱུང་གནས་ཆེས་མཐོ་སར་བཀུར་ནས་བསྟོད་ཡོད་ལ། གེ་སར་སྒྲུང་གི་སྒྲིག་གཞི་སྤྱིའི་ཁྲོད་དུ་སློབ་དཔོན་པདྨས་གོ་གནས་གལ་ཆེན་བཟུང་ཡོད། དེ་ནི་གེ་སར་སྒྲུང་བྱུང་བའི་སྤྱི་ཚོགས་རྒྱབ་ལྗོངས་དང་རྙིང་མ་བའི་གྲུབ་མཐའི་སྒྲིག་གཞིའི་དབར་འབྲེལ་བ་དམ་པོ་ཡོད་པ་ལས་བྱུང་བ་ཞིག་རེད། རྙིང་མ་བའི་གྲུབ་མཐའི་ཁེབས་རྒྱ་ཐར་ཐོར་ཡིན་པ་དང་། དགེ་སློབ་ཕྱོགས་སོ་སོར་གནས་པ་དང་། ལྷག་པར་དུ་མང་ཆེ་ཤོས་འབྲོག་ཁུལ་དུ་ཁ་འཐོར་ངང་གནས་ཏེ། རྙིང་མ་བ་ཁྱིམ་པ་རྣམས་ཀྱིས་ཆུང་མ་ལེན་ཞིང་བུ་ཕྲུག་བཙའ་ཆོག་པ་མ་ཟད། ད་དུང་ཐོན་སྐྱེད་ལས་ཀར་ཞུགས་པས། འབངས་མི་སེར་དང་འབྲེལ་བ་དམ་ཟབ་ཆགས་ཡོད། འདིར་གསལ་བཤད་ཞུ་དགོས་པ་ནི། གེ་སར་སྒྲུང་གི་ཁྲོད་དུ་གྲུབ་མཐའ་གཞན་དག་གི་གསང་སྔགས་ཉམས་ལེན་བྱེད་ཐབས་གཏན་ནས་མེད་པ་མ་ཡིན་ཏེ། དཔེར་ན་གེ་སར་སྒྲུང་ལ་བཀའ་བརྒྱུད་པའི་ཆོས་གཞུང་གི་ཤན་ཤུགས་ཀྱང་མང་པོ་ཐེབས་ཡོད་ཅེས་ཞུ་རྒྱུ་དེ་ཡིན།གཉིས་པ། གེ་སར་སྒྲུང་ལས་མངོན་པའི་བོད་ཀྱི་གསང་སྔགས་རིག་གནས།གེ་སར་སྒྲུང་གི་ཁྲོད་དུ་གསང་སྔགས་རིག་གནས་ནི་ཕྱོགས་གཉིས་ནས་མངོན་ཡོང་བ་སྟེ། གཅིག་ནི་སྒྲུང་ནང་གི་མི་སྣ་གཙོ་བོ་དག་གི་སྐད་ཆ་ལས་མངོན་པ་སྟེ། དེ་ནི་སྤྱིའི་ཆ་ནས་གསང་སྔགས་ཀྱི་ཉམས་ལེན་བྱ་ཐབས་སྣ་ཚོགས་ངོ་སྤྲོད་ཙམ་ལས་ཇི་ལྟར་ཉམས་ལེན་བྱེད་ཚུལ་བྱེ་བྲག་གིས་ཞིབ་འབྲི་བྱས་པ་ལས་མངོན་པ་ཞིག་མིན་པ་དང་། གཉིས་ནི་སྒྲུང་ནང་གི་ཡུལ་བརྙན་སྣ་ཚོགས་དང་གཏམ་རྒྱུད་ཀྱི་སྒྲིག་གཞི་སྣ་ཚོགས། མི་སྣའི་བྱ་བྱེད་སོགས་ལ་བརྟེན་ནས་ཅུང་ཞིབ་ཆ་ལྡན་པའི་སྒོ་ནས་གསང་སྔགས་ཀྱི་ནུས་པ་དང་རྣམ་པ་དག་ངོ་སྤྲོད་བྱས་པ་ལས་མངོན་གྱི་ཡོད། དེ་ཡང་གི་སར་སྒྲུང་ནང་དུ་གསང་སྔགས་ཀྱི་ནུས་པ་དང་རྣམ་པ་དག་རྒྱུན་པར་ལྷ་སྒྲུང་མང་པོ་ཞིག་དང་འབྲེལ་ནས་བྱུང་བ་དང་། བལྟས་ཚོད་ཀྱིས་ལྷ་སྒྲུང་ཞིག་ཏུ་སྣང་མོད། དོན་དངོས་སུ་དེ་དག་ནི་གསང་སྔགས་ཉམས་ལེན་བྱེད་མཁན་ལ་ཐོབ་པའི་གྲུབ་པ་སྣ་ཚོགས་ཀྱི་སྣང་ཚུལ་ཞིག་རེད། འདིར་རེ་རེ་བཞིན་བཤད་དཀའ་ནའང་། ཚབ་མཚོན་རང་བཞིན་གྱི་དཔེ་འགའ་བཀོད་ནས་མདོར་བསྡུས་ཤིག་བཤད་ན་འདིལྟར།གཅིག བདེ་སྟོང་ཟུང་འཇུགསྒྲུང་དཔེའི་ནང་དུ། “འཛམ་གླིང་སེང་ཆེན་རྒྱལ་པོ་དེ་ཉིད་ཡི་དམ་གུ་རུ་དྲག་པོའི་བསྙེན་མཚམས་ལ་བཞུགས་ནས་ཡོད་པའི་སྐབས། ནག་ཟླའི་ཚེས་བཅུའི་ཐོ་རངས་ཁར་ནམ་མཁའ་འཇའ་ཡི་གུར་ཁང་ནས། ཨོ་རྒྱན་པདྨ་འབྱུང་གནས་ལ་མ་རྒྱུད་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ལུང་བསྟན་རྡོ་རྗེའི་རང་སྒྲ་འདི་གསུངས་པ་སྟེ། ང་འདྲ་རྒྱལ་བའི་གདུང་འཚོབ་ལ། །གསང་སྔགས་སྟོན་པ་པདྨ་འབྱུང། །བུ་གེ་སར་ཡེ་ཤེས་ལྷ་ཡི་སྲས། །དུག་མ་རིག་གཉིད་ཀྱི་རང་བཞིན་དེ། །ངོ་ཤེས་ན་འོད་གསལ་ཆོས་སྐུ་ཡིན། །དོན་དེ་ཕྱིར་སྡུག་བསྔལ་མ་ཁྱེར་ཟེར། །སེམས་སྟོང་ཉིད་ངང་ནས་ཡར་ལ་བཞེངས། །ངག་གྲག་སྟོང་ངང་ནས་སྙན་གྱིས་གསོན། །དོན་བདེ་སྟོང་ངང་ནས་ཐུགས་ལ་ཞོག །”②ཅེས་བྱུང་བ་བཞིན། བདེ་སྟོང་ཟུང་འཇུག་ནི་གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྒོམ་རྩལ་ཁྱད་པར་བ་ཞིག་དང་སྒོམ་པའི་རིམ་པ་གཙོབོ་ཞིག་ཡིན། དེ་དང་མདོ་ཕྱོགས་ཀྱི་འདོད་ལོག་ཆོས་ཀྱི་གེགས་ཞེས་པའི་ལྟ་བ་གཉིས་མི་མཐུན། དེ་བཞིན་《རྒྱུད་རྡོ་རྗེ་རྩེ་མོ་》ལས། “ཨེ་མའོ་རང་བཞིན་རྣམ་པར་དག །དྲི་མར་རྗེས་འབྲེལ་ཆགས་རང་བྱུང། །འདོད་ཆགས་བྲལ་བས་རྣམ་དག་ཕྱིར། །དྲི་མ་ཡིས་ནི་འདུལ་བར་བྱེད། །”ཅེས་བདེ་སྟོང་ཟུང་འཇུག་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་། ཉོན་མོངས་དེ་ག་ལམ་དུ་བྱེད་པའི་ཐབས་ཤིག་ཡིན་པ་གསལ་པོར་གསུངས་ཡོད། དེའི་ཕྱིར། གངས་ཅན་གྱི་ལྗོངས་སུ་གསང་སྔགས་ཀྱི་སྟོན་པ་པདྨ་འབྱུང་གནས་ཀྱིས་སྣོད་དུ་རུང་བའི་ཡེ་ཤེས་ལྷ་ཡི་སྲས་པོ་གེ་སར་ལ། མ་རིག་པའི་རྨོངས་གཉིད་ལས་སད་ཕྱིར་དུག་ལྔའི་རང་བཞིན་ངོ་ཤེས་ནས་དྲང་ལམ་ལ་ཕྱོགས་དགོས་པ་དང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་བརྟེན་ནས་གོ་དཀའ་བའི་གནས་ལུགས་ལ་རྒྱུས་ལོན་གཏིང་ཟབ་དགོས་པའི་ལུང་བསྟན་དང་བསླབ་བྱ་གནང་བར་བརྗོད་པ་རེད། དེས་ན་གཤམ་བཀོད་ཀྱི་དཔེར་བརྗོད་ལས་བདེ་སྟོང་ཟུང་འཇུག་ཅེས་པ་ནི་ག་འདྲ་ཞིག་ཡིན་མིན་སྔར་བས་ཇེ་གསལ་དུ་འགྲོ་སྟེ། “དེ་ནས་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་ཡར་ངོའི་ཚེས་བཅུའི་ཉིན། འཆི་མེད་པདྨ་ཐོད་ཕྲེང་དེ་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། ཆོས་དབྱིངས་ཁྱབ་བརྡལ་གྱི་ཏིང་ངེ་འཇི་ན་ལ་ཞུགས་ཏེ། དབུ་གཙུག་ནས་འོད་ཟེར་ལྗང་གུ་ཞིག་གིས་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་རྒྱུད་བསྐུལ་བ་དང་། ཆོས་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཞིག་འཕྲོས་ཏེ་རྩ་གསུམ་དགའ་བའི་ཚལ་ན་ལྷ་སྲས་བདེ་མཆོག་དཀར་པོའི་སྤྱི་བོ་ནས་ཞུགས་པས། བརྗོད་མེད་ཀྱི་བདེ་བ་སྐྱེས་ཏེ་དཔའ་བོ་རྟ་མགྲིན་དུ་གྱུར་བའི་སྣང་བ་ཤར། ཡུམ་མཆོག་ནམ་མཁའི་དབྱིངས་ཕྱུག་མའི་ཐུགས་ཀ་ནས་པདྨ་དམར་པོ་འདབ་མ་བཅུ་དྲུག་ཟེའུ་འབྲུ་ལ་ཨཱཿཡིས་མཚན་པ་ཞིག་འཕྲོས་ཏེ་ལྷ་མོ་སྒྱུ་མ་བདེ་མཛེས་མའི་སྤྱི་བོར་ཞུགས། བརྗོད་མེད་ཀྱི་ཉམས་འབར། རྡོ་རྗེ་ཕག་མོའི་སྐུར་གྱུར་བའི་སྣང་བ་ཤར། རྟ་ཕག་ཡབ་ཡུམ་མ་ཆགས་ཐབས་ཀྱིས་སྦྱོར་བས། བདེ་སྟོང་ཟུང་འཇུག་གི་ངང་ལས་སྙོམས་པར་ཞུགས་པའི་སྒྲས་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་ཏེ། བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས། ཚུར་འདུས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ངོ་བོ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཞིག་གི་རྣམ་པར་གྱུར། བདེ་མཆོག་དཀར་པོའི་སྤྱི་བོ་ནས་ཞུགས་པ་དེ་ཉིད་བདེ་ཆེན་གྱི་མེས་ཞུ་ནས། སྒྱུ་མ་ལྷ་མཛེས་ཀྱི་མཁའ་དབྱིངས་སུ་ཡེ་ཤེས་རླུང་གི་རང་བཞིན་སྤྲུལ་བའི་སྐུར་བྱིན་གྱིས་བརླབས་ཏེ། མི་རིང་བར་ཉིད་ནས་ལྷ་ཕྲུག་གཟི་བྱིན་འོད་དུ་འབར་བ་མཐོང་ན་གྲོལ་ཞིང་ཐོས་ན་དགའ་བ་ཞིག་ལྷ་མོ་སྒྱུ་མ་མཛེས་ལྡན་གྱི་པང་དུ་བརྫུས་ཏེ་སྐྱེས་མ་ཐག་ཡི་གེ་བརྒྱ་པའི་སྔགས་སྒྲ་སྒྲོག་པ་ཞིག་འཁྲུངས། གསེར་གྱི་པདྨ་འདབ་མ་བརྒྱད་པ་ཞིག་གི་ཁར་མདའ་གང་མཚམས་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་”③ཞེས་པ་ལྟར། ཕྱག་རྒྱ་མ་ལ་དབྱེ་ན་ཡེ་རྒྱ་དང་ལས་རྒྱ་གཉིས་ཡོད་ལ། ཡེ་རྒྱ་ནི་གདོས་བཅས་མ་ཡིན་པར་ཟུང་འཇུག་གི་སྐབས་སྒོམ་པ་ལ་བརྟེན་དགོས་པ་དང་། ལས་རྒྱ་ནི་དངོས་རིག་སྟེ། ཤ་ཁྲག་གདོས་བཅས་ལ་གོ་བ་ཡིན། དེ་བས་གོང་གི་དཔེར་བརྗོད་གཉིས་ལས་བདེ་སྟོང་ཟུང་འཇུག་གི་ཡེ་རྒྱ་ནི་དངོས་རིག་མ་ཡིན་པར་སྒོམ་པ་ལ་བརྟེན་དགོས་པ་ཤེས་ནུས། འབྲེལ་ཡོད་དཔྱད་ཡིག་ཁག་གཅིག་གིས། “སྒོམ་སྟངས་འདིས་སེམས་ཅན་གྱི་ཆགས་པ་ཞུ་བར་བྱེད་པ་དང་། ཉོན་མོངས་བཏུལ་ནས་བྱང་ཆུབ་ཀྱི་གོ་འཕང་འཐོབ་ངེས་པ་དང་། དུག་གིས་དུག་སེལ་བའི་དཔེ་ལྟར་འདོད་སྲེད་ཀྱང་ཞུ་བར་བྱེད། དེས་ན་དེ་དང་འདོད་སྲེད་གཉིས་རྩ་བ་ནས་མི་གཅིག རྣལ་འབྱོར་བླ་མེད་རྒྱུད་ཀྱིས་བདེ་སྟོང་ཟུང་འཇུག་གི་ཐབས་ཀྱིས་གཏུམ་མོའི་མེ་དྲོད་སྒོམ་སླ་བར་འདོད་དེ། སྤྱིར་ཐིག་ལེ་དང་རྩ་རླུང་རྣམས་ཀྱི་འདུ་བྱེད་ལ་བརྟེན་ཏེ་ཐབས་ཟབ་མོའི་གནད་དང་མི་ལྡན་པར་འདོད་སྲེད་ཀྱི་དབང་གིས། མཐར་ཁམས་དཀར་དམར་མར་དོན་ཆེན་པོ་མེད་པར་འཕོ་འགྲོ་བའམ་རྒུད་འགྲོ་བ་སོགས་ཡིན་ཞིང། ལྡོག་སྟེ་བདེ་སྟོང་ཟུང་འཇུག་གི་ཉམས་ལེན་ཡིན་ན་རྣལ་འབྱོར་གྱི་སྒོམ་པས་རིམ་བཞིན་བདེ་བ་བཞི་མྱོང་མཐར་སེམས་ཀྱི་རང་གཤིས་གསལ་ཞིང་ཤེས་རབ་ཆེན་པོ་ཐོབ་”④པར་འདོད། གོང་གསལ་ལྷ་སྲས་ཐོས་པ་དགའ་སྐུ་བལྟམས་པའི་བརྒྱུད་རིམ་དེ་ལས། ཁ་གསལ་ཞིང་གོ་འཛོལ་མེད་པའི་སྒོ་ནས་གསང་སྔགས་ཀྱི་ལྟ་གྲུབ་བརྒྱུད་སྤེལ་བྱས་ཡོད་ལ། ངོས་འཛིན་དེ་འདྲར་གཞི་བྱས། ད་གཟོད་《འཁྲུངས་གླིང་མེ་ཏོག་ར་བ་》ལས་ཇོ་རུ་སྐུ་འཁྲུངས་ཁ་མར། “སྤྱི་བོ་བདེ་ཆེན་འཁོར་ལོ་གཅིག །མགྲིན་པ་ལོངས་སྤྱོད་འཁོར་ལོ་གཉིས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་གསུམ། །ལྟེ་བ་སྤྲུལ་པའི་འཁོར་ལོ་བཞི། །གསང་གནས་བདེ་སྐྱོང་འཁོར་ལོ་ལྔ། །གར་འོང་གཏམ་ལན་ཨ་མས་གྱིས། །”⑤ཞེས་པ་དང་། ཨ་མས་ཀྱང། “མགྲིན་པ་སྙིང་ཁ་ལྟེ་བ་གསུམ། །མི་གཡོ་བཞུགས་པའི་རྩ་འཁོར་ཡིན། །སྤྱི་གསང་གཉིས་ཀྱི་རྩ་འཁོར་དེ། །འགྲོ་དང་འོང་ཡའི་སྒོ་མོ་ཡིན། །སྤྱི་བོ་ནས་བརྒྱུད་བདེ་སྐྱོང་གི །གནས་ནས་བྱོན་དང་རྟེན་འབྲེལ་ཡོད། །འཁོར་ལྔའི་རྩ་ལ་བཟང་ངན་མེད། །བླ་མ་བྱིན་རླབས་འཐིབས་སེ་ཡོད། །དགྲ་ལྷ་སྤྲིན་ཕུང་འཁྲིགས་འདྲ་གདའ། །ཝེར་མ་སྦྲང་ཆར་བབས་བབས་རེད། །ཆོས་སྐྱོང་གློག་དམར་འཁྱུག་འཁྱུག་རེད། །མཁའ་འགྲོ་གར་སྟབས་ཤིགས་སེ་འདུག །མ་བཞུགས་ལྷ་སྲས་འབྱོན་རྒྱུ་བྱོས། །ལྷ་ཨོ་རྒྱན་པདྨའི་ཚེ་ཆུ་དང་། །གྲུབ་པའི་རྒྱལ་མོའི་བདུད་རྩི་ཡོད། །བདུད་བཞི་དམ་ལ་ཐོགས་པར་ཤོག །མཐའ་བཞི་བྲན་དུ་འགྱུར་བར་ཤོག །སྐུ་ཚེ་མཐའ་རུ་ཕྱིན་པར་ཤོག །ཁམས་གསུམ་དབང་དུ་འདུས་པར་ཤོག །སྲིད་གསུམ་ཟིལ་གྱིས་གནོན་པར་ཤོག །ལྷ་གོང་མའི་འགྲོ་དོན་འགྲུབ་པར་ཤོག །མ་མཁའ་འགྲོའི་བདེན་ཚིག་འགྲུབ་པར་ཤོག །”⑥ཅེས་གསུངས་པ་མ་ཟད། དེའི་ཚེ་བླ་མ་པདྨ་འབྱུང་གནས་ཀྱིས་བཀྲ་ཤིས་སྨོན་ལམ་བདེན་ཚིག་གསུངས་པ་དང་། ལྷ་རྣམས་ཀྱིས་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་ཕབ། འཇའ་འོད་ཀྱི་གུར་ཕུབ། གུ་རུས་ལྷ་བུ་ལ་མཚན་འཛམ་གླིང་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་ཞེས་གསོལ་བས། ཇོ་རུ་དེ་ཉིད་སྐུ་གསུམ་ཡོན་ཏན་ལ་མངའ་བརྙེས་ཤིང་ཞི་དྲག་ལས་ཐབས་ལ་དབང་འབྱོར་ཏེ། ཡོན་ཏན་དང་གཟི་བྱིན་སྲིད་ན་འགྲན་ཟླ་དང་བྲལ་བར་གྱུར་བའི་སྐོར་བརྗོད་ཡོད།གཉིས། ཡི་དམ་ཞལ་གཟིགས།གསང་སྔགས་ཉམས་སུ་ལེན་པ་ལ་གོ་རིམ་དང་སྔ་གཞུག་གསལ་པོ་ཞིག་ཡོད་དགོས་པ་ལས། དང་པོ་ཞུགས་མ་ཐག་ནས་གོང་དུ་བརྗོད་ཟིན་པའི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་རིམ་པ་ལ་ཐོན་མི་སྲིད་པ་མ་ཡིན་ཡང་། སྤྱིར་ཉམས་ལེན་པ་ཞིག་ཡིན་ན། དགེ་བ་བཅུ་ལ་བརྟེན་ནས་རང་གི་རྩ་བའི་བླ་མ་འདེམས་དགོས་པ་དང་དབང་བསྐུར་བ་སྔོན་དུ་སོང་ནས་ལམ་ལ་འཇུག་དགོས་པ་ཡིན། དེ་དག་གསང་སྔགས་ལ་འཇུག་པའི་སྒོ་ལྟ་བུ་ཡིན་སྟབས། སྐྱབས་འགྲོ་བཞི་སྐོར་གྱི་སྒོ་ནས་སྐྱབས་སུ་སོང་སྟེ་ཕྱག་འཚལ་བ་དང་ཡིག་བརྒྱ་འདོན་པ་སོགས་གྲངས་ཀའི་ཚད་ལོངས་པར་བྱས་ཏེ། དེའི་རྨང་གཞིའི་སྟེང་ད་གཟོད་ཡི་དམ་གྱི་ལྷ་སྒྲུབ་དགོས་པ་དཔེར་ན། གེ་སར་སྒྲུང་གི་ཁྲོད་དུ་གེ་སར་ཁོང་གཡུལ་ལས་རྣམ་པར་རྒྱལ་ཐེངས་རེར་སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་བས། བློན་འབངས་རྣམས་ཀྱིས་ཀྱང་བོན་ལས་བན་ཆོས་ལ་དད་ནས་བླ་མ་དང་སངས་རྒྱས། ཆོས། དགེ་འདུན་སོགས་ལ་ཐོག་མར་སྐྱབས་སུ་སོང་ཡོད་པ་ལྟ་བུ་དང་། ཡང་དཔེར་ན་ཁ་ཆེའི་“བློན་རྒན་དྲན་པ་རང་ཤར་ལ་རྫོགས་ཆེན་སངས་རྒྱས་ལག་བཅང་། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ཆོས་ཉིད་རང་གྲོལ་བཅས་གནང་ནས་ཞག་བདུན་སྒོམ་པས་དངོས་སུ་གྲུབ་པ་ཐོབ་པ་བྱུང་ཞིང་། གྲུབ་པའི་རྒྱལ་མོའི་ཚེ་དབང་ཞིག་གནང་བས་ལོ་དྲུག་ཅུའི་ན་ཚོད་དུ་གྱུར་ནས་ད་དུང་ལོ་བཅུ་གསུམ་བར་འཚོ་བར་ཞལ་བཞེས་གནང་”⑦ཞེས་པ་དང་། “རྒྱལ་མཆོག་མི་ཡི་ཉི་མ་དེ་ཉིད། བསྟན་འགྲོ་སེམས་ཅན་གྱི་དོན་དུ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྙེན་སྒྲུབ་ལ་བརྩོན་པའི་མཚམས་དམ་པར་བསྡམས་ནས། འབྲུག་མོ་མི་ཆུང་ཐང་རྩེ་གསུམ་མ་གཏོགས་སུས་ཀྱང་མཇལ་བར་མེད་པར་མཛད། གཞན་གླིང་དཀར་གྱི་དཔའ་ཐུལ་མོ་སྨད་ཐམས་ཅད་ཀྱང་། རང་རང་གི་ཡི་དམ་གྱི་བསྙེན་སྒྲུབ་དང་ལས་སྒོ་སོགས་ལ་བརྩོན་ནས། སྔར་སྲོལ་མི་ཉམས་པར་མཛད་ནས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་ནས་བདེ་བར་བཞུགས་སོ་”⑧ཞེས་བྱུང་བ་ལྟར་ཡིན།དེ་བཞིན་ཡི་དམ་སྒྲུབ་པ་ལ་གཞུང་ལུགས་ཀྱི་ཟབ་ཚད་མི་འདྲ་བ་ལ་བརྟེན་ནས་གོང་བཀུར་དང་སྒོམ་གྱི་ཐབས་ལམ་ཡང་མི་འདྲ། དེའི་ཕྱིར་གེ་སར་སྒྲུང་གི་ཁྲོད་དུ་གླིང་གི་རྒྱལ་བློན་སོ་སོར་རང་ཉིད་ཀྱིས་བརྟེན་པའི་ཡི་དམ་གྱི་ལྷ་ཡོད་པ་དང་། ལས་གལ་པོ་ཆེ་ལ་ཐུག་དུས་རང་རང་གི་མདུན་དུ་ཡི་དམ་ལྷ་ཡིས་རང་གཟུགས་སྟོན་ཚུལ་འཁོད་ཡོད། ལྷག་པར་དུ་སྣང་ཚུལ་དེ་རིགས་ཆེས་མང་བ་ནི་གེ་སར་དང་ཁྲོ་ཐུང་གཉིས་ཀྱི་ཐོག་ནས་མངོན་པ་དང་། དེ་ཡང་དུས་རྒྱུན་ཏིང་འཛིན་ལ་བཞུགས་པའི་སྐབས་སུ་ཡི་དམ་ལྷ་ཡིས་རང་གཟུགས་བསྟན་པ་དང་སྦྲགས། ལུང་བསྟན་གནང་བའི་གནས་ཚུལ་མང་པོ་འབྱུང་གིན་ཡོད། གོང་དུ་ང་ཚོས་གསང་སྔགས་ལ་ཐོག་མར་འཇུག་སྐབས་དབང་ལུང་ཞུ་བ་སྔོན་དུ་འགྲོ་དགོས་པར་བཤད་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཉམས་སུ་ལེན་པ་ལ་ད་དུང་དབང་བཞི་ལེན་དགོས་ཏེ། བུམ་དབང་ཐོབ་ནས་བསྐྱེད་རིམ་སྒོམ་པ་ལ་དབང་། གསང་དབང་ཐོབ་ནས་རྫོགས་རིམ་སྒོམ་པ་ལ་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་ཟུང་འཇུག་ལ་བརྟེན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ་བཅས། དོན་དམ་པའི་དབང་(རྙིང་མ་པས་འདི་ལ་རྫོགས་པ་ཆེན་པོའི་དབང་དང་། བཀའ་བརྒྱུད་པས་ཕྱག་རྒྱ་ཆེན་པོའི་དབང་། དགེ་ལུགས་པས་ཚིག་དབང་རིན་པོ་ཆེ་ཞེས་བྱ་) ཐོབ་ནས་རྫོགས་རིམ་གོང་མའམ་ཕྱི་མ་ཕྱི་མའི་སྐོར་བསྒོམས་ཏེ་དོན་གྱི་འོད་གསལ་མཐར་ཐུག་པ་སྟོན་པར་བྱེད། “སྤྱིར་བཏང་འདི་སྐབས་དབང་བཞི་ཐོབ། སྒྲིབ་བཞི་དག ལམ་བཞི་སྒོམ་པ་ལ་དབང་། འབྲས་བུ་སྐུ་བཞི་ཐོབ་པ་སྟེ་བཞི་བཞི་བཅུ་དྲུག་འགྲོ་བ་ཡིན་”⑨ནོ། དེས་ན་གསང་སྔགས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན། བསྐྱེད་རིམ་ཉམས་ལེན་བྱས་རྗེས་ད་གཟོད་རྫོགས་རིམ་ཉམས་ལེན་བྱ་ཆོག་ཅེས་པ་འདི་ལ་ཁྱབ་པ་མེད་མོད། གེ་སར་སྒྲུང་གི་ནང་དུ་ཁྲོ་ཐུང་བཟའ་མི་གཉིས་དབར་ཕན་ཚུན་གླུ་བླངས་པའི་ཁྲོད་བྱ འདན་བཟའ་མས། “མར་ཉལ་ཏིང་འཛིན་མེད་པ་ལ། །རྨི་ལམ་ལུང་བསྟན་ཅི་གོ་རེད། །ཡར་ལངས་ཐུགས་དམ་མེད་པ་ལ། །ཡི་དམ་ཞལ་གཟིགས་ཅི་ལ་འོང། །”⑩ཞེས་དང་། ཁྲོ་ཐུང་གིས། “ང་འདྲ་སྟག་རོང་དཔོན་པོ་འདིའི། །ཕྱི་སྣོད་པདྨ་དབང་གི་ཞིང་། །ནང་བཅུད་རྟ་མཆོག་རོལ་བའི་སྐུར། །ཡང་དག་ཤེས་པའི་བསྐྱེད་རིམ་དང་། །མི་དམིགས་ཁྱབ་གདལ་རྫོགས་རིམ་ལ། །ཉིན་མོར་ཡེངས་པ་མེད་དང་གཅིག །མཚན་སྣང་འཁྲུལ་བ་མེད་དང་གཉིས། །ཨ་འཐས་ཞེན་འཇིན་མེད་དང་གསུམ། །དེ་གསུམ་ཚེའདིར་གོམས་པ་ཡིས། །གསལ་སྟོང་སེམས་ཀྱི་མེ་ལོང་ངོར། །རབ་གསལ་མཁྱེན་པའི་གཟི་བྱིན་འབར། །ལུང་བསྟན་གློག་གི་ཕྲེང་བ་ཤར། །དོན་བཟང་སྣང་བས་བརྒྱན་ཏེ་བྱུང་། །”⑾ཞེས་འཁོད། གླུ་ཚིག་འདི་གཉིས་ནི་ཚིག་ཉུང་ཞིང་དོན་འདུས་པ་ཞིག་ཡིན་པ་སྟེ། ཡང་དག་ཤེས་པའི་བསྐྱེད་རིམ་དང་མི་དམིགས་ཁྱབ་གདལ་རྫོགས་རིམ་གཉིས་སོ་སོར་གསལ་ཁ་ཕྱེ་བ་དང་། ཕྱི་ནང་གི་སྒྲུབ་ཐབས་ཕན་ཚུན་དབར་གྱི་འབྲེལ་བ་གསལ་བར་བྱས་པ་མ་ཟད། ཡི་དམ་སྒྲུབ་པ་དང་སྣང་སྟོང་ཟུང་འཇུག་ལས་ཐོབ་པའི་ནུས་པ་རྣམས་ཕྱོགས་བསྡོམས་ཀྱི་ཚུལ་གྱིས་བསྟན་པ་ཧ་ཅང་གསལ་བའི་ཕྱིར།ཡང་དག་ཤེས་པའི་བསྐྱེད་རིམ་དང་མི་དམིགས་ཁྱབ་གདལ་རྫོགས་རིམ་གཉིས་སྒྲུབ་པའི་སྐབས་སུ། རྩ་ནི་སྔགས་བླ་མེད་ཀྱི་ལུས་ལ་གནད་དུ་བསྣུན་ཏེ་ཤེས་པ་མཚན་འཛིན་ལས་གྲོལ་བར་བྱེད་པའི་ཐབས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན་ཞིང་། རྩ་དེ་རྣམས་ལས་རྩ་དབུ་མ་ནི་ལྟེ་བ་དང་གཞན་དག་ནི་རྩིབས་མའི་ཚུལ་གྱིས་གྲུབ་ཡོད། གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་རྒྱུད་ལས་རྩའི་རྣམ་གཞག་རྒྱ་ཆེར་གསུངས་ཏེ། ཐུན་མོང་ཡོངས་གྲགས་ལ་རྩ་རགས་པ་མིག་གི་སྤྱོད་ཡུལ་དུ་གྱུར་བའི་ཁྲག་རྩ་རྣམས་ནི་མིའི་ལུས་པོའི་ཁྲག་རྒྱུན་འཁོར་རྒྱུག་གི་རྒྱུ་ལམ་ལྟ་བུ་ཡིན་པ་དང་། སྔགས་ལུགས་ལ་སྤྱིར་ན་རྩ་ལམ་བདུན་ཁྲི་ཉིས་སྟོང་ཡོད་སྐད་མོད། འོན་ཀྱང་སྒྲུབ་པ་ཉམས་ལེན་མཁན་ལ་མཚོན་ན། རྩ་དབུ་མ་དང་རྩ་རྐྱང་མ། རྩ་རོ་མ་སྟེ། རྩའི་གཙོ་བོ་གསུམ་པོ་ཆེས་གལ་ཆེ་བ་ཡིན་པར་བཤད། རྩ་དེ་གསུམ་ལས་རྩ་དབུ་མ་ནི་ཆེས་གཙོ་བོ་ཡིན་པ་དང་། དེའི་ཡར་སྣེ་སྤྱི་གཙུག་དང་མར་སྣེ་གསང་གནས་ལ་ཐུག་ཡོད་ཅིང་རིམ་པ་གསུམ་དུ་དབྱེ་བ་སྟེ། སྨིན་མའི་མཚམས་ནས་སྙིང་ཁའི་བར་རིམ་པ་དང་པོ་དང་། སྙིང་ཁ་ནས་ལྟེ་བའི་ཞབས་སོར་བཞིའི་བར་རིམ་པ་གཉིས་པ། ལྟེ་བའི་ཞབས་སོར་བཞི་ནས་གསང་གནས་བར་རིམ་པ་གསུམ་པའོ། རྩ་རྐྱང་མ་དང་རྩ་རོ་མ་གཉིས་ནི་རྩ་དབུ་མའི་གཡས་གཡོན་གཉིས་སུ་གནས་ཤིང་། རྩ་དབུ་མ་དང་བར་ཐག་སོར་གཉིས་ཙམ་ཡོད། རྩ་དེ་རྣམས་ནི་ཕྲ་བ་ཆོས་ཉིད་དམ་སྒོམ་སྟོབས་ཀྱིས་བཞག་པ་ལས། དངོས་པོའི་གནས་ཚོད་ལ་དེ་ལྟར་ཡོད་མིན་རྩོད་པ་ཡོད་པས། ཞིབ་ཆ་འབྱེད་རྒྱུ་ནི་གལ་ཆེ་བར་མཐོང་། དངོས་པོ་ལ་མེད་ན་མདོག་དབྱིབས་ཚད་ཅན་འོང་དོན་མི་འདུག་སྙམ་ན། དེ་ནི་སྒོམ་ཚུལ་ཙམ་བསྟན་པ་ཡིན། གཡོན་པ་རྩ་རྐྱང་མའི་ཡར་སྣེ་དེ་རྣ་ཅོག་བརྒྱུད་ནས་སྣ་ཁུང་གཡོན་པ་རུ་ཁ་བཀར་ནས་བསྲིངས་ཡོད་པ་དང་། གཡས་པ་རྩ་རོ་མའི་ཡར་སྣེ་དེ་རྣ་ཅོག་བརྒྱུད་ནས་སྣ་ཁུང་གཡས་པ་རུ་ཁ་བཀར་ནས་བསྲིངས་ཡོད། རྩ་རོ་མ་དང་རྐྱང་མ་གཉིས་ལྟེ་བའི་ཞབས་སོར་བཞི་ཙམ་གྱི་མཚམས་སུ་རྩ་དབུ་མ་དང་ཐུག་པ་རེད། རྩ་དེ་གསུམ་སྤྱི་གཙུག་དང་། མགྲིན་པ། སྙིང་ཁ། ལྟེ་བ་སོགས་ཀྱི་གནས་ནས་རྩ་མདུད་རྒྱག་བཞིན་ཡོད། གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་རྒྱུད་ལས་རྩ་སོ་སོའི་ལྟེ་བ་དེ་རྩ་དབུ་མ་དང་འབྲེལ་བའི་གནས་སུ་ཡོད་པར་བཤད། དེའི་རྐྱེན་གྱིས་གེ་སར་སྒྲུང་གི་ཁྲོད་དུ་ཡི་དམ་སྤྱན་འདྲེན་གྱི་སྐབས་སུ་སྣང་ཚུལ་འདི་འདྲ་ཞིག་འབྱུང་སྟེ།“གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐུ་དུར་ཁྲོད་ཆས་བརྒྱད་ཧེ་རུ་ཀ །འཁོར་རྩ་རླུང་བླ་མའི་འཁོར་གྱིས་བསྐོར། །མགོ་སྤྱི་གཙུག་འདི་ཡི་རྒྱན་དུ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་མེ་རི་འབར་བའི་དུར་ཁྲོད་ན། །ལྷ་ཡི་དམ་བདེ་མཆོག་འཁོར་ལོ་བཞུགས། །མ་དཔའ་བོ་མཁའ་འགྲོས་བར་སྣང་གང་། །མགྲིན་པ་ལོངས་སྤྱོད་རྒྱན་དུ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་ཨོ་རྒྱན་རང་བྱུང་དུར་ཁྲོད་ན། །མ་མཁའ་འགྲོ་རྡོ་རྗེ་འཕགས་མོ་བཞུགས། །མ་ཌཱཀྐི་བྱེ་བའི་ཚོགས་ཀྱིས་བསྐོར། །ངའི་སྙིང་ཁ་རྡོ་རྗེའི་ཁྲི་ལ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་རྔམ་བརྗིད་རོལ་བའི་དུར་ཁྲོད་ན། །མགོན་ཆོས་སྐྱོང་མ་ཧཱ་ཀ་ལ་བཞུགས། །འཁོར་ཆོས་སྐྱོང་དྲེགས་པ་ཕོ་མོས་བསྐོར། །ངའི་ལྟེ་བ་རིན་ཆེན་ཁྲི་ལ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་ལྕང་ལོ་ཅན་གྱི་བྱང་སྒོ་ན། །ལྷ་རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན། །འཁོར་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས། །ངའི་གསང་གནས་རལ་གྲིའི་ཁྲི་ལ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུམ །”⑿ཞེས་པ་ལྟ་བུ་དང་། ཡང་སྒྲུང་ནང་དུ། “དབུ་མ་རྩ་ཡི་རྩེ་མོ་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་མཁྱེན། །རྐྱང་མ་རྩ་ཡི་རྩེ་མོ་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཁྱེན། །རོ་མ་རྩ་ཡི་རྩེ་མོ་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་མཁྱེན། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །དྲིན་ཅན་རྩ་བའི་བླ་མ་མཁྱེན། །”⒀ཞེས་པ་ལྟ་བུའོ། ཁྱད་པར་གེ་སར་རྒྱལ་པོ་སྐུ་བལྟམས་པའི་གོང་རོལ་དུ་མ་ཡུམ་འགོག་མོས། “མགྲིན་པ་སྙིང་ཁ་ལྟེ་བ་གསུམ། །མི་གཡོ་བཞུགས་པའི་རྩ་འཁོར་ཡིན། །སྤྱི་གསང་གཉིས་ཀྱི་རྩ་འཁོར་དེ། །འགྲོ་དང་འོང་བའི་སྒོ་མོ་ཡིན། །སྤྱི་བོ་ནས་བརྒྱུད་བདེ་སྐྱོད་གི །གནས་ནས་བྱོན་དང་རྟེན་འབྲེལ་ཡོག །འཁོར་ལྔའི་རྩ་ལ་བཟང་ངན་མེད། །”⒁ཅེས་གླུ་བླངས་པ་ལྟ་བུ་སོགས། གླུ་ཚིག་དེ་དག་གིས་གསང་སྔགས་ཀྱི་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལག་ལེན་ཁྲོད། མིའི་ལུས་སྟེང་ན་རྩ་དབུ་མ་ཞིག་ཡོད་པའི་གནས་ལུགས་རྙེད་པ་དང་ཐོད་ཐུག་པ་རེད། དེ་ཉིད་མིའི་ལུས་སྟེང་གི་མཚན་དབྲག་དང་སྤྱི་གཙུག་གཉིས་དབར་ཡོད་པ་དང་། རྣལ་འབྱོར་པས་སྒོམ་པའི་སྐབས་སུ་སྦྱོད་བ་ལ་བརྟེན་ནས་རྩ་གཞན་ན་རྒྱུ་བའི་མ་དག་པའི་ལས་རླུང་ཐམས་ཅད་རྩ་དབུ་མའི་ནང་དུ་བཙུད་དེ་ཡེ་རླུང་ལམ་དུ་བྱས་པས། ད་གཟོད་རིམ་གྱིས་གྲུབ་པ་ཐོབ་པར་བཤད། དེའི་རྐྱེན་གྱིས་གོང་གི་གླུ་ཚིག་ཁྲོད་དུ་“རྟེན་འབྲེལ་ཡོད་”ཅེས་བྱུང་བའང་རྒྱུ་མཚན་མེད་པ་ཞིག་མིན་སྙམ།གསུམ། རྫོགས་པ་ཆེན་པོ།རྫོགས་པ་ཆེན་པོ་ནི་སྔགས་རྙིང་མའི་ཆོས་སྐད་དེ། སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆེན་པོ་ཡིན་པས་རྫོགས་པ་ཆེན་པོ་ཞེས་བྱ། དེ་ལ་ནང་གསེས་སེམས་སྡེ་དང་། ཀློང་སྡེ། མན་ངག་སྡེ་བཅས་གསུམ་ཡོད། གེ་སར་སྒྲུང་ཡིག་ལས། གེ་སར་རྒྱལ་པོ་རྔ་ཡབ་གླིང་དུ་བྱོན་སྐབས། “སློབ་དཔོན་རིན་པོ་ཆེས་ཆོས་འཆད་ཀྱི་ཕྱག་རྒྱ་དང་སྐུ་ལུས་འོད་ཟེར་ཕྲོམ་ཕྲོམ་མཛད་ནས་ཆོས་ཐེག་པ་རིམ་དགུ་དང་། མདོར་ན་མདོ་སྔགས་ཀྱི་ཆོས་བུམ་པ་གང་བྱོ་ལྟ་བུར་གནང་ཞིང་། ཁྱད་པར་དུ་རྫོགས་པ་ཆེན་པོ་ཡང་གསང་སྙིང་གི་ཐིག་ལེ་གསལ་རྫོགས་རྒྱས་གསུམ་གྱི་སྒོ་ནས་ལེགས་པར་གསུངས་པས། དེ་མ་ཐག་ཏུ་རྒྱལ་མཆོག་གི་ཐུགས་ལ་འཁོར་འདས་དག་མཉམ་ཆེན་པོ་མངོན་སུམ་དུ་མཁྱེན་པའི་རྟོགས་པ་ཚད་མེད་འཕེལ་”⒂ཞེས་བྱུང་བ་དང་། དེ་རྗེས་རྒྱལ་མཆོག་ཉིད་ཕྱིར་གླིང་དཀར་སྟོད་དུ་ཕེབས་ཏེ། ཕོ་བྲང་སེང་འབྲུག་སྟག་རྩེ་ནས་རྔ་བོ་ཆེ་དང་གན་ཊི་སོགས་ཀྱི་བརྡ་བྱུང་བ་དང་མཉམ་དུ་ཆོས་ཞུ་མཁན་རླུང་བཞིན་འཚུབ་པ་རྣམས་ལ། དང་པོ་མདོ་ལུགས་ཀྱི་ཁྲིད་རྒྱས་པར་གནང་། དེ་རྗེས་སྔགས་ལུགས་ཀྱི་གདམས་པའི་དུས་སུ་བབ་པར། སྤྲུལ་སྐུའི་ཆ་ལུགས་སུ་མཛད་པའི་སྐུ་ལས་འོད་ཟེར་ལམ་ལམ་འཕྲོ་བཞིན་ཐུན་མོང་སྤྱི་ཡི་སྔོན་འགྲོ་ཐོས་པ་རང་གྲོལ་གྱི་མགུར་བཞེས་ཏེ། མི་ལུས་རིན་ཆེན་རྙེད་དཀའ་ཚུལ་དང་། དམ་པའི་ཆོས་དང་འཕྲད་དཀའ་ཚུལ། ཡོད་ཚད་མི་རྟག་རྩྭ་མགོའི་ཟིལ་པ་དང་འཆི་བ་མི་རྟག་ནམ་འོང་ཆ་མེད་ཡིན་ཚུལ། དམྱལ་བའི་སྡུག་བསྔལ་སྣ་ཚོགས་བཟོད་དཀའ་བ་ཡུན་རིང་བ་ཡིན་ཚུལ་སོགས་ཀྱི་སྐོར་དཔེ་མང་པོའི་ཐོག་ནས་གསུངས་པ་མ་ཟད།“ངས་ཐེག་ཆེན་ཆོས་འཁོར་བསྐོར་བ་འདི། །ལོ་གསུམ་བར་དུ་རྫོགས་ས་མེད། །གསང་སྔགས་རྫོགས་པ་ཆེན་པོ་འདི། །མི་རེ་ལ་གདམས་ངག་རེ་རེ་གནང། །”⒃ཞེས་དང་། དེ་བཞིན་གེ་སར་སྒྲུང་ཡིག་ལས། ཁྲོམ་ཚོགས་ཐམས་ཅད་ཀྱིས་ད་ནི་གསང་སྔགས་ནང་གི་སྔོན་འགྲོའི་ཁྲིད་གནང་བར་ཞུ་ཞུས་པས། རྒྱལ་མཆོག་ཉིད་ཀྱིས་ད་དུང་གསང་སྔགས་ཀྱི་དུས་ལ་མ་བབ་པས་ཁྲོམ་ཚོགས་རྣམས་བློ་སྦྱོང་ཡང་ཡང་མཛོད་གསུངས་པས། ཁྲོམ་ཚོགས་རྣམས་ཀྱིས་ཀྱང་རྒྱལ་མཆོག་གི་བཀའ་བཞིན་བློ་སྦྱོང་ཡང་ཡང་བྱས་པ་དང་། གསང་སྔགས་ཀྱི་སྣོད་དུ་རུང་བར་གྱུར་བའི་སྐབས་ཤིག་ན། རིག་འཛིན་ཆེན་པོ་པདྨ་སཾ་བྷ་ཝས་ནམ་མཁའི་དབྱིངས་ནས་སྐུ་མི་མངོན་པར་རབ་གནས་མེ་ཏོག་གི་ཆར་སི་ལི་ལི་ཕབ་སྟེ། གསང་སྔགས་ཀྱི་ཆོས་ནི་དམ་ཚིག་བསྲུང་བ་གལ་ཆེ་སྟེ། དམ་ཚིག་མ་བསྲུངས་ན་ངན་སོང་ལ་ལྷུང་བའི་རྒྱུ་ཡིན་ཞེས་གསུངས་ཚུལ་འཁོད་པ་དང་། ད་དུང་ཡུལ་གླིང་སོ་སོའི་མི་རྣམས་ཕྱོགས་རེ་རེ་ལ་ཚོགས་ནས་ཡོད་པའི་སྐབས་སུ། རྒྱལ་མཆོག་ཉིད་ཀྱིས་དང་པོ་རྒྱ་གར་གྱི་མི་རྣམས་ལ་ཆོས་གསུངས དེ་ནས་བལ་པོ། དབུས་པ། གཙང་པ་གསུམ། དེ་ནས་བྱང་ལྷ་རི་མན་དང་དར་རྩེ་ཡན། དེ་ནས་ཧོར་བདུད་གཉིས། དེ་ནས་མོན་འཇང་གཉིས། དེ་ནས་མི་ཉག་དང་རྒྱ་ནག་གཉིས། དེ་ནས་སོག་པོ་དང་བྱང་སྟོད་གཉིས། དེ་ནས་གླིང་པ་ཐམས་ཅད་ལ་བཀའ་རྫོགས་པ་ཆེན་པོ་ཐེག་དགུའི་ཡང་རྩེ་བླ་མ་སྙིང་ཐིག་གི་གསུང་ཁྲིད་པ་སོགས། མདོར་ན། སྤྱིར་འཛམ་བུ་གླིང་པ་ཀུན་དང་། བྱེ་བྲག་ཁྲ་མོ་གླིང་ལ་ཟབ་མོའི་ཆོས་འཁོར་བསྐོར་ནས་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་གནང་ཚུལ་འཁོད་པ་དང་། ཁྱད་པར་གེ་སར་གྱི་སྒྲུང་དཔེ་སྔ་མ་གསུམ་དང་བར་མ་ལྔའི་སྐབས་སུ་གེ་སར་དགུང་ལོ་གཞོན་དུས་མཚན་ལ་ཇོ་རུ་ཟེར་བ་ལ། རྟ་རྒྱུགས་ནས་རྒྱལ་ཁ་བླངས་ཚུན་ཆད་དང་ཕྱོགས་བཞིའི་དགྲ་བཞི་བཏུལ་ཞིང་རྫོང་ཆེན་བཅོ་བརྒྱད་ཕབ་རྗེས་མཚན་ལ་གེ་སར་རྒྱལ་པོའམ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་གསོལ་ཚུལ་བསྟན་པ་དང་། སྒྲུང་དཔེ་ཕྱི་མ་གཉིས་ཀྱི་དམྱལ་གླིང་གི་སྐབས་སུ་མཚན་ལ་རྒྱལ་མཆོག་བླ་མ་རིན་པོ་ཆེའམ་རྒྱལ་མཆོག་ཡིད་བཞིན་ནོར་བུ་ཞེས་གསོལ་ཚུལ་བསྟན་པ་སོགས་ལས། ང་ཚོས་གཅིག་ནས་གེ་སར་སྒྲུང་གི་གཏམ་རྒྱུད་སྤྱིའི་བྱུང་རིམ་འཕེལ་ཕྱོགས་ཧ་གོ་ཐུབ་པ་ཡིན་ལ། གཉིས་ནས་《གེ་སར་སྒྲུང་ཡིག་ཆེན་མོ་》ཡི་མགོ་རྔ་བར་རྐེད་བཅས་སུ་གསང་སྔགས་རིག་གནས་ཀྱིས་མ་ཁྱབ་པ་མེད་ཅེས་བརྗོད་ཆོག་པར་སྙམ། གོང་གསལ་དེ་དག་ལས་གཞན། གེ་སར་སྒྲུང་གི་ཁྲོད་དུ་ད་དུང་ཡང་འཕྲུལ་བསྒྱུར་གྱི་ཐབས་སོགས་གསང་སྔགས་ཉམས་ལེན་མཁན་ལ་གྲུབ་པ་ཐོབ་པའི་ལྷ་སྒྲུང་ལྟ་བུའི་ཉམས་སྣང་མང་པོ་ཞིབ་འབྲི་བྱས་ཡོད་པ་དཔེར་ན། འཕོ་བ་གྲོང་འཇུག་དང་འཇའ་ལུས་གྲུབ་པ་ལྟ་བུ་སོགས་ཀྱི་ཐ་སྙད་ཧ་ཅང་མང་པོ་ཡོད་པ་ལས་ཤེས་ནུས། སྒྲུང་ནང་གི་གསང་སྔགས་སྐོར་གྱི་ཞིབ་འབྲི་དེ་དག་ཕྱོགས་སྒྲིག་བྱ་རྒྱུ་ནི་ལས་སླ་མོད། དཀའ་ཁག་ཆེ་བ་ནི་དེ་དག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་སྙིགས་དོར་བཅུད་ལེན་གྱིས་དམངས་བྱིངས་ལ་ཕན་ཐོགས་པར་བྱ་རྒྱུ་དེ་ཡིན།འོ་ན་ང་ཚོས་ཇི་ལྟར་བྱས་ནས་མི་རྣམས་ལ་ཕན་ཐོགས་པར་བྱ་དགོས་ཞེ་ན། ཐོག་མར་གསང་སྔགས་ཉམས་ལེན་བྱེད་ཐབས་དེ་དག་ལ་ཅུང་བསྒྱུར་བཅོས་ཀྱིས་དེ་དག་མིའི་ནུས་སྟོབས་ཇེ་ཆེར་གཏོང་བའི་ཐབས་སུ་བཀོལ་དགོས། གསང་སྔགས་ཀྱིས་མིའི་ལུས་སྟེང་གི་སྟོབས་ཤུགས་ཁྱབ་ཚུལ་དེ་ཆ་མི་སྙོམས་པར་གཙོ་བོ་རྩ་གསུམ་འཁོར་ལོ་ལྔའི་སྟེང་དུ་འདུས་ཡོད་པར་འདོད་ལ། ནུས་ཤུགས་རྣམས་རྩ་གསུམ་འཁོར་ལོ་ལྔའི་སྟེང་དུ་འདུས་པ་ལས་རྩ་དབུ་མ་བརྒྱུད་ནས་འཁོར་ལོ་ལྔ་ལ་ཚང་བའམ་རྫོགས་པར་འདོད་པ་མ་ཟད། མི་དང་རང་བྱུང་ཁམས་དབར་ནུས་ཤུགས་དང་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ་དང་འབྲེལ་བ་དམ་པོ་ཡོད་པ་དང་། རྩ་དབུ་མ་ནི་དོན་དངོས་སུ་མི་དང་རང་བྱུང་ཁམས་ཀྱི་དབར་ནུས་ཤུགས་དང་། ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་བརྒྱུད་ལམ་ཆེས་ཉེ་བ་དེ་ཡིན་པར་འདོད། རྩ་གསུམ་འཁོར་ལོ་ལྔ་དེ་རྩ་དབུ་མས་སྦྲེལ་ཡོད་པ་ལས་ནུས་ཤུགས་དེ་མིའི་ལུས་སྟེང་དུ་ཁྱབ་པའི་གོ་རིམ་མཚོན་པ་དང་། དེ་ལ་བརྟེན་ནས་མི་དང་རང་བྱུང་ཁམས་དབར་ནུས་ཤུགས་དང་ཆ་འཕྲིན་བརྗེ་རེས་བྱེད་པའི་སྐབས་སུ་ནུས་ཤུགས་ཟད་གྲོན་གྱི་ཚད་ཆེས་དམའ་རུ་འགྲོ་ལ། ཆ་འཕྲིན་བརྗེ་སྤོར་བྱེད་པའི་བདེ་འཇགས་དང་སྟབས་བདེ་ལ་ཁག་ཐེག་བྱེད་ཀྱི་ཡོད། རྩ་དབུ་མ་དང་རང་བྱུང་ཁམས་གཉིས་དབར་ཡོད་པའི་ཐིག་ལེ་དེ་ཉིད་ནི་ནུས་ཤུགས་དང་ཆ་འཕྲིན་གསོག་འཇོག་བྱེད་སའི་ཡུལ་ཁྱད་པར་བ་ཞིག་ཡིན་པས། གསང་སྔགས་ཉམས་ལེན་མཁན་གྱིས་སྒྲུབ་སྦྱོང་གི་སྐབས་སུ་ཐིག་ལེ་དེ་ཉིད་ལ་བརྟེན་ནས་རྩ་དབུ་མ་ལ་གནད་དུ་བསྣུན་པ་ཡིན་ཞིང་། དེ་ནི་རང་བྱུང་ཁམས་ལ་ནུས་ཤུགས་དང་ཆ་འཕྲིན་བརྗེ་སྤོར་བྱེད་པའི་གོ་རིམ་ཞིག་ཀྱང་ཡིན། འདིར་རྩ་དབུ་མ་དང་རང་བྱུང་ཁམས་དབར་ཡོད་པའི་ཐིག་ལེ་ཞེས་པ་ནི། གཙོ་བོ་རྩ་དབུ་མའི་ལམ་ནས་ཐིག་ལེ་ལམ་དུ་བྱས་ཏེ་ཕྱི་ནང་གསང་བའི་དག་པ་སྦྱོར་ཚུལ་གྱི་གནས་ལུགས་ཟབ་མོ་གོ་བར་བྱེད་པའི་དོན་འཆད་ཚུལ་ཞིག་ཡིན། ནུས་ཤུགས་ཀྱི་འགུལ་སྐྱོད་དང་ཆ་འཕྲིན་གྱི་འགུལ་སྐྱོད་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། དེ་གཉིས་ཁ་འབྲལ་ཐབས་མེད། ཏག་ཏག་གསང་སྔགས་ཉམས་ལེན་ལ་གཞོལ་བའི་གྲུབ་ཆེན་པ་རྣམས་ཀྱིས་རྩ་དབུ་མ་ལ་བརྟེན་ནས་རང་དང་འཇིག་རྟེན་ཁམས་དབར་གྱི་ནུས་ཤུགས་དང་ཆ་འཕྲིན་བརྗེ་རེས་བྱེད་པའི་ལམ་བུ་བཏོད་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་ཁམས་ལ་ལྟ་རྟོག་བྱེད་པའི་ཐབས་ལམ་གསར་པ་ཞིག་རྒྱུད་ལ་ཆགས་པ་རེད། ཐབས་ལམ་དེ་འདྲ་ལ་བརྟེན་ནས་ཕལ་པའི་མི་ལ་མེད་པའི་བྱེད་ནུས་ཞིག་དང་བློ་རིག་ཅིག་ཁོ་ཚོ་ལ་གྲུབ་པ་རེད། ཆོས་ལུགས་པ་ལ་ལས་ཐབས་ལམ་དེ་འདྲ་ལ་བརྟེན་ནས་འཆི་བ་ཆོས་སྐུར་ཁྱེར་བའི་མྱུར་ལམ་དོན་གཉེར་བྱེད་པ་ཡིན་ཞིང་། ང་ཚོས་ཀྱང་ཐབས་ལམ་དེ་འདྲ་ལ་བརྟེན་ནས་འཚོ་ཐབས་གསར་པ་ཞིག་འཚོལ་སྙེགས་དང་མིའི་ལུས་སྟེང་དུ་ཡོད་པའི་མི་མངོན་པའི་ནུས་ཤུགས་མཐའ་དག་སྔོག་འདོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། །ལུང་འདྲེན་དཔྱད་ཡིག①⑨ ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་། 《བདུད་འདུལ་》༢༠༡༨ལོའི་ཟླ་༡༡པར་དཔར།②⑦⑧《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་བཅོ་ལྔ། 《ཁ་ཆེ་གཡུ་རྫོང་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༢༩༧ ༥༢༥ ༥༣༢བཅས་ན་གསལ།③《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་དང་པོ། 《ལྷ་གླིང་གབ་ཙེ་དགུ་སྐོར་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༡༧ན་གསལ། ④ 陈兵:《佛教气功百问》,中国建设出版社出版,1989 年,71页⑤⑥⒁《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་གཉིས་པ། 《འཁྲུངས་གླིང་མེ་ཏོག་ར་བ་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢0༡༨ལོར་དཔར། དེབ་ངོས་༤༠ ༤༣ ༤༣ན་གསལ།⑩⑾⒀《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་བཞི་པ། 《རྟ་རྒྱུག་ནོར་བུ་ཆ་བདུན་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༣༦༢ ༣༧༢ ༤༢༡བཅས་ན་གསལ།⑿《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་ཉེར་དྲུག་པ། 《དམྱལ་གླིང་མུན་པ་རང་གསལ་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས༥ནས་༩བར་ན་གསལ།⒂⒃ 《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་ཉེར་བདུན་པ། 《དམྱལ་གླིང་རྫོགས་པ་ཆེན་པོ་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༤༠ ༧༠)བཅས་ན་གསལ།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་བོད་ཀྱི་བཙན་པོའི་སྐུ་རིང་ནས་དར་བའི་བོད་ཀྱི་གསང་སྔགས་རིག་གནས་ཀྱི་བྱུང་འཕེལ་ནས་འགོ་བརྩམས་ཏེ། གེ་སར་སྒྲུང་གི་《ལྷ་གླིང་གབ་ཙེ་དགུ་སྐོར་》ནས་《དམྱལ་གླིང་རྫོགས་པ་ཆེན་པོ་》ཡི་བར་དུ། བདེ་སྟོང་ཟུང་འཇུག་དང་། ཡི་དམ་ཞལ་གཟིགས། རྫོགས་པ་ཆེན་པོ་སོགས་སྔ་འགྱུར་རྙིང་མའི་གཞུང་གི་ཆོས་ཀྱི་བརྡ་ཆད་མང་པོ་ཞིག་ཡོད་པ་དེ་ལ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་དབྱེ་ཞིབ་དཔྱད་པ་བྱས་ཏེ། གེ་སར་སྒྲུང་ལས་མངོན་པའི་གསང་སྔགས་རིག་གནས་དེ་དེང་རབས་སྤྱི་ཚོགས་སུ་སྙིགས་དོར་བཅུད་ལེན་གྱིས་རྒྱུན་འཛིན་དང་། དམངས་བྱིངས་ཀྱི་ལུས་ཕུང་བདེ་ཐང་ལ་ཕན་ཐོགས་ཡོད་པ་ཞིག་ཏུ་འགྱུར་ཐུབ་པ་བྱ་དགོས་པའི་སྐོར་གླེང་བརྗོད་བྱས་ཡོད།
[བརྡ་ཆད་གཙོ་བོ།] གེ་སར་སྒྲུང་། གསང་སྔགས་རིག་གནས། རྒྱུན་འཛིན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] I29.7[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)02-146-12
གེ་སར་སྒྲུང་གི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་རིག་གནས་མང་པོ་ཞིག་ཞིབ་འབྲི་བྱས་ཡོད་པ་དང་། དེའི་ཁྲོད་དུ་གསང་སྔགས་རིག་གནས་ཀྱི་སྐོར་ཅུང་མང་པོ་གླེང་བརྗོད་བྱས་ཡོད། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་སོ་སོས་གསང་སྔགས་ཉམས་ལེན་གྱི་སྐབས་སུ་གཞི་འཛིན་སའམ་ཐུན་མིན་གྱི་རྩལ་འདོན་སྟངས་ཐད་ཅུང་མི་འདྲ་བ་སྟེ། དཔེར་ན། རྙིང་མ་བས་རྫོགས་པ་ཆེན་པོ་དང་། བཀའ་བརྒྱུད་པས་ཕྱག་རྒྱ་ཆེན་པོ། ས་སྐྱ་པས་ལམ་འབྲས་གཙོ་བོར་འཛིན་པ་དང་། དེ་བཞིན་བཀའ་གདམས་པས་ལམ་སྒྲོན་ལ་བརྟེན་ཏེ་སྐྱེས་བུ་གསུམ་གྱི་གདམས་པ་གཙོ་བོར་འཛིན་པ་ལྟ་བུ་ཡིན། འོན་ཀྱང་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་མདོ་སྔགས་ཟུང་འབྲེལ་ཡིན་པ་ནི་གཅིག་མཚུངས་ཡིན། གསང་སྔགས་གསར་མས་སྤྱིའི་ཆ་ནས་ཀུན་རིག་དང་། རྒྱུད་རྡོ་རྗེ་རྩེ་མོ། དུས་འཁོར་ལ་སོགས་པ་གཙོ་བོར་འཛིན་པ་རེད། གླིང་སྒྲུང་གི་ཁྲོད་དུ་མངོན་པ་ནི་གཙོ་བོ་རྙིང་མ་བ་དང་བཀའ་བརྒྱུད་པ་གཉིས་ཀྱི་གསང་སྔགས་ཉམས་ལེན་གྱི་གཞུང་ལུགས་ཡིན་ཞིང་། དེ་ལས་ཀྱང་རྙིང་མ་བ་མངོན་པ་ཤས་ཆེ།
ལོ་རྒྱུས་ཡིག་ཆ་ལྟར་ན། སྤྱི་ལོའི་དུས་རབས་ལྔ་པ་ཙམ་སྟེ། བོད་རྒྱལ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་རྒྱ་གར་གྱི་རབ་བྱུང་བ་གཉིས་ཀྱིས་མདོ་སྡེ་ཟ་མ་ཏོག་དང་། སྙིང་པོ་ཡི་གེ་དྲུག་མ། དཔང་སྐོང་ཕྱག་བརྒྱ་བ། གསེར་གྱི་མཆོད་རྟེན་ཞིག་བཅས་བོད་ལ་ཁྱེར་ཡོང་བ་དང་། དེ་དག་ལས་མདོ་སྡེ་ཟ་མ་ཏོག་ནི་རྒྱ་གར་གྱི་ནང་པའི་གཞུང་སྤྱན་རས་གཟིགས་ཀྱི་ཆོས་སྐོར་ཏེ། སྤྱན་རས་གཟིགས་ཀྱིས་རིགས་དྲུག་སེམས་ཅན་གྱི་དོན་མཛད་ཚུལ་དང་། ཡི་གེ་དྲུག་མ་རྣལ་འབྱོར་དུ་བྱས་པའི་ཕན་ཡོན་རྒྱས་པར་སྟོན་པ་ཞིག་ཡིན་པ་དང་། མཆོད་རྟེན་ནི་ཕལ་ཆེ་བ་སངས་རྒྱས་དཀོན་མཆོག་གི་ཐུགས་ཀྱི་ཡོན་ཏན་མཚོན་པའི་རྟེན་མཆོད་པ་སོགས་དབུལ་བྱའི་ཡུལ་དུ་གྱུར་བ། སྙིང་པོ་ཡི་གེ་དྲུག་མ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་སྔགས་ཡིན་པ། དཔང་སྐོང་ཕྱག་བརྒྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་བརྒྱ་དང་། སྐྱབས་ཡུལ་ལ་མཆོད་པ། བཤགས་པ་བྱེད་པ། སྨོན་ལམ་འདེབས་པ། རྗེས་སུ་ཡི་རང་བ། མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། བྱང་ཆུབ་ཏུ་སེམས་བསྐྱེད་པ་བཅས་ལས་བརྩམས་པའི་མདོ་ཞིག་ཡིན། འོན་ཀྱང་སྐབས་དེར་བོད་ཡུལ་དུ་ཆོས་སྤེལ་བའི་ཆ་རྐྱེན་མ་འཇོམས་པས། དེ་དག་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་བ་དང་། ཕོ་བྲང་ཡུམ་བུ་བླ་སྐང་དུ་གདན་དྲངས་ཏེ་མཆོད་པ་མཛད། སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ། བཙན་པོ་སྲོང་བཙན་སྐམ་པོས་རྒྱལ་ཕྲན་མང་པོ་དབང་དུ་བསྡུས་ནས་བོད་ཁམས་གཅིག་གྱུར་མཛད་ཅིང་སྤུ་རྒྱལ་བཙན་པོའི་སྲིད་དབང་བཙུགས་གནང་བ་དང་། བཙན་པོ་ཚང་གི་སྲིད་དབང་སྔར་བས་སྲ་བརྟན་དུ་གཏོང་ཆེད། སྤོབས་པ་ཆེན་པོས་བགེགས་རིགས་ཐམས་ཅད་མེད་པར་བཟོས་པས། བན་དེའི་ཆོས་ལུགས་གཞི་ནས་བོད་ཡུལ་དུ་དར་འགོ་ཚུགས། སྐབས་དེར་སྲོང་བཙན་སྒམ་པོས་བལ་བཟའ་ཁྲི་བཙུན་དང་རྒྱ་བཟའ་འུན་ཤིང་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་བཙུན་མོར་བསུས་པ་དེ་དང་བོད་ཡིག་གསར་དུ་བཟོས་པ་དེས། བོད་དུ་བན་དེའི་ཆོས་ལུགས་དར་སྤེལ་དང་བསྒྱུར་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། སྐབས་དེར་བོད་དུ་བསྒྱུར་བའི་ནང་བསྟན་བསྟན་བཅོས་མང་པོའི་ཁྲོད་དུ་བསྟན་བཅོས་བདུན་བརྒྱད་ཙམ་ནི་གསང་སྔགས་སྐོར་གྱི་བསྟན་བཅོས་ཡིན། དེ་དག་ལས་ཤེས་ཐུབ་པ་ནི། སྐབས་དེར་བཙན་པོ་ཚང་གིས་བན་དེའི་ཆོས་ལུགས་ཀྱི་མདོ་ཕྱོགས་དང་ལེན་མཛད་པའི་ཞོར་དུ་སྔགས་ཕྱོགས་ཀྱང་དང་ལེན་གནང་ཡོད་པ་དེ་ཡིན། འོན་ཀྱང་བན་དེའི་ཆོས་ལུགས་དང་། ལྷག་པར་དུ་གསང་སྔགས་ཆོས་ལུགས་དེ་བཞིན་གཞི་རྒྱ་ཆེན་པོས་བོད་དུ་དར་བའི་དུས་སྐབས་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་ཙམ་ནས་ཡིན་པ་ལོ་རྒྱུས་ཆོས་འབྱུང་དེབ་ཐེར་ཁག་ལས་ཤེས་ཐུབ་པ་ཡིན་ཏེ།
སྐབས་དེར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་ཀྱི་བློན་འབངས་ཐམས་ཅད་ནས་བན་དེའི་ཆོས་ལུགས་ལ་དད་པ་བྱེད་པའི་སྲིད་ཇུས་ལག་བསྟར་བྱེད་ཆེད། ཐོག་མར་བལ་པོའི་ཡུལ་ནས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་པ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པ་དང་། མཁན་ཆེན་ཞི་བ་འཚོས་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གཙོས་བློན་འབངས་རྣམས་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་སོགས་བན་དེའི་ཆོས་ལུགས་ཀྱི་སྡོམ་ཁྲིམས་དང་རྨང་གཞིའི་ཤེས་བྱ་གསུངས། འོན་ཀྱང་དུས་སྐབས་དེར་བོན་པོའི་སྟོབས་ཤུགས་ཀྱི་ངོ་རྒོལ་དྲག་པོའི་འོག་མཁན་ཆེན་མཆོག་རེ་ཞིག་ཕྱིར་བལ་ཡུལ་དུ་མི་ལོག་ཀ་མེད་བྱུང་། དེའི་རྗེས་སུ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་མཁན་ཆེན་ཞི་བ་འཚོའི་བཀའ་བཀོད་ལྟར་རྒྱ་གར་ཨོ་རྒྱན་ཡུལ་གྱི་གསང་སྔགས་མཁན་པོ་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་པ་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་གསང་སྔགས་ཀྱི་“མཐུ་” ལ་བརྟེན་ནས་བོན་གཤེན་དང་འཐབ་ཅིང་། བོན་གྱི་ཆོས་སྲོལ་བྱེད་སྒོ་མང་པོ་ཞིག་ལ་བསྒྱུར་བཅོས་ཀྱིས་གསང་སྔགས་ཀྱི་ཁྲོད་དུ་འཐིམས་པར་མཛད་ལ། བོན་གཤེན་མང་པོ་ཞིག་འདུལ་བའི་ཞོར་དུ་བོན་གྱི་ལྷ་སྲིན་མང་པོ་བཏུལ་ནས་བན་གྱི་བསྟན་སྲུང་དུ་བཀོལ་གནང་བ་དང་། བོན་ཀྱི་ལྟ་བ་དང་བསམ་བློ་མང་པོ་ཞིག་བན་ཆོས་ཀྱི་ནང་དུ་བསྡུས་ནས་བོད་མིའི་གཉུག་མའི་རིག་གནས་ཏེ། བོན་གྱི་འདུ་ཤེས་དང་འཚམ་པར་མཛད། མ་ཟད་མཁན་ཆེན་ཞི་བ་འཚོདང་མཉམ་དུ་བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གཞོགས་འདེགས་ཀྱིས་སྤྱི་ལོ་༧༦༦ལོམ བོད་ཀྱི་ཆེས་ཐོག་མའི་གཙུག་ལག་ཁང་སྟེ། བསམ་ཡས་གཙུག་ལག་ཁང་བཞེངས་ནས་བོད་བརྒྱུད་ནང་བསྟན་དང་། ལྷག་པར་དུ་རྙིང་མ་བའི་གྲུབ་མཐའ་བོད་དུ་རྐང་ཚུགས་པར་ཐོག་མའི་རྨང་གཞི་བཏིང་། བསམ་ཡས་གཙུག་ལག་ཁང་ནི་ཆེས་ཐོག་མར་གསང་སྔགས་བརྒྱུད་སྤེལ་བྱེད་སའི་དགོན་པ་ཞིག་ཡིན་ཞིང་། བསམ་ཡས་གཙུག་ལག་ཁང་བཞེངས་པ་ནས་བཟུང་། མདོ་སྔགས་གཉིས་ཀྱི་བསྟན་བཅོས་མང་པོ་བོད་དུ་བསྒྱུར་བས། གསང་སྔགས་ཉམས་ལེན་གྱི་གདམས་པ་བོད་དུ་དར་བ་ལ་ཆ་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད། སྐབས་དེར་བོད་དུ་བསྒྱུར་བའི་གསང་སྔགས་ཀྱི་བསྟན་བཅོས་སྐོར་ལ་པེ་རོ་ཙ་ནའམ་རྣམ་པར་སྣང་མཛད་སོགས་ཀྱིས་བསྒྱུར་བའི་《ཀུན་བྱེད་རྒྱལ་པོའི་མདོ་》དང་《དགོངས་པ་འདུས་པའི་མདོ་》སོགས་ཡོད་པས་མི་ཚད། ད་དུང་སློབ་དཔོན་ཆོས་ཀྱི་གྲགས་པའི་《རྡོ་རྗེ་དབྱིངས་ཀྱི་མན་ངག་གསང་བའི་སྤྱི་རྒྱུད་》དང་། བི་མ་ལ་མི་ཏྲའམ་དྲི་མེད་བཤེས་གཉེན་གྱི་《གསང་བ་སྙིང་པོ་རྡོར་སེམས་སྒྱུ་འཕྲུལ་གྱི་ཁོག་གཞུང་》སོགས་ཡོད། ལོ་རྒྱུས་དེབ་ཐེར་ལས། སྐབས་དེར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཁྲི་སྲོང་ལྡེ་བཙན་དང་བཙུན་མོ་གཉིས་ལ་རྟ་མགྲིན་དང་རྡོ་རྗེ་ཕུར་པ་སོགས་གསང་སྔགས་སྒྲུབ་ཐབས་ཀྱང་གནང་བར་བཤད། སློབ་དཔོན་པདྨ་འབྱུང་གནས་རང་ལ་བདེ་སྟོང་ཟུང་མཇུག་གི་སྒོ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སྒོམ་པའི་མཁའ་འགྲོ་མ་ལྔ་ཡོད་པ་དང་། དེའི་ནང་གི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི་ཁྲི་སྲོང་ལྡེ་བཙན་གྱི་བཙུན་མོ་ཡིན། བོད་བརྒྱུད་ནང་བསྟན་གྱི་བསྟན་པ་སྔ་དར་གྱི་སྐབས་སུ། སྲིད་གཞུང་ནས་རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྐོར་བསྒྱུར་མི་ཆོག་པའི་བཀའ་རྒྱ་ནན་པོ་བསྒྲགས་ཡོད་པས། དེ་ཉིད་དར་ཁྱབ་ཆེན་པོ་བྱུང་མེད་མོད། རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྒོམ་ཐབས་དེ་ཉིད་བཙན་པོའི་སྲིད་གཞུང་ནང་ཁུལ་དུ་ཁྱབ་འགོ་ཚུགས་ཡོད། གསང་སྔགས་ཁྲོད་ཀྱི་རྒྱུད་སྡེ་གཞན་གསུམ་ནི་བོད་ཀྱི་དམངས་ཁྲོད་དུ་དགེ་སློབ་དང་། ཕ་བུ། ཁུ་ཚན། སྤུན་མཆེད་སོགས་ཀྱི་དབར་གསང་བའི་སྒོ་ནས་བརྒྱུད་འཕེལ་བྱུང་ཡོད་ལ། རིམ་བཞིན་བོད་རང་སའི་ཁྱད་ཆོས་ཀྱིས་ཕྱུག་པ་ཞིག་ཏུ་གྱུར་ཡོད་པ་རེད། དེའི་རྐྱེན་གྱིས་གླང་དར་མས་བན་ཆོས་བསྣུབས་པའི་སྐབས་སུའང་གསང་སྔགས་ཀྱི་སྐོར་མ་ནུབ་པར་གནས་ཐུབ་པ་བྱུང་། དེ་བས་གསང་སྔགས་རྙིང་མའི་སྐོར་ནི་བསྟན་པ་ཕྱི་དར་སྐབས་སུ་རྙིང་མ་བའི་ཆོས་གཞུང་གཙོ་བོར་གྱུར། རྙིང་མ་བས་ཁོ་ཚོའི་གྲུབ་མཐའ་ནི་གྲུབ་མཐའ་གཞན་ལས་ལོ་སུམ་བརྒྱ་ཙམ་གྱིས་བྱུང་སྔ་བར་བཤད་མོད། དོན་ལ་ཁོ་ཚོ་དངོས་སུ་གྲུབ་མཐའ་ཞིག་ཏུ་གྱུར་བ་ནི་དུས་རབས་བཅུ་གཅིག་པར་བྱོན་པའི་ཟུར་མེས་དབོན་རྣམ་གསུམ་དང་། རོང་ཟོམ་ཆོས་བཟང་སོགས་ཀྱིས་རིམ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཉིད་སློབ་དཔོན་གྱི་ཨ་མེས་ཡང་མེས་ལྟར་བསྟེན་ཅིང་། སློབ་དཔོན་ནས་བརྒྱུད་པའི་གསང་སྔགས་བཀའ་མ་དང་གཏེར་མ་སོགས་བསླབ་བྱ་གཙོ་བོར་བཟུང་སྟེ། དགོན་པ་བཞེངས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་བའི་དུས་དེ་དག་ཙམ་ནས་ཡིན་ངེས། རྙིང་མ་བའི་ཆོས་གཞུང་ལའང་རང་རང་གི་བླ་བརྒྱུད་མི་འདྲ་མོད། “ཐེག་པ་རིམ་པ་དགུའི་དང་པོ་ཉན་ཐོས་རང་རྒྱལ་བྱང་སེམས་གསུམ་ལ་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་ཟེར། དེ་གསུམ་མདོ་ཕྱོགས་རེད། གཉིས་པ་ཀྲི་ཡོག་སྡེ་གསུམ་མམ་བྱ་རྒྱུད་(ཀྲི་ཡ་)སྤྱོད་རྒྱུད་(ཨུ་པ་)རྣལ་འབྱོར་རྒྱུད་(ཡོ་ག་)གསུམ་ལ་ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ཟེར། དེ་ནི་ཡོངས་གྲགས་རྒྱུད་སྡེ་འོག་མ་གསུམ་ཟེར་བ་དེ་ཡིན། གསུམ་པ་བསྐྱེད་པ་མ་ཧཱ་ཡོ་ག་(རྣལ་འབྱོར་ཆེན་པོ་) ལུང་ཨ་ནུ་ཡོ་ག་(རྗེས་སུ་རྣལ་འབྱོར་)རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་(ཤིན་ཏུ་རྣལ་འབྱོར་)གསུམ་ལ་གསང་བ་དབང་བསྒྱུར་ཐབས་ཀྱི་ཐེག་པ་ཟེམ དེ་གསུམ་ནི་གསང་སྔགས་བླ་མེད་ཅེས་གྲགས་པ་དེའོ། ། གསུམ་ཚན་གཉིས་པ་གསུམ་དང་གསུམ་པ་གསུམ་སྟེ་དྲུག་ལ་རྒྱུད་སྡེ་དྲུག་ཅེས་ཀྱང་བྱ་ལ་སྔགས་ཕྱོགས་ཡིན། ཕྱི་མ་གསུམ་ལ་ནང་རྒྱུད་སྡེ་གསུམ་ཡང་ཟེར། དེའི་ཕྱི་མ་ཨ་ཏི་ཡོ་ག་ལ་རྫོགས་པ་ཆེན་པོ་ཞེས་བྱ་ལ་དེ་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་ཡོད། མན་ངག་སྡེ་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་ཡང་གསང་བླ་ན་མེད་པའི་སྐོར་ཏེ་སྐོར་ཚོ་ཆེན་པོ་བཞི་ཡོད་ལ་དེ་སོ་སོར་རྒྱུད་སྡེའི་མཚན་གཞི་མང་དུ་འབྱུང་བ་ཡིན་”①ཞེས་གླིང་སྒྲུང་《བདུད་འདུལ་》ལས་བྱུང་། རྙིང་མ་བའི་ཚབ་མཚོན་མི་སྣ་ཀློང་ཆེན་རབ་འབྱམས་པའི་(སྤྱི་ལོ་༡༣༠༨ནས་༡༣༦༤)སྐུ་དུས་སུ། ཁོང་གིས་རྙིང་མ་བའི་གསང་སྔགས་སྐོར་ལ་སྤྱི་བསྡོམས་དང་ཕྱོགས་བསྒྲིགས་མཛད་པ་ཕུད། ད་དུང་གསུང་འབུམ་པོད་མང་པོ་(ཀློང་ཆེན་མཛོད་བདུན་ཞེས་པ་ནི་ཉིང་བཅུད་ཡིན་) མཛད་པ་དང་། རྫོགས་པ་ཆེན་པོ་སྙིང་ཐིག་སོགས་རྒྱ་ཁྱབ་ཀྱིས་སྤེལ་གནང་བས། རྗེས་རབས་པས་ཁོང་ལ་གུས་བཀུར་ཆེན་པོ་ཞུས་པ་རེད།
མདོར་ན། ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་དྲངས་ནས་བན་ཆོས་སྤེལ་གནང་བ་དང་། ཡང་དང་ཡང་དུ་བོན་པོ་དག་དང་འཐབ་ནས་རྒྱལ་ཏེ་བན་ཆོས་བོད་དུ་གཞི་ཚུགས་པའི་སྐབས་སུ། སློབ་དཔོན་ཁོང་གི་རྗེས་འཇུག་པ་དག་གིས་ཐོག་མའི་དུས་ཡིན་ནའང་ཆོགདེའི་རྗེས་སུ་ཡིན་ནའང་ཆོག གང་ལྟར་སློབ་དཔོན་ཁོང་ལས་བརྒྱུད་པའི་གསང་སྔགས་རྣམས་ས་གནས་ཀྱི་ཁྱད་ཆོས་དང་བསྟུན་པ་སྟེ། བོད་ཀྱི་གདོད་མའི་རྣམ་པ་སྲུང་འཛིན་གྱི་རྨང་གཞིའི་སྟེང་ནས་སྤེལ་བས། བོད་དུ་གསང་སྔགས་དར་འཕེལ་བྱུང་བ་མ་ཟད། པདྨ་འབྱུང་གནས་སློབ་དཔོན་དུ་མི་བཀུར་མཁན་མེད་པར་གྱུམ ལྷག་པར་དུ་དུས་རབས་བཅུ་གཉིས་པའི་ཡས་མས་སུ་རྙིང་མ་བའི་ཁྲོད་དུ་གཅིག་རྗེས་གཉིས་མཐུད་ཀྱིས་གཏེར་སྟོན་པ་མང་པོ་བྱུང་ནས་གཏེར་མང་པོ་བཏོན་པ་དང་། སློབ་དཔོན་པདྨའི་གོ་གནས་སྔར་བས་ཇེ་མཐོར་སོང་བས། དེའི་རྐྱེན་གྱིས་གེ་སར་སྒྲུང་གི་ཁྲོད་དུའང་སློབ་དཔོན་པདྨ་འབྱུང་གནས་ཆེས་མཐོ་སར་བཀུར་ནས་བསྟོད་ཡོད་ལ། གེ་སར་སྒྲུང་གི་སྒྲིག་གཞི་སྤྱིའི་ཁྲོད་དུ་སློབ་དཔོན་པདྨས་གོ་གནས་གལ་ཆེན་བཟུང་ཡོད། དེ་ནི་གེ་སར་སྒྲུང་བྱུང་བའི་སྤྱི་ཚོགས་རྒྱབ་ལྗོངས་དང་རྙིང་མ་བའི་གྲུབ་མཐའི་སྒྲིག་གཞིའི་དབར་འབྲེལ་བ་དམ་པོ་ཡོད་པ་ལས་བྱུང་བ་ཞིག་རེད། རྙིང་མ་བའི་གྲུབ་མཐའི་ཁེབས་རྒྱ་ཐར་ཐོར་ཡིན་པ་དང་། དགེ་སློབ་ཕྱོགས་སོ་སོར་གནས་པ་དང་། ལྷག་པར་དུ་མང་ཆེ་ཤོས་འབྲོག་ཁུལ་དུ་ཁ་འཐོར་ངང་གནས་ཏེ། རྙིང་མ་བ་ཁྱིམ་པ་རྣམས་ཀྱིས་ཆུང་མ་ལེན་ཞིང་བུ་ཕྲུག་བཙའ་ཆོག་པ་མ་ཟད། ད་དུང་ཐོན་སྐྱེད་ལས་ཀར་ཞུགས་པས། འབངས་མི་སེར་དང་འབྲེལ་བ་དམ་ཟབ་ཆགས་ཡོད། འདིར་གསལ་བཤད་ཞུ་དགོས་པ་ནི། གེ་སར་སྒྲུང་གི་ཁྲོད་དུ་གྲུབ་མཐའ་གཞན་དག་གི་གསང་སྔགས་ཉམས་ལེན་བྱེད་ཐབས་གཏན་ནས་མེད་པ་མ་ཡིན་ཏེ། དཔེར་ན་གེ་སར་སྒྲུང་ལ་བཀའ་བརྒྱུད་པའི་ཆོས་གཞུང་གི་ཤན་ཤུགས་ཀྱང་མང་པོ་ཐེབས་ཡོད་ཅེས་ཞུ་རྒྱུ་དེ་ཡིན།
གཉིས་པ། གེ་སར་སྒྲུང་ལས་མངོན་པའི་བོད་ཀྱི་གསང་སྔགས་རིག་གནས།
གེ་སར་སྒྲུང་གི་ཁྲོད་དུ་གསང་སྔགས་རིག་གནས་ནི་ཕྱོགས་གཉིས་ནས་མངོན་ཡོང་བ་སྟེ། གཅིག་ནི་སྒྲུང་ནང་གི་མི་སྣ་གཙོ་བོ་དག་གི་སྐད་ཆ་ལས་མངོན་པ་སྟེ། དེ་ནི་སྤྱིའི་ཆ་ནས་གསང་སྔགས་ཀྱི་ཉམས་ལེན་བྱ་ཐབས་སྣ་ཚོགས་ངོ་སྤྲོད་ཙམ་ལས་ཇི་ལྟར་ཉམས་ལེན་བྱེད་ཚུལ་བྱེ་བྲག་གིས་ཞིབ་འབྲི་བྱས་པ་ལས་མངོན་པ་ཞིག་མིན་པ་དང་། གཉིས་ནི་སྒྲུང་ནང་གི་ཡུལ་བརྙན་སྣ་ཚོགས་དང་གཏམ་རྒྱུད་ཀྱི་སྒྲིག་གཞི་སྣ་ཚོགས། མི་སྣའི་བྱ་བྱེད་སོགས་ལ་བརྟེན་ནས་ཅུང་ཞིབ་ཆ་ལྡན་པའི་སྒོ་ནས་གསང་སྔགས་ཀྱི་ནུས་པ་དང་རྣམ་པ་དག་ངོ་སྤྲོད་བྱས་པ་ལས་མངོན་གྱི་ཡོད། དེ་ཡང་གི་སར་སྒྲུང་ནང་དུ་གསང་སྔགས་ཀྱི་ནུས་པ་དང་རྣམ་པ་དག་རྒྱུན་པར་ལྷ་སྒྲུང་མང་པོ་ཞིག་དང་འབྲེལ་ནས་བྱུང་བ་དང་། བལྟས་ཚོད་ཀྱིས་ལྷ་སྒྲུང་ཞིག་ཏུ་སྣང་མོད། དོན་དངོས་སུ་དེ་དག་ནི་གསང་སྔགས་ཉམས་ལེན་བྱེད་མཁན་ལ་ཐོབ་པའི་གྲུབ་པ་སྣ་ཚོགས་ཀྱི་སྣང་ཚུལ་ཞིག་རེད། འདིར་རེ་རེ་བཞིན་བཤད་དཀའ་ནའང་། ཚབ་མཚོན་རང་བཞིན་གྱི་དཔེ་འགའ་བཀོད་ནས་མདོར་བསྡུས་ཤིག་བཤད་ན་འདིལྟར།
གཅིག བདེ་སྟོང་ཟུང་འཇུག
སྒྲུང་དཔེའི་ནང་དུ། “འཛམ་གླིང་སེང་ཆེན་རྒྱལ་པོ་དེ་ཉིད་ཡི་དམ་གུ་རུ་དྲག་པོའི་བསྙེན་མཚམས་ལ་བཞུགས་ནས་ཡོད་པའི་སྐབས། ནག་ཟླའི་ཚེས་བཅུའི་ཐོ་རངས་ཁར་ནམ་མཁའ་འཇའ་ཡི་གུར་ཁང་ནས། ཨོ་རྒྱན་པདྨ་འབྱུང་གནས་ལ་མ་རྒྱུད་མཁའ་འགྲོ་འབུམ་གྱིས་བསྐོར་ནས་ལུང་བསྟན་རྡོ་རྗེའི་རང་སྒྲ་འདི་གསུངས་པ་སྟེ། ང་འདྲ་རྒྱལ་བའི་གདུང་འཚོབ་ལ། །གསང་སྔགས་སྟོན་པ་པདྨ་འབྱུང། །བུ་གེ་སར་ཡེ་ཤེས་ལྷ་ཡི་སྲས། །དུག་མ་རིག་གཉིད་ཀྱི་རང་བཞིན་དེ། །ངོ་ཤེས་ན་འོད་གསལ་ཆོས་སྐུ་ཡིན། །དོན་དེ་ཕྱིར་སྡུག་བསྔལ་མ་ཁྱེར་ཟེར། །སེམས་སྟོང་ཉིད་ངང་ནས་ཡར་ལ་བཞེངས། །ངག་གྲག་སྟོང་ངང་ནས་སྙན་གྱིས་གསོན། །དོན་བདེ་སྟོང་ངང་ནས་ཐུགས་ལ་ཞོག །”②ཅེས་བྱུང་བ་བཞིན། བདེ་སྟོང་ཟུང་འཇུག་ནི་གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་སྒོམ་རྩལ་ཁྱད་པར་བ་ཞིག་དང་སྒོམ་པའི་རིམ་པ་གཙོབོ་ཞིག་ཡིན། དེ་དང་མདོ་ཕྱོགས་ཀྱི་འདོད་ལོག་ཆོས་ཀྱི་གེགས་ཞེས་པའི་ལྟ་བ་གཉིས་མི་མཐུན། དེ་བཞིན་《རྒྱུད་རྡོ་རྗེ་རྩེ་མོ་》ལས། “ཨེ་མའོ་རང་བཞིན་རྣམ་པར་དག །དྲི་མར་རྗེས་འབྲེལ་ཆགས་རང་བྱུང། །འདོད་ཆགས་བྲལ་བས་རྣམ་དག་ཕྱིར། །དྲི་མ་ཡིས་ནི་འདུལ་བར་བྱེད། །”ཅེས་བདེ་སྟོང་ཟུང་འཇུག་ནི་རང་བཞིན་གྱིས་རྣམ་པར་དག་པ་དང་། ཉོན་མོངས་དེ་ག་ལམ་དུ་བྱེད་པའི་ཐབས་ཤིག་ཡིན་པ་གསལ་པོར་གསུངས་ཡོད། དེའི་ཕྱིར། གངས་ཅན་གྱི་ལྗོངས་སུ་གསང་སྔགས་ཀྱི་སྟོན་པ་པདྨ་འབྱུང་གནས་ཀྱིས་སྣོད་དུ་རུང་བའི་ཡེ་ཤེས་ལྷ་ཡི་སྲས་པོ་གེ་སར་ལ། མ་རིག་པའི་རྨོངས་གཉིད་ལས་སད་ཕྱིར་དུག་ལྔའི་རང་བཞིན་ངོ་ཤེས་ནས་དྲང་ལམ་ལ་ཕྱོགས་དགོས་པ་དང་། བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་ལ་བརྟེན་ནས་གོ་དཀའ་བའི་གནས་ལུགས་ལ་རྒྱུས་ལོན་གཏིང་ཟབ་དགོས་པའི་ལུང་བསྟན་དང་བསླབ་བྱ་གནང་བར་བརྗོད་པ་རེད། དེས་ན་གཤམ་བཀོད་ཀྱི་དཔེར་བརྗོད་ལས་བདེ་སྟོང་ཟུང་འཇུག་ཅེས་པ་ནི་ག་འདྲ་ཞིག་ཡིན་མིན་སྔར་བས་ཇེ་གསལ་དུ་འགྲོ་སྟེ། “དེ་ནས་དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཚེས་ཁྱད་པར་ཅན་ཡར་ངོའི་ཚེས་བཅུའི་ཉིན། འཆི་མེད་པདྨ་ཐོད་ཕྲེང་དེ་ཉིད་ཀྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ནས། ཆོས་དབྱིངས་ཁྱབ་བརྡལ་གྱི་ཏིང་ངེ་འཇི་ན་ལ་ཞུགས་ཏེ། དབུ་གཙུག་ནས་འོད་ཟེར་ལྗང་གུ་ཞིག་གིས་ཆོས་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་རྒྱུད་བསྐུལ་བ་དང་། ཆོས་དབྱིངས་ཀུན་ཏུ་བཟང་པོའི་ཐུགས་ཀ་ནས། རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཞིག་འཕྲོས་ཏེ་རྩ་གསུམ་དགའ་བའི་ཚལ་ན་ལྷ་སྲས་བདེ་མཆོག་དཀར་པོའི་སྤྱི་བོ་ནས་ཞུགས་པས། བརྗོད་མེད་ཀྱི་བདེ་བ་སྐྱེས་ཏེ་དཔའ་བོ་རྟ་མགྲིན་དུ་གྱུར་བའི་སྣང་བ་ཤར། ཡུམ་མཆོག་ནམ་མཁའི་དབྱིངས་ཕྱུག་མའི་ཐུགས་ཀ་ནས་པདྨ་དམར་པོ་འདབ་མ་བཅུ་དྲུག་ཟེའུ་འབྲུ་ལ་ཨཱཿཡིས་མཚན་པ་ཞིག་འཕྲོས་ཏེ་ལྷ་མོ་སྒྱུ་མ་བདེ་མཛེས་མའི་སྤྱི་བོར་ཞུགས། བརྗོད་མེད་ཀྱི་ཉམས་འབར། རྡོ་རྗེ་ཕག་མོའི་སྐུར་གྱུར་བའི་སྣང་བ་ཤར། རྟ་ཕག་ཡབ་ཡུམ་མ་ཆགས་ཐབས་ཀྱིས་སྦྱོར་བས། བདེ་སྟོང་ཟུང་འཇུག་གི་ངང་ལས་སྙོམས་པར་ཞུགས་པའི་སྒྲས་ཕྱོགས་བཅུའི་བདེ་བར་གཤེགས་པའི་ཐུགས་རྒྱུད་བསྐུལ་ཏེ། བཅོམ་ལྡན་འདས་རྒྱལ་བ་རིགས་ལྔའི་ཐུགས་ཀ་ནས་འོད་ཟེར་སྣ་ཚོགས་ཕྱོགས་བཅུར་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས། ཚུར་འདུས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་ངོ་བོ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ཞིག་གི་རྣམ་པར་གྱུར། བདེ་མཆོག་དཀར་པོའི་སྤྱི་བོ་ནས་ཞུགས་པ་དེ་ཉིད་བདེ་ཆེན་གྱི་མེས་ཞུ་ནས། སྒྱུ་མ་ལྷ་མཛེས་ཀྱི་མཁའ་དབྱིངས་སུ་ཡེ་ཤེས་རླུང་གི་རང་བཞིན་སྤྲུལ་བའི་སྐུར་བྱིན་གྱིས་བརླབས་ཏེ། མི་རིང་བར་ཉིད་ནས་ལྷ་ཕྲུག་གཟི་བྱིན་འོད་དུ་འབར་བ་མཐོང་ན་གྲོལ་ཞིང་ཐོས་ན་དགའ་བ་ཞིག་ལྷ་མོ་སྒྱུ་མ་མཛེས་ལྡན་གྱི་པང་དུ་བརྫུས་ཏེ་སྐྱེས་མ་ཐག་ཡི་གེ་བརྒྱ་པའི་སྔགས་སྒྲ་སྒྲོག་པ་ཞིག་འཁྲུངས། གསེར་གྱི་པདྨ་འདབ་མ་བརྒྱད་པ་ཞིག་གི་ཁར་མདའ་གང་མཚམས་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་”③ཞེས་པ་ལྟར། ཕྱག་རྒྱ་མ་ལ་དབྱེ་ན་ཡེ་རྒྱ་དང་ལས་རྒྱ་གཉིས་ཡོད་ལ། ཡེ་རྒྱ་ནི་གདོས་བཅས་མ་ཡིན་པར་ཟུང་འཇུག་གི་སྐབས་སྒོམ་པ་ལ་བརྟེན་དགོས་པ་དང་། ལས་རྒྱ་ནི་དངོས་རིག་སྟེ། ཤ་ཁྲག་གདོས་བཅས་ལ་གོ་བ་ཡིན། དེ་བས་གོང་གི་དཔེར་བརྗོད་གཉིས་ལས་བདེ་སྟོང་ཟུང་འཇུག་གི་ཡེ་རྒྱ་ནི་དངོས་རིག་མ་ཡིན་པར་སྒོམ་པ་ལ་བརྟེན་དགོས་པ་ཤེས་ནུས། འབྲེལ་ཡོད་དཔྱད་ཡིག་ཁག་གཅིག་གིས། “སྒོམ་སྟངས་འདིས་སེམས་ཅན་གྱི་ཆགས་པ་ཞུ་བར་བྱེད་པ་དང་། ཉོན་མོངས་བཏུལ་ནས་བྱང་ཆུབ་ཀྱི་གོ་འཕང་འཐོབ་ངེས་པ་དང་། དུག་གིས་དུག་སེལ་བའི་དཔེ་ལྟར་འདོད་སྲེད་ཀྱང་ཞུ་བར་བྱེད། དེས་ན་དེ་དང་འདོད་སྲེད་གཉིས་རྩ་བ་ནས་མི་གཅིག རྣལ་འབྱོར་བླ་མེད་རྒྱུད་ཀྱིས་བདེ་སྟོང་ཟུང་འཇུག་གི་ཐབས་ཀྱིས་གཏུམ་མོའི་མེ་དྲོད་སྒོམ་སླ་བར་འདོད་དེ། སྤྱིར་ཐིག་ལེ་དང་རྩ་རླུང་རྣམས་ཀྱི་འདུ་བྱེད་ལ་བརྟེན་ཏེ་ཐབས་ཟབ་མོའི་གནད་དང་མི་ལྡན་པར་འདོད་སྲེད་ཀྱི་དབང་གིས། མཐར་ཁམས་དཀར་དམར་མར་དོན་ཆེན་པོ་མེད་པར་འཕོ་འགྲོ་བའམ་རྒུད་འགྲོ་བ་སོགས་ཡིན་ཞིང། ལྡོག་སྟེ་བདེ་སྟོང་ཟུང་འཇུག་གི་ཉམས་ལེན་ཡིན་ན་རྣལ་འབྱོར་གྱི་སྒོམ་པས་རིམ་བཞིན་བདེ་བ་བཞི་མྱོང་མཐར་སེམས་ཀྱི་རང་གཤིས་གསལ་ཞིང་ཤེས་རབ་ཆེན་པོ་ཐོབ་”④པར་འདོད། གོང་གསལ་ལྷ་སྲས་ཐོས་པ་དགའ་སྐུ་བལྟམས་པའི་བརྒྱུད་རིམ་དེ་ལས། ཁ་གསལ་ཞིང་གོ་འཛོལ་མེད་པའི་སྒོ་ནས་གསང་སྔགས་ཀྱི་ལྟ་གྲུབ་བརྒྱུད་སྤེལ་བྱས་ཡོད་ལ། ངོས་འཛིན་དེ་འདྲར་གཞི་བྱས། ད་གཟོད་《འཁྲུངས་གླིང་མེ་ཏོག་ར་བ་》ལས་ཇོ་རུ་སྐུ་འཁྲུངས་ཁ་མར། “སྤྱི་བོ་བདེ་ཆེན་འཁོར་ལོ་གཅིག །མགྲིན་པ་ལོངས་སྤྱོད་འཁོར་ལོ་གཉིས། །སྙིང་ཁ་ཆོས་ཀྱི་འཁོར་ལོ་གསུམ། །ལྟེ་བ་སྤྲུལ་པའི་འཁོར་ལོ་བཞི། །གསང་གནས་བདེ་སྐྱོང་འཁོར་ལོ་ལྔ། །གར་འོང་གཏམ་ལན་ཨ་མས་གྱིས། །”⑤ཞེས་པ་དང་། ཨ་མས་ཀྱང། “མགྲིན་པ་སྙིང་ཁ་ལྟེ་བ་གསུམ། །མི་གཡོ་བཞུགས་པའི་རྩ་འཁོར་ཡིན། །སྤྱི་གསང་གཉིས་ཀྱི་རྩ་འཁོར་དེ། །འགྲོ་དང་འོང་ཡའི་སྒོ་མོ་ཡིན། །སྤྱི་བོ་ནས་བརྒྱུད་བདེ་སྐྱོང་གི །གནས་ནས་བྱོན་དང་རྟེན་འབྲེལ་ཡོད། །འཁོར་ལྔའི་རྩ་ལ་བཟང་ངན་མེད། །བླ་མ་བྱིན་རླབས་འཐིབས་སེ་ཡོད། །དགྲ་ལྷ་སྤྲིན་ཕུང་འཁྲིགས་འདྲ་གདའ། །ཝེར་མ་སྦྲང་ཆར་བབས་བབས་རེད། །ཆོས་སྐྱོང་གློག་དམར་འཁྱུག་འཁྱུག་རེད། །མཁའ་འགྲོ་གར་སྟབས་ཤིགས་སེ་འདུག །མ་བཞུགས་ལྷ་སྲས་འབྱོན་རྒྱུ་བྱོས། །ལྷ་ཨོ་རྒྱན་པདྨའི་ཚེ་ཆུ་དང་། །གྲུབ་པའི་རྒྱལ་མོའི་བདུད་རྩི་ཡོད། །བདུད་བཞི་དམ་ལ་ཐོགས་པར་ཤོག །མཐའ་བཞི་བྲན་དུ་འགྱུར་བར་ཤོག །སྐུ་ཚེ་མཐའ་རུ་ཕྱིན་པར་ཤོག །ཁམས་གསུམ་དབང་དུ་འདུས་པར་ཤོག །སྲིད་གསུམ་ཟིལ་གྱིས་གནོན་པར་ཤོག །ལྷ་གོང་མའི་འགྲོ་དོན་འགྲུབ་པར་ཤོག །མ་མཁའ་འགྲོའི་བདེན་ཚིག་འགྲུབ་པར་ཤོག །”⑥ཅེས་གསུངས་པ་མ་ཟད། དེའི་ཚེ་བླ་མ་པདྨ་འབྱུང་གནས་ཀྱིས་བཀྲ་ཤིས་སྨོན་ལམ་བདེན་ཚིག་གསུངས་པ་དང་། ལྷ་རྣམས་ཀྱིས་རོལ་མོའི་སྒྲ་དང་། མེ་ཏོག་གི་ཆར་ཕབ། འཇའ་འོད་ཀྱི་གུར་ཕུབ། གུ་རུས་ལྷ་བུ་ལ་མཚན་འཛམ་གླིང་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་ཞེས་གསོལ་བས། ཇོ་རུ་དེ་ཉིད་སྐུ་གསུམ་ཡོན་ཏན་ལ་མངའ་བརྙེས་ཤིང་ཞི་དྲག་ལས་ཐབས་ལ་དབང་འབྱོར་ཏེ། ཡོན་ཏན་དང་གཟི་བྱིན་སྲིད་ན་འགྲན་ཟླ་དང་བྲལ་བར་གྱུར་བའི་སྐོར་བརྗོད་ཡོད།
གཉིས། ཡི་དམ་ཞལ་གཟིགས།
གསང་སྔགས་ཉམས་སུ་ལེན་པ་ལ་གོ་རིམ་དང་སྔ་གཞུག་གསལ་པོ་ཞིག་ཡོད་དགོས་པ་ལས། དང་པོ་ཞུགས་མ་ཐག་ནས་གོང་དུ་བརྗོད་ཟིན་པའི་རྣལ་འབྱོར་བླ་མེད་རྒྱུད་ཀྱི་རིམ་པ་ལ་ཐོན་མི་སྲིད་པ་མ་ཡིན་ཡང་། སྤྱིར་ཉམས་ལེན་པ་ཞིག་ཡིན་ན། དགེ་བ་བཅུ་ལ་བརྟེན་ནས་རང་གི་རྩ་བའི་བླ་མ་འདེམས་དགོས་པ་དང་དབང་བསྐུར་བ་སྔོན་དུ་སོང་ནས་ལམ་ལ་འཇུག་དགོས་པ་ཡིན། དེ་དག་གསང་སྔགས་ལ་འཇུག་པའི་སྒོ་ལྟ་བུ་ཡིན་སྟབས། སྐྱབས་འགྲོ་བཞི་སྐོར་གྱི་སྒོ་ནས་སྐྱབས་སུ་སོང་སྟེ་ཕྱག་འཚལ་བ་དང་ཡིག་བརྒྱ་འདོན་པ་སོགས་གྲངས་ཀའི་ཚད་ལོངས་པར་བྱས་ཏེ། དེའི་རྨང་གཞིའི་སྟེང་ད་གཟོད་ཡི་དམ་གྱི་ལྷ་སྒྲུབ་དགོས་པ་དཔེར་ན། གེ་སར་སྒྲུང་གི་ཁྲོད་དུ་གེ་སར་ཁོང་གཡུལ་ལས་རྣམ་པར་རྒྱལ་ཐེངས་རེར་སངས་རྒྱས་ཆོས་ལུགས་རྒྱ་ཆེར་སྤེལ་བས། བློན་འབངས་རྣམས་ཀྱིས་ཀྱང་བོན་ལས་བན་ཆོས་ལ་དད་ནས་བླ་མ་དང་སངས་རྒྱས། ཆོས། དགེ་འདུན་སོགས་ལ་ཐོག་མར་སྐྱབས་སུ་སོང་ཡོད་པ་ལྟ་བུ་དང་། ཡང་དཔེར་ན་ཁ་ཆེའི་“བློན་རྒན་དྲན་པ་རང་ཤར་ལ་རྫོགས་ཆེན་སངས་རྒྱས་ལག་བཅང་། འཕོ་བ་མ་བསྒོམས་སངས་རྒྱས། བར་དོ་ཆོས་ཉིད་རང་གྲོལ་བཅས་གནང་ནས་ཞག་བདུན་སྒོམ་པས་དངོས་སུ་གྲུབ་པ་ཐོབ་པ་བྱུང་ཞིང་། གྲུབ་པའི་རྒྱལ་མོའི་ཚེ་དབང་ཞིག་གནང་བས་ལོ་དྲུག་ཅུའི་ན་ཚོད་དུ་གྱུར་ནས་ད་དུང་ལོ་བཅུ་གསུམ་བར་འཚོ་བར་ཞལ་བཞེས་གནང་”⑦ཞེས་པ་དང་། “རྒྱལ་མཆོག་མི་ཡི་ཉི་མ་དེ་ཉིད། བསྟན་འགྲོ་སེམས་ཅན་གྱི་དོན་དུ་ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་བསྙེན་སྒྲུབ་ལ་བརྩོན་པའི་མཚམས་དམ་པར་བསྡམས་ནས། འབྲུག་མོ་མི་ཆུང་ཐང་རྩེ་གསུམ་མ་གཏོགས་སུས་ཀྱང་མཇལ་བར་མེད་པར་མཛད། གཞན་གླིང་དཀར་གྱི་དཔའ་ཐུལ་མོ་སྨད་ཐམས་ཅད་ཀྱང་། རང་རང་གི་ཡི་དམ་གྱི་བསྙེན་སྒྲུབ་དང་ལས་སྒོ་སོགས་ལ་བརྩོན་ནས། སྔར་སྲོལ་མི་ཉམས་པར་མཛད་ནས་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་ནས་བདེ་བར་བཞུགས་སོ་”⑧ཞེས་བྱུང་བ་ལྟར་ཡིན།
དེ་བཞིན་ཡི་དམ་སྒྲུབ་པ་ལ་གཞུང་ལུགས་ཀྱི་ཟབ་ཚད་མི་འདྲ་བ་ལ་བརྟེན་ནས་གོང་བཀུར་དང་སྒོམ་གྱི་ཐབས་ལམ་ཡང་མི་འདྲ། དེའི་ཕྱིར་གེ་སར་སྒྲུང་གི་ཁྲོད་དུ་གླིང་གི་རྒྱལ་བློན་སོ་སོར་རང་ཉིད་ཀྱིས་བརྟེན་པའི་ཡི་དམ་གྱི་ལྷ་ཡོད་པ་དང་། ལས་གལ་པོ་ཆེ་ལ་ཐུག་དུས་རང་རང་གི་མདུན་དུ་ཡི་དམ་ལྷ་ཡིས་རང་གཟུགས་སྟོན་ཚུལ་འཁོད་ཡོད། ལྷག་པར་དུ་སྣང་ཚུལ་དེ་རིགས་ཆེས་མང་བ་ནི་གེ་སར་དང་ཁྲོ་ཐུང་གཉིས་ཀྱི་ཐོག་ནས་མངོན་པ་དང་། དེ་ཡང་དུས་རྒྱུན་ཏིང་འཛིན་ལ་བཞུགས་པའི་སྐབས་སུ་ཡི་དམ་ལྷ་ཡིས་རང་གཟུགས་བསྟན་པ་དང་སྦྲགས། ལུང་བསྟན་གནང་བའི་གནས་ཚུལ་མང་པོ་འབྱུང་གིན་ཡོད། གོང་དུ་ང་ཚོས་གསང་སྔགས་ལ་ཐོག་མར་འཇུག་སྐབས་དབང་ལུང་ཞུ་བ་སྔོན་དུ་འགྲོ་དགོས་པར་བཤད་ཅིང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཉམས་སུ་ལེན་པ་ལ་ད་དུང་དབང་བཞི་ལེན་དགོས་ཏེ། བུམ་དབང་ཐོབ་ནས་བསྐྱེད་རིམ་སྒོམ་པ་ལ་དབང་། གསང་དབང་ཐོབ་ནས་རྫོགས་རིམ་སྒོམ་པ་ལ་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ནས་ཟུང་འཇུག་ལ་བརྟེན་ཏེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་སྤྲོད་པར་བྱེད་པ་བཅས། དོན་དམ་པའི་དབང་(རྙིང་མ་པས་འདི་ལ་རྫོགས་པ་ཆེན་པོའི་དབང་དང་། བཀའ་བརྒྱུད་པས་ཕྱག་རྒྱ་ཆེན་པོའི་དབང་། དགེ་ལུགས་པས་ཚིག་དབང་རིན་པོ་ཆེ་ཞེས་བྱ་) ཐོབ་ནས་རྫོགས་རིམ་གོང་མའམ་ཕྱི་མ་ཕྱི་མའི་སྐོར་བསྒོམས་ཏེ་དོན་གྱི་འོད་གསལ་མཐར་ཐུག་པ་སྟོན་པར་བྱེད། “སྤྱིར་བཏང་འདི་སྐབས་དབང་བཞི་ཐོབ། སྒྲིབ་བཞི་དག ལམ་བཞི་སྒོམ་པ་ལ་དབང་། འབྲས་བུ་སྐུ་བཞི་ཐོབ་པ་སྟེ་བཞི་བཞི་བཅུ་དྲུག་འགྲོ་བ་ཡིན་”⑨ནོ། དེས་ན་གསང་སྔགས་ཉམས་ལེན་བྱེད་མཁན་ཞིག་ལ་མཚོན་ན། བསྐྱེད་རིམ་ཉམས་ལེན་བྱས་རྗེས་ད་གཟོད་རྫོགས་རིམ་ཉམས་ལེན་བྱ་ཆོག་ཅེས་པ་འདི་ལ་ཁྱབ་པ་མེད་མོད། གེ་སར་སྒྲུང་གི་ནང་དུ་ཁྲོ་ཐུང་བཟའ་མི་གཉིས་དབར་ཕན་ཚུན་གླུ་བླངས་པའི་ཁྲོད་བྱ འདན་བཟའ་མས། “མར་ཉལ་ཏིང་འཛིན་མེད་པ་ལ། །རྨི་ལམ་ལུང་བསྟན་ཅི་གོ་རེད། །ཡར་ལངས་ཐུགས་དམ་མེད་པ་ལ། །ཡི་དམ་ཞལ་གཟིགས་ཅི་ལ་འོང། །”⑩ཞེས་དང་། ཁྲོ་ཐུང་གིས། “ང་འདྲ་སྟག་རོང་དཔོན་པོ་འདིའི། །ཕྱི་སྣོད་པདྨ་དབང་གི་ཞིང་། །ནང་བཅུད་རྟ་མཆོག་རོལ་བའི་སྐུར། །ཡང་དག་ཤེས་པའི་བསྐྱེད་རིམ་དང་། །མི་དམིགས་ཁྱབ་གདལ་རྫོགས་རིམ་ལ། །ཉིན་མོར་ཡེངས་པ་མེད་དང་གཅིག །མཚན་སྣང་འཁྲུལ་བ་མེད་དང་གཉིས། །ཨ་འཐས་ཞེན་འཇིན་མེད་དང་གསུམ། །དེ་གསུམ་ཚེའདིར་གོམས་པ་ཡིས། །གསལ་སྟོང་སེམས་ཀྱི་མེ་ལོང་ངོར། །རབ་གསལ་མཁྱེན་པའི་གཟི་བྱིན་འབར། །ལུང་བསྟན་གློག་གི་ཕྲེང་བ་ཤར། །དོན་བཟང་སྣང་བས་བརྒྱན་ཏེ་བྱུང་། །”⑾ཞེས་འཁོད། གླུ་ཚིག་འདི་གཉིས་ནི་ཚིག་ཉུང་ཞིང་དོན་འདུས་པ་ཞིག་ཡིན་པ་སྟེ། ཡང་དག་ཤེས་པའི་བསྐྱེད་རིམ་དང་མི་དམིགས་ཁྱབ་གདལ་རྫོགས་རིམ་གཉིས་སོ་སོར་གསལ་ཁ་ཕྱེ་བ་དང་། ཕྱི་ནང་གི་སྒྲུབ་ཐབས་ཕན་ཚུན་དབར་གྱི་འབྲེལ་བ་གསལ་བར་བྱས་པ་མ་ཟད། ཡི་དམ་སྒྲུབ་པ་དང་སྣང་སྟོང་ཟུང་འཇུག་ལས་ཐོབ་པའི་ནུས་པ་རྣམས་ཕྱོགས་བསྡོམས་ཀྱི་ཚུལ་གྱིས་བསྟན་པ་ཧ་ཅང་གསལ་བའི་ཕྱིར།
ཡང་དག་ཤེས་པའི་བསྐྱེད་རིམ་དང་མི་དམིགས་ཁྱབ་གདལ་རྫོགས་རིམ་གཉིས་སྒྲུབ་པའི་སྐབས་སུ། རྩ་ནི་སྔགས་བླ་མེད་ཀྱི་ལུས་ལ་གནད་དུ་བསྣུན་ཏེ་ཤེས་པ་མཚན་འཛིན་ལས་གྲོལ་བར་བྱེད་པའི་ཐབས་ཀྱི་ཡན་ལག་གལ་ཆེན་ཞིག་ཡིན་ཞིང་། རྩ་དེ་རྣམས་ལས་རྩ་དབུ་མ་ནི་ལྟེ་བ་དང་གཞན་དག་ནི་རྩིབས་མའི་ཚུལ་གྱིས་གྲུབ་ཡོད། གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་རྒྱུད་ལས་རྩའི་རྣམ་གཞག་རྒྱ་ཆེར་གསུངས་ཏེ། ཐུན་མོང་ཡོངས་གྲགས་ལ་རྩ་རགས་པ་མིག་གི་སྤྱོད་ཡུལ་དུ་གྱུར་བའི་ཁྲག་རྩ་རྣམས་ནི་མིའི་ལུས་པོའི་ཁྲག་རྒྱུན་འཁོར་རྒྱུག་གི་རྒྱུ་ལམ་ལྟ་བུ་ཡིན་པ་དང་། སྔགས་ལུགས་ལ་སྤྱིར་ན་རྩ་ལམ་བདུན་ཁྲི་ཉིས་སྟོང་ཡོད་སྐད་མོད། འོན་ཀྱང་སྒྲུབ་པ་ཉམས་ལེན་མཁན་ལ་མཚོན་ན། རྩ་དབུ་མ་དང་རྩ་རྐྱང་མ། རྩ་རོ་མ་སྟེ། རྩའི་གཙོ་བོ་གསུམ་པོ་ཆེས་གལ་ཆེ་བ་ཡིན་པར་བཤད། རྩ་དེ་གསུམ་ལས་རྩ་དབུ་མ་ནི་ཆེས་གཙོ་བོ་ཡིན་པ་དང་། དེའི་ཡར་སྣེ་སྤྱི་གཙུག་དང་མར་སྣེ་གསང་གནས་ལ་ཐུག་ཡོད་ཅིང་རིམ་པ་གསུམ་དུ་དབྱེ་བ་སྟེ། སྨིན་མའི་མཚམས་ནས་སྙིང་ཁའི་བར་རིམ་པ་དང་པོ་དང་། སྙིང་ཁ་ནས་ལྟེ་བའི་ཞབས་སོར་བཞིའི་བར་རིམ་པ་གཉིས་པ། ལྟེ་བའི་ཞབས་སོར་བཞི་ནས་གསང་གནས་བར་རིམ་པ་གསུམ་པའོ། རྩ་རྐྱང་མ་དང་རྩ་རོ་མ་གཉིས་ནི་རྩ་དབུ་མའི་གཡས་གཡོན་གཉིས་སུ་གནས་ཤིང་། རྩ་དབུ་མ་དང་བར་ཐག་སོར་གཉིས་ཙམ་ཡོད། རྩ་དེ་རྣམས་ནི་ཕྲ་བ་ཆོས་ཉིད་དམ་སྒོམ་སྟོབས་ཀྱིས་བཞག་པ་ལས། དངོས་པོའི་གནས་ཚོད་ལ་དེ་ལྟར་ཡོད་མིན་རྩོད་པ་ཡོད་པས། ཞིབ་ཆ་འབྱེད་རྒྱུ་ནི་གལ་ཆེ་བར་མཐོང་། དངོས་པོ་ལ་མེད་ན་མདོག་དབྱིབས་ཚད་ཅན་འོང་དོན་མི་འདུག་སྙམ་ན། དེ་ནི་སྒོམ་ཚུལ་ཙམ་བསྟན་པ་ཡིན། གཡོན་པ་རྩ་རྐྱང་མའི་ཡར་སྣེ་དེ་རྣ་ཅོག་བརྒྱུད་ནས་སྣ་ཁུང་གཡོན་པ་རུ་ཁ་བཀར་ནས་བསྲིངས་ཡོད་པ་དང་། གཡས་པ་རྩ་རོ་མའི་ཡར་སྣེ་དེ་རྣ་ཅོག་བརྒྱུད་ནས་སྣ་ཁུང་གཡས་པ་རུ་ཁ་བཀར་ནས་བསྲིངས་ཡོད། རྩ་རོ་མ་དང་རྐྱང་མ་གཉིས་ལྟེ་བའི་ཞབས་སོར་བཞི་ཙམ་གྱི་མཚམས་སུ་རྩ་དབུ་མ་དང་ཐུག་པ་རེད། རྩ་དེ་གསུམ་སྤྱི་གཙུག་དང་། མགྲིན་པ། སྙིང་ཁ། ལྟེ་བ་སོགས་ཀྱི་གནས་ནས་རྩ་མདུད་རྒྱག་བཞིན་ཡོད། གསང་སྔགས་ཀྱི་རྣལ་འབྱོར་བླ་མེད་རྒྱུད་ལས་རྩ་སོ་སོའི་ལྟེ་བ་དེ་རྩ་དབུ་མ་དང་འབྲེལ་བའི་གནས་སུ་ཡོད་པར་བཤད། དེའི་རྐྱེན་གྱིས་གེ་སར་སྒྲུང་གི་ཁྲོད་དུ་ཡི་དམ་སྤྱན་འདྲེན་གྱི་སྐབས་སུ་སྣང་ཚུལ་འདི་འདྲ་ཞིག་འབྱུང་སྟེ།
“གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །རྗེ་རྩ་བའི་བླ་མ་རྡོ་རྗེ་འཆང་། །སྐུ་དུར་ཁྲོད་ཆས་བརྒྱད་ཧེ་རུ་ཀ །འཁོར་རྩ་རླུང་བླ་མའི་འཁོར་གྱིས་བསྐོར། །མགོ་སྤྱི་གཙུག་འདི་ཡི་རྒྱན་དུ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་མེ་རི་འབར་བའི་དུར་ཁྲོད་ན། །ལྷ་ཡི་དམ་བདེ་མཆོག་འཁོར་ལོ་བཞུགས། །མ་དཔའ་བོ་མཁའ་འགྲོས་བར་སྣང་གང་། །མགྲིན་པ་ལོངས་སྤྱོད་རྒྱན་དུ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་ཨོ་རྒྱན་རང་བྱུང་དུར་ཁྲོད་ན། །མ་མཁའ་འགྲོ་རྡོ་རྗེ་འཕགས་མོ་བཞུགས། །མ་ཌཱཀྐི་བྱེ་བའི་ཚོགས་ཀྱིས་བསྐོར། །ངའི་སྙིང་ཁ་རྡོ་རྗེའི་ཁྲི་ལ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་རྔམ་བརྗིད་རོལ་བའི་དུར་ཁྲོད་ན། །མགོན་ཆོས་སྐྱོང་མ་ཧཱ་ཀ་ལ་བཞུགས། །འཁོར་ཆོས་སྐྱོང་དྲེགས་པ་ཕོ་མོས་བསྐོར། །ངའི་ལྟེ་བ་རིན་ཆེན་ཁྲི་ལ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུར། །གནས་ལྕང་ལོ་ཅན་གྱི་བྱང་སྒོ་ན། །ལྷ་རྒྱལ་ཆེན་རྣམ་སྲས་མདུང་དམར་ཅན། །འཁོར་ནོར་ལྷ་གཏེར་བདག་བྱེ་བའི་ཚོགས། །ངའི་གསང་གནས་རལ་གྲིའི་ཁྲི་ལ་བཞུགས། །མ་འདི་ཡི་བློ་སྣ་ཆོས་ལ་སྒྱུམ །”⑿ཞེས་པ་ལྟ་བུ་དང་། ཡང་སྒྲུང་ནང་དུ། “དབུ་མ་རྩ་ཡི་རྩེ་མོ་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་མཁྱེན། །རྐྱང་མ་རྩ་ཡི་རྩེ་མོ་ནས། །ལོངས་སྐུ་ཐུགས་རྗེ་ཆེན་པོ་མཁྱེན། །རོ་མ་རྩ་ཡི་རྩེ་མོ་ནས། །སྤྲུལ་སྐུ་པདྨ་འབྱུང་གནས་མཁྱེན། །སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། །དྲིན་ཅན་རྩ་བའི་བླ་མ་མཁྱེན། །”⒀ཞེས་པ་ལྟ་བུའོ། ཁྱད་པར་གེ་སར་རྒྱལ་པོ་སྐུ་བལྟམས་པའི་གོང་རོལ་དུ་མ་ཡུམ་འགོག་མོས། “མགྲིན་པ་སྙིང་ཁ་ལྟེ་བ་གསུམ། །མི་གཡོ་བཞུགས་པའི་རྩ་འཁོར་ཡིན། །སྤྱི་གསང་གཉིས་ཀྱི་རྩ་འཁོར་དེ། །འགྲོ་དང་འོང་བའི་སྒོ་མོ་ཡིན། །སྤྱི་བོ་ནས་བརྒྱུད་བདེ་སྐྱོད་གི །གནས་ནས་བྱོན་དང་རྟེན་འབྲེལ་ཡོག །འཁོར་ལྔའི་རྩ་ལ་བཟང་ངན་མེད། །”⒁ཅེས་གླུ་བླངས་པ་ལྟ་བུ་སོགས། གླུ་ཚིག་དེ་དག་གིས་གསང་སྔགས་ཀྱི་སྔོན་བྱོན་མཁས་གྲུབ་རྣམས་ཀྱི་ལག་ལེན་ཁྲོད། མིའི་ལུས་སྟེང་ན་རྩ་དབུ་མ་ཞིག་ཡོད་པའི་གནས་ལུགས་རྙེད་པ་དང་ཐོད་ཐུག་པ་རེད། དེ་ཉིད་མིའི་ལུས་སྟེང་གི་མཚན་དབྲག་དང་སྤྱི་གཙུག་གཉིས་དབར་ཡོད་པ་དང་། རྣལ་འབྱོར་པས་སྒོམ་པའི་སྐབས་སུ་སྦྱོད་བ་ལ་བརྟེན་ནས་རྩ་གཞན་ན་རྒྱུ་བའི་མ་དག་པའི་ལས་རླུང་ཐམས་ཅད་རྩ་དབུ་མའི་ནང་དུ་བཙུད་དེ་ཡེ་རླུང་ལམ་དུ་བྱས་པས། ད་གཟོད་རིམ་གྱིས་གྲུབ་པ་ཐོབ་པར་བཤད། དེའི་རྐྱེན་གྱིས་གོང་གི་གླུ་ཚིག་ཁྲོད་དུ་“རྟེན་འབྲེལ་ཡོད་”ཅེས་བྱུང་བའང་རྒྱུ་མཚན་མེད་པ་ཞིག་མིན་སྙམ།
གསུམ། རྫོགས་པ་ཆེན་པོ།
རྫོགས་པ་ཆེན་པོ་ནི་སྔགས་རྙིང་མའི་ཆོས་སྐད་དེ། སེམས་ཀྱི་རང་བཞིན་ལ་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། སྐུ་གསུམ་གྱི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པར་རྫོགས་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆེན་པོ་ཡིན་པས་རྫོགས་པ་ཆེན་པོ་ཞེས་བྱ། དེ་ལ་ནང་གསེས་སེམས་སྡེ་དང་། ཀློང་སྡེ། མན་ངག་སྡེ་བཅས་གསུམ་ཡོད། གེ་སར་སྒྲུང་ཡིག་ལས། གེ་སར་རྒྱལ་པོ་རྔ་ཡབ་གླིང་དུ་བྱོན་སྐབས། “སློབ་དཔོན་རིན་པོ་ཆེས་ཆོས་འཆད་ཀྱི་ཕྱག་རྒྱ་དང་སྐུ་ལུས་འོད་ཟེར་ཕྲོམ་ཕྲོམ་མཛད་ནས་ཆོས་ཐེག་པ་རིམ་དགུ་དང་། མདོར་ན་མདོ་སྔགས་ཀྱི་ཆོས་བུམ་པ་གང་བྱོ་ལྟ་བུར་གནང་ཞིང་། ཁྱད་པར་དུ་རྫོགས་པ་ཆེན་པོ་ཡང་གསང་སྙིང་གི་ཐིག་ལེ་གསལ་རྫོགས་རྒྱས་གསུམ་གྱི་སྒོ་ནས་ལེགས་པར་གསུངས་པས། དེ་མ་ཐག་ཏུ་རྒྱལ་མཆོག་གི་ཐུགས་ལ་འཁོར་འདས་དག་མཉམ་ཆེན་པོ་མངོན་སུམ་དུ་མཁྱེན་པའི་རྟོགས་པ་ཚད་མེད་འཕེལ་”⒂ཞེས་བྱུང་བ་དང་། དེ་རྗེས་རྒྱལ་མཆོག་ཉིད་ཕྱིར་གླིང་དཀར་སྟོད་དུ་ཕེབས་ཏེ། ཕོ་བྲང་སེང་འབྲུག་སྟག་རྩེ་ནས་རྔ་བོ་ཆེ་དང་གན་ཊི་སོགས་ཀྱི་བརྡ་བྱུང་བ་དང་མཉམ་དུ་ཆོས་ཞུ་མཁན་རླུང་བཞིན་འཚུབ་པ་རྣམས་ལ། དང་པོ་མདོ་ལུགས་ཀྱི་ཁྲིད་རྒྱས་པར་གནང་། དེ་རྗེས་སྔགས་ལུགས་ཀྱི་གདམས་པའི་དུས་སུ་བབ་པར། སྤྲུལ་སྐུའི་ཆ་ལུགས་སུ་མཛད་པའི་སྐུ་ལས་འོད་ཟེར་ལམ་ལམ་འཕྲོ་བཞིན་ཐུན་མོང་སྤྱི་ཡི་སྔོན་འགྲོ་ཐོས་པ་རང་གྲོལ་གྱི་མགུར་བཞེས་ཏེ། མི་ལུས་རིན་ཆེན་རྙེད་དཀའ་ཚུལ་དང་། དམ་པའི་ཆོས་དང་འཕྲད་དཀའ་ཚུལ། ཡོད་ཚད་མི་རྟག་རྩྭ་མགོའི་ཟིལ་པ་དང་འཆི་བ་མི་རྟག་ནམ་འོང་ཆ་མེད་ཡིན་ཚུལ། དམྱལ་བའི་སྡུག་བསྔལ་སྣ་ཚོགས་བཟོད་དཀའ་བ་ཡུན་རིང་བ་ཡིན་ཚུལ་སོགས་ཀྱི་སྐོར་དཔེ་མང་པོའི་ཐོག་ནས་གསུངས་པ་མ་ཟད།“ངས་ཐེག་ཆེན་ཆོས་འཁོར་བསྐོར་བ་འདི། །ལོ་གསུམ་བར་དུ་རྫོགས་ས་མེད། །གསང་སྔགས་རྫོགས་པ་ཆེན་པོ་འདི། །མི་རེ་ལ་གདམས་ངག་རེ་རེ་གནང། །”⒃ཞེས་དང་། དེ་བཞིན་གེ་སར་སྒྲུང་ཡིག་ལས། ཁྲོམ་ཚོགས་ཐམས་ཅད་ཀྱིས་ད་ནི་གསང་སྔགས་ནང་གི་སྔོན་འགྲོའི་ཁྲིད་གནང་བར་ཞུ་ཞུས་པས། རྒྱལ་མཆོག་ཉིད་ཀྱིས་ད་དུང་གསང་སྔགས་ཀྱི་དུས་ལ་མ་བབ་པས་ཁྲོམ་ཚོགས་རྣམས་བློ་སྦྱོང་ཡང་ཡང་མཛོད་གསུངས་པས། ཁྲོམ་ཚོགས་རྣམས་ཀྱིས་ཀྱང་རྒྱལ་མཆོག་གི་བཀའ་བཞིན་བློ་སྦྱོང་ཡང་ཡང་བྱས་པ་དང་། གསང་སྔགས་ཀྱི་སྣོད་དུ་རུང་བར་གྱུར་བའི་སྐབས་ཤིག་ན། རིག་འཛིན་ཆེན་པོ་པདྨ་སཾ་བྷ་ཝས་ནམ་མཁའི་དབྱིངས་ནས་སྐུ་མི་མངོན་པར་རབ་གནས་མེ་ཏོག་གི་ཆར་སི་ལི་ལི་ཕབ་སྟེ། གསང་སྔགས་ཀྱི་ཆོས་ནི་དམ་ཚིག་བསྲུང་བ་གལ་ཆེ་སྟེ། དམ་ཚིག་མ་བསྲུངས་ན་ངན་སོང་ལ་ལྷུང་བའི་རྒྱུ་ཡིན་ཞེས་གསུངས་ཚུལ་འཁོད་པ་དང་། ད་དུང་ཡུལ་གླིང་སོ་སོའི་མི་རྣམས་ཕྱོགས་རེ་རེ་ལ་ཚོགས་ནས་ཡོད་པའི་སྐབས་སུ། རྒྱལ་མཆོག་ཉིད་ཀྱིས་དང་པོ་རྒྱ་གར་གྱི་མི་རྣམས་ལ་ཆོས་གསུངས དེ་ནས་བལ་པོ། དབུས་པ། གཙང་པ་གསུམ། དེ་ནས་བྱང་ལྷ་རི་མན་དང་དར་རྩེ་ཡན། དེ་ནས་ཧོར་བདུད་གཉིས། དེ་ནས་མོན་འཇང་གཉིས། དེ་ནས་མི་ཉག་དང་རྒྱ་ནག་གཉིས། དེ་ནས་སོག་པོ་དང་བྱང་སྟོད་གཉིས། དེ་ནས་གླིང་པ་ཐམས་ཅད་ལ་བཀའ་རྫོགས་པ་ཆེན་པོ་ཐེག་དགུའི་ཡང་རྩེ་བླ་མ་སྙིང་ཐིག་གི་གསུང་ཁྲིད་པ་སོགས། མདོར་ན། སྤྱིར་འཛམ་བུ་གླིང་པ་ཀུན་དང་། བྱེ་བྲག་ཁྲ་མོ་གླིང་ལ་ཟབ་མོའི་ཆོས་འཁོར་བསྐོར་ནས་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་བཀོད་གནང་ཚུལ་འཁོད་པ་དང་། ཁྱད་པར་གེ་སར་གྱི་སྒྲུང་དཔེ་སྔ་མ་གསུམ་དང་བར་མ་ལྔའི་སྐབས་སུ་གེ་སར་དགུང་ལོ་གཞོན་དུས་མཚན་ལ་ཇོ་རུ་ཟེར་བ་ལ། རྟ་རྒྱུགས་ནས་རྒྱལ་ཁ་བླངས་ཚུན་ཆད་དང་ཕྱོགས་བཞིའི་དགྲ་བཞི་བཏུལ་ཞིང་རྫོང་ཆེན་བཅོ་བརྒྱད་ཕབ་རྗེས་མཚན་ལ་གེ་སར་རྒྱལ་པོའམ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་གསོལ་ཚུལ་བསྟན་པ་དང་། སྒྲུང་དཔེ་ཕྱི་མ་གཉིས་ཀྱི་དམྱལ་གླིང་གི་སྐབས་སུ་མཚན་ལ་རྒྱལ་མཆོག་བླ་མ་རིན་པོ་ཆེའམ་རྒྱལ་མཆོག་ཡིད་བཞིན་ནོར་བུ་ཞེས་གསོལ་ཚུལ་བསྟན་པ་སོགས་ལས། ང་ཚོས་གཅིག་ནས་གེ་སར་སྒྲུང་གི་གཏམ་རྒྱུད་སྤྱིའི་བྱུང་རིམ་འཕེལ་ཕྱོགས་ཧ་གོ་ཐུབ་པ་ཡིན་ལ། གཉིས་ནས་《གེ་སར་སྒྲུང་ཡིག་ཆེན་མོ་》ཡི་མགོ་རྔ་བར་རྐེད་བཅས་སུ་གསང་སྔགས་རིག་གནས་ཀྱིས་མ་ཁྱབ་པ་མེད་ཅེས་བརྗོད་ཆོག་པར་སྙམ། གོང་གསལ་དེ་དག་ལས་གཞན། གེ་སར་སྒྲུང་གི་ཁྲོད་དུ་ད་དུང་ཡང་འཕྲུལ་བསྒྱུར་གྱི་ཐབས་སོགས་གསང་སྔགས་ཉམས་ལེན་མཁན་ལ་གྲུབ་པ་ཐོབ་པའི་ལྷ་སྒྲུང་ལྟ་བུའི་ཉམས་སྣང་མང་པོ་ཞིབ་འབྲི་བྱས་ཡོད་པ་དཔེར་ན། འཕོ་བ་གྲོང་འཇུག་དང་འཇའ་ལུས་གྲུབ་པ་ལྟ་བུ་སོགས་ཀྱི་ཐ་སྙད་ཧ་ཅང་མང་པོ་ཡོད་པ་ལས་ཤེས་ནུས། སྒྲུང་ནང་གི་གསང་སྔགས་སྐོར་གྱི་ཞིབ་འབྲི་དེ་དག་ཕྱོགས་སྒྲིག་བྱ་རྒྱུ་ནི་ལས་སླ་མོད། དཀའ་ཁག་ཆེ་བ་ནི་དེ་དག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་སྙིགས་དོར་བཅུད་ལེན་གྱིས་དམངས་བྱིངས་ལ་ཕན་ཐོགས་པར་བྱ་རྒྱུ་དེ་ཡིན།
འོ་ན་ང་ཚོས་ཇི་ལྟར་བྱས་ནས་མི་རྣམས་ལ་ཕན་ཐོགས་པར་བྱ་དགོས་ཞེ་ན། ཐོག་མར་གསང་སྔགས་ཉམས་ལེན་བྱེད་ཐབས་དེ་དག་ལ་ཅུང་བསྒྱུར་བཅོས་ཀྱིས་དེ་དག་མིའི་ནུས་སྟོབས་ཇེ་ཆེར་གཏོང་བའི་ཐབས་སུ་བཀོལ་དགོས། གསང་སྔགས་ཀྱིས་མིའི་ལུས་སྟེང་གི་སྟོབས་ཤུགས་ཁྱབ་ཚུལ་དེ་ཆ་མི་སྙོམས་པར་གཙོ་བོ་རྩ་གསུམ་འཁོར་ལོ་ལྔའི་སྟེང་དུ་འདུས་ཡོད་པར་འདོད་ལ། ནུས་ཤུགས་རྣམས་རྩ་གསུམ་འཁོར་ལོ་ལྔའི་སྟེང་དུ་འདུས་པ་ལས་རྩ་དབུ་མ་བརྒྱུད་ནས་འཁོར་ལོ་ལྔ་ལ་ཚང་བའམ་རྫོགས་པར་འདོད་པ་མ་ཟད། མི་དང་རང་བྱུང་ཁམས་དབར་ནུས་ཤུགས་དང་ཆ་འཕྲིན་བརྒྱུད་སྤེལ་བྱེད་པ་དང་འབྲེལ་བ་དམ་པོ་ཡོད་པ་དང་། རྩ་དབུ་མ་ནི་དོན་དངོས་སུ་མི་དང་རང་བྱུང་ཁམས་ཀྱི་དབར་ནུས་ཤུགས་དང་། ཆ་འཕྲིན་བརྒྱུད་སྤེལ་བྱེད་པའི་བརྒྱུད་ལམ་ཆེས་ཉེ་བ་དེ་ཡིན་པར་འདོད། རྩ་གསུམ་འཁོར་ལོ་ལྔ་དེ་རྩ་དབུ་མས་སྦྲེལ་ཡོད་པ་ལས་ནུས་ཤུགས་དེ་མིའི་ལུས་སྟེང་དུ་ཁྱབ་པའི་གོ་རིམ་མཚོན་པ་དང་། དེ་ལ་བརྟེན་ནས་མི་དང་རང་བྱུང་ཁམས་དབར་ནུས་ཤུགས་དང་ཆ་འཕྲིན་བརྗེ་རེས་བྱེད་པའི་སྐབས་སུ་ནུས་ཤུགས་ཟད་གྲོན་གྱི་ཚད་ཆེས་དམའ་རུ་འགྲོ་ལ། ཆ་འཕྲིན་བརྗེ་སྤོར་བྱེད་པའི་བདེ་འཇགས་དང་སྟབས་བདེ་ལ་ཁག་ཐེག་བྱེད་ཀྱི་ཡོད། རྩ་དབུ་མ་དང་རང་བྱུང་ཁམས་གཉིས་དབར་ཡོད་པའི་ཐིག་ལེ་དེ་ཉིད་ནི་ནུས་ཤུགས་དང་ཆ་འཕྲིན་གསོག་འཇོག་བྱེད་སའི་ཡུལ་ཁྱད་པར་བ་ཞིག་ཡིན་པས། གསང་སྔགས་ཉམས་ལེན་མཁན་གྱིས་སྒྲུབ་སྦྱོང་གི་སྐབས་སུ་ཐིག་ལེ་དེ་ཉིད་ལ་བརྟེན་ནས་རྩ་དབུ་མ་ལ་གནད་དུ་བསྣུན་པ་ཡིན་ཞིང་། དེ་ནི་རང་བྱུང་ཁམས་ལ་ནུས་ཤུགས་དང་ཆ་འཕྲིན་བརྗེ་སྤོར་བྱེད་པའི་གོ་རིམ་ཞིག་ཀྱང་ཡིན། འདིར་རྩ་དབུ་མ་དང་རང་བྱུང་ཁམས་དབར་ཡོད་པའི་ཐིག་ལེ་ཞེས་པ་ནི། གཙོ་བོ་རྩ་དབུ་མའི་ལམ་ནས་ཐིག་ལེ་ལམ་དུ་བྱས་ཏེ་ཕྱི་ནང་གསང་བའི་དག་པ་སྦྱོར་ཚུལ་གྱི་གནས་ལུགས་ཟབ་མོ་གོ་བར་བྱེད་པའི་དོན་འཆད་ཚུལ་ཞིག་ཡིན། ནུས་ཤུགས་ཀྱི་འགུལ་སྐྱོད་དང་ཆ་འཕྲིན་གྱི་འགུལ་སྐྱོད་ནི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་པས། དེ་གཉིས་ཁ་འབྲལ་ཐབས་མེད། ཏག་ཏག་གསང་སྔགས་ཉམས་ལེན་ལ་གཞོལ་བའི་གྲུབ་ཆེན་པ་རྣམས་ཀྱིས་རྩ་དབུ་མ་ལ་བརྟེན་ནས་རང་དང་འཇིག་རྟེན་ཁམས་དབར་གྱི་ནུས་ཤུགས་དང་ཆ་འཕྲིན་བརྗེ་རེས་བྱེད་པའི་ལམ་བུ་བཏོད་པ་དང་། དེ་ལ་བརྟེན་ནས་འཇིག་རྟེན་ཁམས་ལ་ལྟ་རྟོག་བྱེད་པའི་ཐབས་ལམ་གསར་པ་ཞིག་རྒྱུད་ལ་ཆགས་པ་རེད། ཐབས་ལམ་དེ་འདྲ་ལ་བརྟེན་ནས་ཕལ་པའི་མི་ལ་མེད་པའི་བྱེད་ནུས་ཞིག་དང་བློ་རིག་ཅིག་ཁོ་ཚོ་ལ་གྲུབ་པ་རེད། ཆོས་ལུགས་པ་ལ་ལས་ཐབས་ལམ་དེ་འདྲ་ལ་བརྟེན་ནས་འཆི་བ་ཆོས་སྐུར་ཁྱེར་བའི་མྱུར་ལམ་དོན་གཉེར་བྱེད་པ་ཡིན་ཞིང་། ང་ཚོས་ཀྱང་ཐབས་ལམ་དེ་འདྲ་ལ་བརྟེན་ནས་འཚོ་ཐབས་གསར་པ་ཞིག་འཚོལ་སྙེགས་དང་མིའི་ལུས་སྟེང་དུ་ཡོད་པའི་མི་མངོན་པའི་ནུས་ཤུགས་མཐའ་དག་སྔོག་འདོན་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། །
ལུང་འདྲེན་དཔྱད་ཡིག
①⑨ ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་། 《བདུད་འདུལ་》༢༠༡༨ལོའི་ཟླ་༡༡པར་དཔར།
②⑦⑧《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་བཅོ་ལྔ། 《ཁ་ཆེ་གཡུ་རྫོང་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༢༩༧ ༥༢༥ ༥༣༢བཅས་ན་གསལ།
③《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་དང་པོ། 《ལྷ་གླིང་གབ་ཙེ་དགུ་སྐོར་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༡༧ན་གསལ།
④ 陈兵:《佛教气功百问》,中国建设出版社出版,1989 年,71页
⑤⑥⒁《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་གཉིས་པ། 《འཁྲུངས་གླིང་མེ་ཏོག་ར་བ་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢0༡༨ལོར་དཔར། དེབ་ངོས་༤༠ ༤༣ ༤༣ན་གསལ།
⑩⑾⒀《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་བཞི་པ། 《རྟ་རྒྱུག་ནོར་བུ་ཆ་བདུན་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༣༦༢ ༣༧༢ ༤༢༡བཅས་ན་གསལ།
⑿《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་ཉེར་དྲུག་པ། 《དམྱལ་གླིང་མུན་པ་རང་གསལ་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས༥ནས་༩བར་ན་གསལ།
⒂⒃ 《གེ་སར་སྒྲུང་ཡིག་ཆེན་མོ་》ལས་པོད་ཉེར་བདུན་པ། 《དམྱལ་གླིང་རྫོགས་པ་ཆེན་པོ་》ཧྲང་ཧེ་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༨ལོར་དཔར། དེབ་ངོས་༤༠ ༧༠)བཅས་ན་གསལ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注