སྐྱེས་མཆོག་དགྲ་བླའི་རྒྱལ་པོ་འཛམ་གླིང་གེ་སར་ནོར་བུ་

དོན་གྲུབ་ཀྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

 རབ་བརྟན་དགེ་ལེགས་ཕུན་ཚོགས།  

བོད་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་༡༩༠༠ལོར་མདོ་ཁམས་སྒོམ་སྡེ་ནང་ཆེན་དུ་སྐུ་འཁྲུངས་པའི་ཀརྨ་རི་པ་བག་ཡོད་བདུན་པ་ཀླུ་སྦལ་དཀར་པོའམ་དྲུང་ཆོས་རྒྱལ་བསྟན་འཛིན་གྱིས་མཛད་པའི་འཛམ་གླིང་དགྲ་བླ་ཆེན་པོ་སྐུ་རྗེ་གེ་སར་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་དབང་བསྐུར་བཀའ་གཏད་བཅས་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ལས། དེའང་སྐྱེས་མཆོག་ནོར་བུ་དགྲ་འདུལ་ནི། བླུན་པོ་འགའ་ཞིག་གིས་འཇིག་རྟེན་རང་རྒྱུད་པའི་དྲེགས་པ། ཅུང་ཟད་ཙམ་གྱིས་དཀར་མངར་སྐྱེམས་ཕུད་བསང་གསོལ་ལ་མོས་ཤིང་དགྱེས་ལ། གསོལ་ཞིང་ངོ་བསྟོད་ལྟ་བུ་བྱས་པས་རང་འདོད་ཀྱི་ལས་བཅོལ་བ་རྣམས་ཀྱི་འཕྲིན་ལས་བྱེད་ཅིང་། སྲོག་གཅོད་དབུགས་ལེན་ལ་རྔམས་ཤིང་རང་རྒྱལ་རོགས་ཕམ་སྒྲུབ་པའི་གྲོགས་སམ་དཔུང་གཉེན་ལྟ་བུ་ཡིན་སྙམ་བྱེད་པ་འགའ་ཞིག་མཐོང་བ་རྣམས་ནི་ཤིན་ཏུ་ཅོལ་ཆུང་གི་ཡིད་བརྟེན་བཅས་ཏེ། འཁོར་བ་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་ཀྱིས་བློ་མུན་པས་འཐུམས་པའི་རྒྱ་ཁབ་མིག་ལས་ཀྱང་ཆེས་ཕྲ་ལ། སྐྱེས་མཆོག་ཆེན་པོའི་ཡོན་ཏན་ཉིན་བྱེད་གཞོན་ནུ་འབུམ་གྱིས་མཚན་པའི་ནམ་མཁའི་མཐའ་ལྟ་བུ་ལ་ས་བཅུའི་བྱང་སེམས་རྣམས་ཀྱིས་ཚོད་བཟུང་དཔག་པར་དཀའ་ན། དེ་ལྟའི་སེམས་ཡུལ་ནི་ཤར་ནུབ་ཀྱི་ཕྱོགས་ནོར་བ་དང་འདྲའོ། །གང་ཞེ་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་དབང་པོས་རྒྱུད་ཀྱི་རྒྱལ་པོ་འཕགས་པ་སྒྱུ་འཕྲུལ་དྲྭ་བ་ལས། ཤེས་རབ་རལ་གྲི་མདའ་གཞུ་ཅན། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིག་པ་སེལ་བར་བྱེད། །ཅེས་དང་། རིག་འཛིན་པདྨ་ཀཱ་རས། གླིང་ཞེས་བྱ་བ་འཇིག་རྟེན་སྒྱུ་མའི་གར། །བྱང་མི་འདུལ་སྐྱོང་གནམ་སའི་བདག་པོ་འཁྲུངས། །ཞེས་སོགས་མདོ་སྔགས་སྟོན་པ་ཟུང་གིས་ལུང་ལས་ཡོངས་སུ་བསྔགས་པའི་དཔའ་བོ་འདི་ནི། མདའ་ལྔ་ཡིད་སྲུབས་སྡེ་དང་བཅས་པས་འཛམ་བུའི་གླིང་འདིར་སངས་རྒྱས་ཀྱི་བསྟན་པ་དང་། དེ་ལས་བྱུང་བའི་སེམས་ཅན་གྱི་བདེ་སྐྱིད་རྨང་ནས་འཕྲོག་པར་རྩོམ་ཞིང་། བསྐལ་ཆེན་མང་པོ་ནས་དམ་ཉམས་ལོག་སྨོན་ཅན་གྱི་རཱུ་ཏྲ་འགའ་ཞིག་ངན་སོང་དུ་དུཿཁས་མནར་བ་དག །མདའ་ལྔ་པས་དེ་རྣམས་ངན་སོང་གི་གནས་ལས་བཏོན་ཏེ་བདུད་ཀྱིས་བྱིན་གྱིས་བརླབས་ལ། འཛམ་གླིང་གི་ཁྱོན་འདིར་སྟོབས་འབྱོར་མངའ་ཐང་དང་ལྡན་པའི་རྒྱལ་ཆེན་བཅོ་བརྒྱད་ཀྱི་སྲས་སུ་བརྫུས་ཤིང་། དེ་རེ་རེ་ལའང་རིགས་མཐུན་གྱི་བཙུན་མོ། བློན་པོ། ཕོ་ཉ། བྲན་གཡོག་གི་ཚུལ་བསམ་གྱིས་མི་ཁྱབ་པའི་བདུད་ཀྱི་དམག་གིས་ལྷན་ཅིག་འཛམ་གླིང་ཕྱུར་བུར་བཀང་ཞིང་དམ་པའི་ཆོས་བསྣུབས་པར་ཆས་པ་ལ། རབ་འབྱམས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱིས་ཀྱང་བཀའ་བགྲོས་ཏེ། རྒྱལ་བ་རྣམས་ཀྱི་གསང་གསུམ་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་དང་། ཁྱད་པར་དུའང་མཁྱེན་རབ་འཇམ་དཔལ་དབྱངས། སྙིང་རྗེ་སྤྱན་རས་གཟིགས། མཐུ་སྟོབས་རྡོ་རྗེ་འཛིན། བོད་འབངས་ཡོངས་ཀྱི་སྐབས་གཅིག་གུ་རུ་མཚོ་སྐྱེས་རྡོ་རྗེ། གངས་ལྗོངས་སུ་ཐུགས་ལྷག་པར་བརྩེ་བ་མངའ་བདག་ཚངས་པ་ལྷའི་མེ་ཏོག །བདག་ཅག་གི་སྟོན་པའི་བསྟན་པ་རྫོགས་ཤིང་སྨོན་ལོག་དམ་སྲི་ཀླ་ཀློའི་དམག་དཔུང་འཛམ་བུའི་གླིང་འདིར་རྒྱུ་བའི་ཚེ། དེ་ལྟའི་དམག་དཔུང་ཆེན་པོ་ཡང་ཉིན་གཅིག་གིས་འཇོམས་པར་ནུས་པ་དྲག་པོ་ལྕགས་ཀྱི་འཁོར་ལོ་ཅན། མ་འོངས་པ་ན་སྐལ་བཟང་རྣམ་འདྲེན་རྒྱལ་བ་འཚང་རྒྱ་བ་སོགས་ཏེ། མདོར་ན་མཆོག་གསུམ་རྩ་གསུམ་སྐུ་གསུམ་གཅིག་ཏུ་འདུས་པའི་བདག་ཉིད། རིག་འཛིན་འཛམ་གླིང་རྒྱན་མཆོག་རྩལ་དེ། མཁའ་སྤྱོད་ཞིང་གི་རིགས་ལྔའི་མཁའ་འགྲོ་མ་རྣམས་དགྱེས་ཡུམ་གྱི་རྣམ་པ་དང་། རྣལ་འབྱོར་གྱི་དབང་ཕྱུག་འཕགས་ཡུལ་གྲུབ་པ་ཆེན་པོའི་རིག་འཛིན་བརྒྱད་ཅུ་རྣམས་སྐུ་རྗེའི་འཕྲིན་ལས་པའི་དགྲ་བླའི་རྒྱལ་པོ་དཔའ་བརྟུལ་བརྒྱད་ཅུའི་སྐུར་བཞེངས་ཏེ། བདུད་སྡེ་རྒྱལ་ཁབ་བཅོ་བརྒྱད་ཅེས་རཱུ་ཏྲའི་སྡེ་ཆེ་ཕྲ་རྣམས་དབང་དྲག་གི་འཕྲིན་ལས་ཀྱི་ཕྱག་རྒྱ་གཉེན་པོའི་སྐུར་བཞེངས་ཏེ་དྲག་ཤུལ་རྡོ་རྗེའི་མཚོན་གྱིས་བསྒྲལ་ནས་མིང་གི་ལྷག་མ་ཙམ་དུ་གྱུར་ཅིང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དཀར་འབྱམས་སུ་རྒྱས་པ་ནི་སྐྱེས་མཆོག་འདི་ཉིད་ཀྱི་བཀའ་དྲིན་ལ་བརྟེན་པའོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号