བར་གླིང་འོམ་བུ་ཚོ་དྲུག་གི་ཁྲི་དཔོན་འཇང་སྲས་གཡུ་ཁྲི་གུང་སྔོན་ངོ་
སྤྲོད་ཉུང་བསྡུས།
དང་པོ་ཀུན་གྱིས་ཤེས་གསལ་ལྟར། གླིང་སྒྲུང་ནང་གི་མི་སྣ་གཙོ་ཤོས་དཔའ་བརྟུལ་མ་སྲུ་ཆེ་གྲས་གང་དང་སུ་གླེང་ན་ཡང་། གླིང་རྗེ་གེ་སར་སྐྱེས་བུ་མ་གླེང་ཐབས་མེད་ཡིན་སྟབས།གླིང་གེ་སར་རྒྱལ་པོ་ཞེས་པ་ནི། ཁམས་ཀྱི་གདོང་ཚང་གི་རུས་རྒྱུད་དུ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་མདོ་ཁམས་གླིང་ཡུལ་དུ་དངོས་སུ་སྐུ་འཁྲུངས་པའི་དཔའ་བོའི་མི་སྣ། སྐབས་དེའི་སྤྱི་ཚོགས་ཁྲོད་ཀྱི་བཙན་པོ་ལ་ངོ་ཡ་ནུས་ཤིང་། དམན་པ་ལ་བྱམས་སྐྱོང་དང་མི་མང་འདྲ་མཉམ་གྱི་ལས་ཀ་གཉེར་བར་དགའ་བའི་དངོས་བྱུང་མི་སྣ་ཁྱད་པར་བ།སྐབས་འགར་དམག་འཁྲུག་དང་སྐབས་འགར་མནའ་འབྲེལ་སོགས་ཞི་རྒྱས་དབང་དྲག་གི་བྱེད་ཐབས་བཀོལ་ཏེ། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ནས་བཟུང་ཁོར་ཡུག་གི་སྡེ་ཁག་མང་པོ་དབང་དུ་བསྡུས་ཤིང་། གཅིག་གྱུར་ལ་དགའ་བའི་མི་སྣ་མང་པོ་གྲོགས་པོར་བསྡུ་བའི་མཛད་རྗེས་སྐྱོང་མཁན་ཞིག་ཡིན་ཚུལ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་ལྟར། བོད་ཁམས་སྤྱི་ལ་ལུང་འབེབས་པ་ཐུབ་པ་ཙམ་བྱུང་བ་དེ་དོན་དངོས་ཡིན་མོད།སྐབས་དེའི་བོད་སྤྱི་ཚོགས་ཀྱི་གནས་བབ་ནི་གཏན་འཇགས་མིན་པས། སྔར་ཡོད་ཀྱི་རིག་གཞུང་རྣམ་དག་ལ་སྲུང་སྐྱོབ་དང་བསྒྱུར་ཞུས་ཐུགས་གཙིགས་མཛད་མཁན་གྱི་མི་སྣ་ཉུང་ཤས་ཙམ་ལས། སྤྱི་ཡོངས་ནས་བྱུང་རབས་ལོ་རྒྱུས་དང་རྩོམ་ཡིག་སོགས་ལ་འདི་རུང་དང་འདི་མི་རུང་གི་བཀས་བཅད་སྔར་ཡོད་རྣམས་གཏོར་གང་ཐུབ་ཀྱི་བར་རྒུད་འོག་ནས། སྤྱི་ཚོགས་ཀྱི་ཁ་ལོ་སྒྲུང་གིས་བསྒྱུར་པའི་དུས་རབས་ཤིག་དང་ཁེལ་ཡོད་ཕྱིར། ཁམས་གླིང་ཚང་གི་མེས་པོ་གླིང་རྗེ་གེ་སར་རྒྱལ་པོའི་ལོ་རྒྱུས་དངོས་བྱུང་ཐམས་ཅད་ཀྱང་སྒྲུང་གི་སྤྲོ་གཞི་རུ་ཁྱེར་ཏེ། རིམ་པར་གླིང་གི་ལོ་རྒྱུས་ལ་གླིང་སྒྲུང་ཞེས་པའི་ཐ་སྙད་ཆགས་པར་བྱས་ནས་བཟུང་། དུས་རབས་བཅུ་གཉིས་ཀྱི་སྨད་དམ་བཅུ་གསུམ་པའི་སྟོད་ཡས་མས་ནས་གླིང་གེ་སར་གྱི་དངོས་བྱུང་ལོ་རྒྱུས་ཀྱི་ས་བོན་རྣམས་ངག་ནས་ངག་ཏུ་བརྒྱུད་དེ་སྒྲུང་དུ་གྱུར་མགོ་བརྩམས་པར་མ་ཟད། སྤྱི་ཚོགས་ཀྱི་ཁྲོད་དུ་བོད་མི་རེའི་ཁ་ན་སྒྲུང་རེ། ཞེས་པ་ལྟར།དུས་རབས་ཀྱི་ཁ་ཕྱོགས་དང་འགྲོགས་ཏེ་གླིང་རྗེ་ཁོང་གི་མཛད་རྗེས་དང་ཐུགས་བསྐྱེད་ལ་དགའ་བའི་བོད་སྤྱི་ཚོགས་ཀྱིས་ཀྱང་ཁོང་ལ་བསྟོད་བསྔགས་དང་། རང་རང་གི་ཁམས་དབང་མོས་པ་དང་མཐོང་གཟིགས་སྣ་ཚོགས་ཀྱི་སྒོ་ནས་རྗེས་དྲན་ཞུ་སྟངས་ཀྱི་བྱེད་ཐབས་ཀྱང་སྒྲུང་དང་སྙན་ངག་གི་ལམ་ཁར་ཕྱོགས་ཕྱིར། བར་སྐབས་ཤིག་ནས་གླིང་གེ་སར་གྱི་དངོས་བྱུང་ལོ་རྒྱུས་ནི་སྒྲུང་རབས་རྟོགས་བརྗོད་ཆེན་པོའམ་སྙན་ངག་རིང་མོ་ཞིག་གི་བརྗོད་གཞིར་གྱུར་སྟབས།ད་ལྟ་ཁོང་གི་རིགས་རུས་དང་། འཁྲུངས་གནས།འཁྲུངས་ལོ་མཛད་པ་སྐྱོང་ཡུལ་གྱི་ས་ཁོངས་སོགས་རགས་ཙམ་མ་གཏོགས་ལོ་རྒྱུས་གཞན་ལྟར་ཞིབ་ཚགས་ཀྱི་སྡོམ་ཚིག་འཇོག་དགོས་ན་ཤིན་ཏུ་དཀའ་བའི་གནས་ཤིག་ཆགས་ཡོད་པ་ལྟར།གླིང་རྗེ་ཁོང་གི་ཡབ་ཡུམ་ཕ་ཁུ། ཕུ་ནུ་དཔའ་བརྟུལ་སོགས་སྐུ་འཁོར་གཙོ་གྲས་ཀྱི་མི་སྣ་རྣམས་ལ་མཚོན་ན་ཡང་། ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱི་གདུང་རྒྱུད་གླིང་ཚང་རྒྱལ་རྒྱུད་དང་། གོ་འཇོའི་དཔའ་ལྷའི་དཔོན་རྒྱུད་ལྟ་བུ། གཞན་སྒུ་རུ་ཚང་དང་སྟག་རོང་ཚང་སོགས་གླིང་ནང་སྡེའི་མི་རྒྱུད་མ་ཆད་པ་རྣམས་དང་། མོན་དུང་སྐྱོང་སྟག་ལྷ་ལྟ་བུ་ཕྱི་བློན་སོགས་མི་རྒྱུད་བར་མ་ཆད་ཅིང་ལོ་རྒྱུས་དངོས་དང་ཁ་མ་བྲལ་བར་ལྷག་པ་ཡིན་པར་བཤད་ཡོད་པ་རེ་ཟུང་ཙམ་ལས།གཞན་དུ་གླིང་གེ་སར་གྱི་རྟོགས་བརྗོད་སྙན་རྩོམ་རིང་མོའི་ནང་དུ་གསལ་བའི་དཔའ་བརྟུལ་དཔོན་རྒྱུད་ཚོའི་རིགས་རྒྱུད་མཛད་རྗེས་ཐམས་ཅད་གསལ་གསལ་ཞིབ་ཞིབ་ཏུ་ངོ་སྤྲོད་དགོས་ན། ཆོས་ཉིད་ཀྱི་གསང་བ་བསམ་མི་ཁྱབ་པའི་གནས་ཚུལ་ཁས་ལེན་ཐུབ་པའི་ལྟ་གྲུབ་ཅན་གྱི་ཕྱོགས་དང་། ཡང་ན་མི་སྒེར་གྱིས་སྔོན་གནས་རྗེས་དྲན་དང་དག་གཟིགས་ཀྱི་ཡུལ་ཁས་ལེན་ཐུབ་མཁན་རྣམས་མ་གཏོགས། ལོ་རྒྱུས་དངོས་གཙོ་ཞེས་ཆུ་བུར་གྱི་མཐོང་ཡུལ་ཁོ་ན་ཙམ་ལས། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ལྐོག་གྱུར་གྱི་གནས་ཚུལ་ཕྲ་རགས་བློ་ལ་མི་ཤོང་བའི་རིགས་ལ་ར་འཕྲོད་པ་ཞིག་སྨྲ་དགོས་ན་འགྲུབ་ཐབས་དཀའ་བའི་ལས་ཀ་ཞིག་ལག་ཏུ་བླངས་པ་ལས་ཅི་མེད་སྙམ་མོད། ཡིན་ན་ཡང་འདིར་ངང་བས་ཆུ་ལས་འོ་མ་ལེན་པ་ལྟར། ཞེས་པའི་དཔེ་ལྟར་རང་གི་དགའ་ཕྱོགས་མོས་འདུན་ཤེས་ཚོད་སོགས་དབང་བཙན་དུ་བྱས་ཏེ། གླིང་སྒྲུང་དཔེ་རྙིང་རྣམས་ལ་རྒྱབ་རྟེན་བཅས་ནས་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ཁྲོད་ཀྱི་མི་སྣ་གཙོ་ཤོས།བར་གླིང་འོམ་བུ་ཚོ་དྲུག་གི་ཁྲི་དཔོན་འཇང་སྲས་གཡུ་ཁྲི་གུང་སྔོན་མཆོག་གི་དཔའ་བརྟུལ་ཕོད་སྐུ་དབང་སོགས་ངེས་ཚོད་ཅིག་ངོ་སྤྲོད་བྱེད་སྙིང་སྤྲོ་སོང་ངོ་། །
དེ་ཡང་རང་ཉམས་ལྟར་གླིང་དཔའ་ཆེན་བརྒྱད་ཅུའི་རྟོགས་པ་བརྗོད་པ་ལས། ཡི་དམ་རྗེས་བཟུང་ཨ་བྷྱེའི་སྒྱུ་འཕྲུལ་གར། །འཇང་གི་སྲས་མཆོག་གཡུ་ཁྲི་གུང་སྔོན་རྗེ། །ཆིབས་ཆེན་གཡུ་འབྲུག་སྤྲིན་གཤོག་ཡང་སྟེང་ནས། །ཐོག་མདའི་དྲག་ཆར་འབེབ་ལ་འགྲན་ཟླ་བྲལ། ། ཞེས་ཚིགས་སུ་བཅད་པས་མདུན་བསུས་ཏེ། ལྷས་རྗེས་སུ་བཟུང་བའི་གྲུབ་ཆེན་ཨ་བྷྱེའི་མཚན་ཅན་གྱིས་གླིང་རྗེ་གེ་སར་སྐྱེས་བུའི་དཔུང་གྲོགས་སུ་སྨོན་ལམ་ཐེབས་ཕྱོགས་ལྟར་སྨུག་པོ་འཇང་གི་ཡུལ་དུ་འཇང་རུས་ཆེན་རྨུ་རྗེ་ས་དམ་རྒྱལ་པོ་དང་ཤར་མི་ཆེན་རྒྱལ་པོའི་སྲས་མོ་ཟུང་གི་སྲས་ཆུང་བའི་སྐུ་སྐྱེ་བཞེས་པར་འདོད་པ་དང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ཡན་གྱི་ཁམས་ཕྱོགས་ཀྱི་སྒྲུང་མཁན་རེའི་ལུགས་ལ་འཇང་སྲས་གཡུ་ཁྲི་ནི་གདོང་སྤྱི་དཔོན་སྣང་ཆུང་གཡུ་སྟག་གི་སྐུ་སྐྱེ་ཡིན་པ་གསུངས་ཡོད་ཚུལ།<<སི་ཁྲོན་ཞིང་ཆེན་གེ་སར་གཞུང་ལས་ཁང་གི་གེ་སྒྲུང་དཔེ་ཚོགས།>> ཞེས་པའི་དེབ་ཕྲེང་དུ་གསལ་བ་ལྟ་བུ་གཡུ་ཁྲིའི་སྐུ་སྐྱེ་སྔོན་མའི་སྐོར་སོགས་ལ་བཤད་ཚུལ་བཞེད་ཕྱོགས་འགའ་རེ་འདུག་མོད། མདོར་ན་རྟོགས་བརྗོད་རྙིང་པ་ཕལ་མོ་ཆེའི་ལུགས་ལ་གླིང་གིས་འཇང་ས་དམ་རྒྱལ་བློན་བཏུལ་རྗེས། སྔོན་སྨོན་ལས་ཀྱི་མེ་ཏོག་ཕོག་སྟངས་དང་གོང་མ་ལྷ་ཡི་ལུང་བསྟན་སོགས་དུས་འགྲིགས་ཏེ། འཇང་གི་སྲས་ཆུང་ཁོང་གླིང་དཀར་པོའི་དཔའ་བརྟུལ་དཔོན་རྒྱུད་ཀྱི་གྲལ་དུ་ཚུད་པས་མི་ཚད། རུས་ཐོབ་སྐུ་དབང་མཐོ་ཞིང་གདོང་འབུམ་པའི་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱི་ཁུ་བོར་སོང་བ་སོགས་རྒྱུ་སྐྱེན་མང་པོ་ཞིག་གི་དབང་གིས་གླིང་རྗེ་སྐྱེས་མཆོག་ནོར་བུ་དགྲ་འདུལ་གྱི་ཐུགས་གཅེས་བུ་མཆོག་ནང་གི་ཡང་མཆོག་ཏུ་གྱུར་བ་དང་། དཔའ་རྒོད་སྐྱེན་གསུམ་དང་རུས་ཐོབ་གཞན་ལས་འཕགས་ཕྱིར་གོ་ཐོབ་དམིགས་བསལ་བ་སྤྲད་ཚུལ། སྟག་གཟིག་ནོར་རྫོང་ལས། ཁ་སང་སྡུག་གི་སྔ་དྲོ་ལ། །ཁྱི་ཕྲུག་ཁྲ་རྒོད་ཟླ་བ་ཡིས། །དཔའ་སེང་མཚོན་གྱིས་དཀྲོངས་ཚབ་ཏུ། །ཆེ་བཙན་སྟག་མོའི་གདུང་རྒྱུད་ལ། །འཇང་སྲས་གཡུ་ཁྲི་གུང་སྔོན་ཁྱོད། །བར་ཚོ་དྲུག་འོམ་བུའི་དཔོན་པོ་དང་། །འཕྲུ་དམར་དམག་གི་མགོ་འཛིན་མཛོད། །ཅེས་གདོང་འབུམ་པའི་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱིས་ཐུགས་བཀོད་མཛད་པ་བཞིན་གླིང་སྡེ་ཆེ་གསུམ་གྱི་ནང་ཚན་བར་གླིང་འོམ་བུ་ཚོ་དྲུག་གི་ཁྲི་དཔོན་གྱི་ཐོབ་སྤྲད། སྤྱིར་བར་གླིང་འོམ་བུའི་དཔོན་པོ་ཨ་ནུ་དཔའ་སེང་འདས་པའི་ཁྲི་ཚབ་ཏུ་གླིང་ནང་གི་དཔའ་བརྟུལ་དཔོན་རྒྱུད་ཆེ་རིགས། དཔེར་ན་རོང་སྲས་ལྷ་རྒོད་འབུམ་ལུ་ལྟ་བུའི་གདུང་སྲས་སམ། ཡང་ན་དཔའ་རྒོད་སྐྱེན་གསུམ་འཛོམས་པའི་དཔའ་ཆེན་གང་རུང་ཞིག་འདེམས་འོས་པ་དང་། ཡང་མིན་ན་གླིང་རྗེ་གེ་སར་རྒྱལ་བློན་ལ་ཕྱོགས་སོ་སོ་ནས་ཕེབས་པའི་མནའ་ཡ་དཔུང་གྲོགས་བྱེད་པར་ཁ་ཞེ་གཉིས་མེད་ཅན་ཚོའི་ཁྲོད་དུ་སྐྱེ་བ་དང་རུས་རྒྱུད་མཐོ་བར་མ་ཟད། གླིང་རྒྱལ་བློན་གྱི་སྐྱིད་སྡུག་ལ་བློ་གཅིག་སེམས་གཅིག་ཡིན་པའི་མི་སྣ།དཔེར་ན་བྱང་སྲས་ཨུ་ཁྲི་ལེགས་པ་ལྟ་བུ་དང་། ཧོར་དཔའ་ཡག་ཐང་རྩེ་གཡུ་འབྲུག། མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར། དེ་བཞིན་དུ་དཔའ་སྟོབས་ཤེས་དཔྱོད་འགྲན་ཟླ་བྲལ་བའི་བཀའ་བློན་ཤན་པ་རྨེ་རུ་རྩེ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་ལྟ་བུ་ཞིག་བསྐོ་བཞག་གནང་ཡང་འོས་མོད། གླིང་རྒྱལ་བློན་གྱིས་ཐད་ཀར་འཇང་སྲས་གཡུ་ཁྲི་གུང་སྔོན་གྱི་རུས་རྒྱུད་མཐོ་ལ་སྐུ་དབང་བཙན་པ་དང་། འགྲོ་དོན་འཕྲིན་ལས་སོགས་གཞན་ལས་ཕུལ་བྱུང་འགྲན་ཟླ་མེད་ཚུལ་སོགས་ཀྱི་སྐུ་ཡོན་ལ་གཟིགས་པ་དུ་མས་གཟིགས་ཏེ། གླིང་དཀར་པོའི་ནང་སྡེ་ཆེ་གསུམ་གྱི་ཡང་སྙིང་བར་གླིང་འོམ་བུ་ཚོ་དྲུག་གི་ཁྲི་དཔོན་དུ་མངའ་གསོལ་བཟང་བསྟོད་དེ་ཁྲི་འདོན་མཛད་སྒོ་རྒྱ་ཆེན་པོ་བསྡུས་པ་ཡིན་འདུག། དུས་དེ་ནས་བཟུང་ཁྲི་དཔོན་གཡུ་ཁྲི་གུང་སྔོན་དང་། ཆིབས་ཆེན་གཡུ་འབྲུག་སྤྲིན་གཤོག་ཅེས་སྐུ་ཚེ་གང་བོར་གླིང་དཀར་པོའི་བསྟན་སྲིད་ཀྱི་ཆེད་དུ་ཞི་རྒྱས་དབང་དང་ལྷག་པར་དྲག་པོ་གཡུལ་གྱི་ལས་ལ་ཞུགས་ཚུལ་གྱི་རྣམ་ཐར་བཟུང་སྟེ། གུང་གཡུ་ཁྲི་དགྲ་རྡུང་ཐོ་བ་ང།།དགྲ་གར་ཡོད་གདོང་ལ་ལ་ལངས་ལེ་ཡིན། ། ཞེས་པ་ལྟར་དཔའ་རྟགས་དང་ཐོབ་ཐང་སྐུ་དབང་སོགས་ལྷ་སྲས་དགྲ་བླ་རྩེ་རྒྱལ་དང་དོ་མཉམ་པ་ལྟ་བུ་ཞིག་བྱུང་བ་ཡོད་པ་ནི། གླིང་རྗེ་གེ་སར་སྐྱེས་མཆོག་ཡིད་བཞིན་ནོར་བུས་གཡུ་ཁྲི་ཁོང་ལ་གསུང་བཀོད་དང་གནང་སྐྱེས་དཔའ་རྟགས་སོགས་བསྩལ་ཚུལ་གྱི་གསུང་ལས་རྟོགས་ཐུབ་པ་དཔེར་ན། གངས་རིའི་ཤེལ་རྫོང་དུ། གཡས་གྲལ་གྲལ་གྱི་གྲལ་མགོ་ལ། །དངུལ་ཁྲི་པ་ཏྲ་འཁྱིལ་པའི་ཐོག །ལྷ་སྲས་དགྲ་ལྷ་རྩེ་རྒྱལ་བཞུགས། །གཡོན་གྲལ་གྲལ་གྱི་གྲལ་མགོ་ལ། །དུང་ཁྲི་པདྨ་བརྩེགས་པའི་ཐོག །འཇང་སྲས་གཡུ་ཁྲི་བཙན་པོ་བཞུགས། །མདུན་གྲལ་དང་པོའི་གྲལ་མགོ་ལ། །སྟག་རི་མོ་ཅན་གྱི་གདན་ཐོག་ལ། །སྤྱི་དཔོན་རོང་ཚ་ཁྲ་རྒན་བཞུགས།།མདུན་གྲལ་གཉིས་པའི་གྲལ་མགོ་ལ། །གཟིག་ཐིག་ལེ་ཅན་གྱི་གདན་སྟེང་ན། །བཀའ་བློན་འདན་མ་བྱང་ཁྲ་བཞུགས། །ཞེས་གྲལ་ཐོབ་ཀྱི་མཐོ་དམན་དང་། གྲུ་གུ་གོ་རྫོང་ཆེན་མོར། གེ་མཛོའི་ལས་དར་ཁྲ་བོ་དང་། དགྲ་ལྷའི་ཚེ་གོས་གཉིས།སྲས་དགྲ་ལྷ་རྩེ་རྒྱལ་དང་འཇང་སྲས་གཡུ་ཁྲི་གུང་རྗེ་གཉིས་ལ་ཁྱད་མེད་དུ་གནང་ཞིང་། དེ་ནས་རྒྱལ་པོ་སེང་ཆེན་དམག་གི་དགྲ་ལྷ།གདོང་རིགས་སྲིད་པའི་རྗེ་བོ་ཁོང་གིས་བྱང་གྲུ་གུའི་ཡུལ་དུ་དམག་འགྲོ་ལུགས་ཀྱི་གླུ་འདི་ངག་རྟ་ཁྲོམ་ཆེན་ཟིལ་གནོན་ལ་དྲངས་པ་འདི་ལྟར་རོ། །ཞེས་གསལ་ལ་གཞན་ཡང་། ལྕགས་མོའི་འབྲི་རྫོང་དུ། འབྲི་སྔོན་གཡུ་ཡི་རྭ་ཅོ་ཅན༔ བྱེ་བ་བརྒྱ་ཡི་ནོར་སྐལ་ཡོད༔ འོམ་བུ་རྫོང་དྲུག་བདག་པོར་བཅས༔ ཞེས་དང་། དམག་དཔོན་ཁྱེད་ལ་འབྲི་མོ་ཁྲི༔ མཆན་ཁེབ་རྣམས་ཀྱིས་བདག་པོར་མཛོད༔ ཅེས་དང་དེ་བཞིན་དུ། ཨ་གྲགས་གཟི་རྫོང་དུ། ཕ་ཁྲབ་དཀར་མོ་འབུམ་རྫོང་དེ། །དངུལ་སྦྱང་ཉི་འོད་ལམ་སེ་ལམ། །རྨོག་དཀར་ཟླ་བ་འོད་གསལ་དེ། །ལྕུག་དཀྲིས་གཟི་ལ་ཁྱུང་གཏོར་གསེར། །འཛམ་གླིང་དཀོན་པའི་ཁྲབ་རྨོག་དེ། །རྒྱལ་སྲས་རྩེ་རྒྱལ་ཁོང་ལ་གནང་། །རྐང་ཤང་མདུང་གྲི་ངར་མ་དེ། །ལྟག་པ་གསེར་ལ་སོ་ཁ་དུག །ཁྲག་འཐུང་ལྕགས་སྣ་དགུ་ལས་བརྡུངས། །ནུ་བོ་ལྷ་རྒོད་ཁོང་ལ་གནང་། །རླུང་ཞགས་ཁམས་གསུམ་འོད་འཁྱུག་དེ། །འབར་བ་མེ་ཡི་ལྕགས་ཀྱུ་ཅན། །འབྱུང་བ་ལྕགས་ཀྱི་ཨ་ལོང་ཅན། །བཏབ་ན་མི་ཟིན་སུ་ཡང་མེད། །འཇང་སྲས་གཡུ་ཁྲི་ཁོང་ལ་གནང་། །མི་དེ་གསུམ་གླིང་རུའི་སྙིང་དང་འདྲ། ། ཞེས་པ་ལྟ་བུ་གླིང་རྗེ་གེ་སར་སྐྱེས་བུའི་གསུང་ཚིག་རྣམས་ཀྱི་ངོས་ནས་གཡུ་ཁྲི་ཁོང་གི་སྐུ་ཡོན་དང་ཐོབ་ཐང་སོགས་ཚད་ཅི་ཙམ་ཡིན་གསལ་བོ་ངེས་ཐུབ་པ་ཡིན།
དེ་བཞིན་དུ་འཇང་སྲས་གཡུ་ཁྲི་གུང་སྔོན་ཁོང་གི་ཐོབ་རྟགས་དང་མི་རྟའི་རྣམ་འགྱུར་ལས་འགན་སོགས་ནི། དཔེར་ན། འཇར་གླིང་ལས། དེ་ནས་གཞན་དང་མ་འདྲ་ལེ།།མི་ཕོ་ཤ་རྩ་སྔོ་མདང་ཅན། །སྐྱེ་སྒོ་ཡག་ལ་མཛེས་ལེ་ཞིག །གཡུ་ཡི་ཁྲབ་རྨོག་གྱོན་པ་ལ། །ཐོབ་རྟགས་མརྒད་ཏོག་གིས་བརྒྱན། །རྒྱལ་མཚན་དར་འཕྲུ་བདུན་གྱིས་སྤྲས། །བར་གླིང་དཔུང་གི་གཙོ་བོ་དེ། །འཇང་སྲས་གཡུ་ཁྲི་གུང་རྗེ་རེད། །རྟ་མཛེས་མོ་རྨ་བྱ་འདྲ་ལེ་བ། །རྒྱན་བཟང་པོ་དུ་མ་བཏགས་ལེ་ལ། །ཐོབ་རྟགས་གཡུ་ཡི་དོམ་དོམ་ཅན། །འོག་འདོ་བ་གཡུ་འབྲུག་སྤྲིན་གཤོག་ཟེར། ཞེས་དང་། ཁ་ཆེའི་གཡུ་རྫོང་དུ་ཡང་། གསེར་ལྡན་རུ་ལམ་འོག་མ་ནས། །རུ་དཀར་དམར་མེ་ཏོག་ཤར་འདྲ་འདི། །བལ་གླིང་འོམ་བུའི་ལས་དམག་རེད། །རུ་དཀྱིལ་མི་སྔོན་རྟ་སྔོན་ཅན། །སྟོབས་ཆེན་ལུས་ཀྱི་ཤ་རྒོད་དེས། །ཁྲབ་དཀར་རྒྱུན་ཐག་གཅོད་ལ་ཁད། །རྒྱུག་ཆེན་རྐང་བའི་འདོམ་བར་ནས། །གསེར་སྒའི་ལྷུ་བཞི་ཆག་ལ་ཁད། །ངོ་མདངས་དཀར་ལ་ཁྲོས་པའི་ཞལ། །སྤྱན་ཟུག་སྡང་མིག་གློག་འོད་འཁྱུག །ཞལ་ནས་མེ་སྟག་ལྷབས་སེ་ལྷབ། །ཤངས་ནས་དུད་པ་ཆེམས་སེ་ཆེམ།།ས་དམ་ཤི་བའི་དྭ་ཕྲུག་ལ། །འཇང་སྲས་གཡུ་ཁྲི་གུང་རྗེ་རེད། །ཅེས་གཡུ་ཁྲི་གུང་རྗེ་ཁོང་དམག་ལ་ཕེབས་ན་ཐོབ་རྟགས་གཞན་ལས་ཆེ་བའི་མི་བརྗིད་རྟ་སྔོན་མཛེས་སྡུག་དང་ལྡན་པ་ཞིག་ཡིན་ཚུལ་གསལ་བར་མ་ཟད། གཡུལ་ཆེན་གང་དང་གང་གི་སྐབས་ཡིན་ཡང་འཇང་སྲས་གཡུ་ཁྲི་ནི་གླིང་དམག་རུ་བཞི་དང་རུ་གསུམ་སོགས་རུ་ཇི་ལྟར་བསྒོས་ནས་དམག་བཀོད་བཞག་ན་ཡང་། དགྲ་འཐབ་ཀྱི་གཙོ་གནད་ཆེ་ས་དང་དགྲ་སྒོ་གང་བཙན་གྱི་གདོང་ལེན་རུ་དཔོན་མཛད་མཁན་ཡིན་ཏེ། སོག་སེར་པོའི་རྟ་རྫོང་ཕབ་པའི་ལེའུ་ལས། ཉི་མ་སང་གི་སྔ་དྲོ་ལ། །གསེར་པའི་ཉི་མ་འབུམ་ཐུབ་ལ། །གྲོས་རོགས་དཔའ་བརྟུལ་ཉི་ཤུ་དཔུང་། །རྟ་དམག་བཞི་འབུམ་བཞི་ཁྲི་བཅས། །མེ་ལོང་ཐོད་ཆེན་ཡང་ཟུར་ནས། །ལྕགས་རིའི་རབ་ཁ་ཟུངས་ལ་ཤོག །འཇང་སྲས་གཡུ་ཁྲི་གུང་རྗེ་ལ། །གྲོས་རོགས་དཔའ་བརྟུལ་ཉི་ཤུ་དཔུང་། །རྟ་དམག་བཞི་འབུམ་བཞི་ཁྲི་བཅས། །སྟག་རི་སྨུག་རྫོང་མར་གཤམ་ནས། །ལྕགས་རིའི་རབ་ཁ་ཟུངས་ལ་ཤོག །དམུ་སྤྱང་རིན་ཆེན་དར་ལུ་ལ། །གྲོས་རོགས་དཔའ་བརྟུལ་ཉི་ཤུ་དཔུང་། །གྲོས་ར་གཡུ་ལུང་མར་གཤམ་ནས། །ལྕགས་རིའི་རབ་ཁ་ཟུངས་ལ་ཤོག །ང་རང་དགྲ་ལྷ་ཐོག་རྒྱལ་ལ། །གྲོས་རོགས་དཔའ་བརྟུལ་ཉི་ཤུ་དཔུང་། །རྟ་དམག་བཞི་འབུམ་བཞི་ཁྲི་བཅས། །བྱེ་མ་ལམ་གཞུང་བཟུང་ནས་འོང་། །གཞི་འཛིན་རྒྱལ་པོ་གེ་སར་དང་། །ཕ་ཁུ་ཆེ་གསུམ་སྒར་དུ་བཞུགས། །འཕྲོས་ལུས་དཔུང་དམག་གོ་བཙན་ཟུངས། །སང་ཉིན་ཉི་མ་ཕྱེད་ཡོལ་ལ། །རྫོང་ཆུང་དམག་གིས་བསྐོར་རྒྱུ་ཡིན། །རྒོད་གཞན་ཐང་ལ་ཕྱེ་རྒྱུ་ཡིན། །གཞུང་ཐང་རོ་ཡིས་བཀང་རྒྱུ་ཡིན། །འབབ་ཆུ་ཁྲག་ལ་བསྒྲེ་རྒྱུ་ཡིན། །གཏམ་རྒྱུད་བོད་ལ་འཇོག་རྒྱུ་ཡིན། ། ཞེས་ལྷ་དགྲ་བླའི་དམག་བཀོད་ཀྱི་གླུ་ལས་གསལ་བ་དང་། ཐ་རམ་ནོར་བུའི་གཏེར་རྫོང་ཕབ་སྐབས་ཀྱང་ལྷ་སྲས་དགྲ་བླའི་དམག་བཀོད་ཀྱི་གླུ་ལས། གཡོན་རུ་དཔུང་གི་འབུམ་དམག་དེ། །བར་གླིང་འོམ་བུའི་ལས་དམག་ཡིན། །མགོ་འཛིན་འཇང་སྲས་གཡུ་ཁྲི་ལ། །དངུལ་འཕྲུ་ཅན་གྱི་ཚོ་ཆེན་དམག །སྤྲིན་དཀར་རླུང་གིས་སྐྱོད་སྐྱོད་གྱིས། །ཞེས་གསལ་བ་དང་། དེ་བཞིན་དུ་གླིང་གིས་འཇར་ཧུ་ལ་འདུལ་བའི་སྐབས། གླིང་དམག་གི་མདུན་རིའི་རུ་འཛིན་ཉི་འབུམ། གཡོན་རུའི་རུ་འཛིན་གཡུ་ཁྲི། རྒྱབ་རུའི་རུ་འཛིན་སྐྱ་སྲས་སྣང་གསལ་གཡུ་སྟག།གཡོན་རུའི་རུ་འཛིན་རྒྱལ་སྲས་མ་ཎི་ཀ་ར་སོགས་རུ་བཞི་བྱས་ནས་གཡུལ་འཁྲུགས་དུས་ཀྱི་ལྷ་སྲས་དགྲ་བླའི་དམག་བཀོད་དུ། དེ་ནས་གཡས་རུའི་སྒར་གྲལ་ལ། །དམག་གཡུ་འཕྲུ་ཅན་ལ་ཁྲི་ཚོ་ལྔ།།སྨུག་པོ་འཇང་གི་ལས་དམག་ཡིན། །མགོ་འཛིན་སྤྱི་ཡི་རྗེ་བོ་ལ།།དགུང་སྤྲིན་ཕུང་ཆགས་པའི་སྙིང་བཅུད་དེ།།གྲགས་གཡེར་ཆེ་བའི་གཡུ་འབྲུག་རེད།།འཇང་སྲས་གཡུ་ཁྲི་གུང་རྗེ་དང་། །འབྲུ་སྲས་ནམ་མཁའ་དགྲ་འདུལ་བཞུགས། །ཞེས་གསལ་བ་དང་། ཡང་གླིང་གིས་མུ་སྟེགས་ཟི་ཆིམ་རྒྱལ་བློན་བཏུལ་ནས་རིན་ཆེན་མཆོང་རྫོང་ཕབ་པའི་རྟོགས་བརྗོད་སྒྲུང་རྙིང་དུ།བློན་ཆེན་འདན་མ་བྱང་ཁྲའི་དམག་བཀོད་ཀྱི་གླུ་ལས། བར་གླིང་འོམ་བུའི་ལས་དམག་དེ།།མི་སྔོན་རྟ་སྔོན་ཉི་ལི་ལི། །སྒར་བབས་ན་རྒྱ་མཚོ་འཁྱིལ་བ་འདྲ།བསྐྱོད་ན་རྒྱ་མཚོ་འཕྱུར་བ་འདྲ། །སྐྱེན་པོ་དར་མ་འབུམ་ཐུབ་དང་། །དཔའ་འུ་རིན་ཆེན་གྲགས་པ་གཉིས། །རང་འོག་ཁས་ལེན་དུ་ཡོད་བཅས། །གཡས་གཡོན་དམག་གི་རུ་འཛིན་གྱིས། །ཉི་ཁྲི་བེར་དམར་ཁྲི་ཐུབ་དང་། །ལན་མེད་འབྲོང་གཡག་གཉའ་འཛིན་གཉིས། །མཆན་ཁེབ་ཕོ་རྒོད་བཅུ་གསུམ་གྱིས། །མདུན་རྒྱབ་དམག་གི་རུ་འདྲེན་གྱིས། །སྙིང་བཅུད་གཡུ་ཁྲི་གུང་རྗེ་ལ། །དཔའ་ཡ་མེད་བློན་པོ་ལྔ་དང་བཅས། །ཁས་ལེན་རྟ་དམག་སྟོང་ཚོ་བཅས། ། ཞེས་དང་།སྨུ་གུའི་དྲེལ་རྫོང་ལས་ཀྱང་། བར་གླིང་འོམ་བུའི་དམག་དང་གཅིག །གཡོན་རུ་འབྲུ་སྡེའི་ལས་དམག་གཉིས།།སྐྱ་ལོ་ཕྱུགས་སྡེའི་འབུམ་དམག་གསུམ། །གཤམ་མཐུད་ལྷོ་ཡི་དཔུང་དང་བཞི། །སོག་པོའི་དམག་དང་ཨ་གྲགས་དྲུག །འབུམ་དམག་དྲུག་གི་སྙིང་བཅུད་ལ། །འཇང་སྲས་གཡུ་ཁྲི་དགུང་སྔོན་བཞུགས། །ཞེས་བློན་ཆེན་འདན་མའི་དམག་བཀོད་དུ་གསལ་བ་དང་། བྱང་བྱེ་རིའི་བྱུར་རྫོང་དུ། ལྕགས་རྫོང་སྔོན་མོ་འཇིག་མེད་ཀྱི་ཤར་སྒོ་ལ་འཇང་སྲས་གཡུ་ཁྲི་དགུང་སྔོན་དང་། ལྷོ་སྒོ་ལ་རོང་སྲས་ལྷ་རྒོད།ནུབ་སྒོ་ལ་གདོང་བཙན་སྣང་ངུ་ཨ་བརྟན། བྱང་སྒོ་ལ་མོན་སྤྱང་རིན་ཆེན་གྲགས་པ་སོགས་ཁྲི་དམག་ལྔ་རེས་བསྐོར། ལྷོ་ནུབ་ཁྲི་གདུགས་གསེར་རྫོང་དེ་བཀའ་བློན་འདན་མ་དང་ལྔ་ཁྲི་དཔུང་གིས་བསྐོར།བྱང་ཤར་གཡུ་རྫོང་ཁྲི་མཁར་དེ་འབྲོང་བཟང་མཚལ་དམར་ལྷ་རྒོད་དང་ལྔ་ཁྲི་དཔུང་གིས་བསྐོར། ནུབ་བྱང་རྫོང་བྱེ་མཁར་ལྡེམ་དྲུག་དེ་ཨ་ནུ་ཁྲ་རྒོད་དང་ལྔ་ཁྲི་དཔུང་གིས་བསྐོར་ཏེ་ལྟ་བ་མིག་གིས་མི་བཟོད་པར་བྱས། ཞེས་གསལ་བ་ལྟ་བུ་དང་། ཨ་གྲགས་གཟི་རྫོང་དུ་སྤྱི་དཔོན་རོང་ཚའི་དམག་བཀོད་སྐབས། འབྲིང་རྒྱུད་འོམ་བུའི་དམག་དཔུང་ལ།།མགོ་འཛིན་འཇང་ཕྲུག་གཡུ་ཁྲི་ཡོད། །གྲོས་རོགས་དཔའ་བརྟུལ་མི་བདུན་ཡོད། །རྨ་ཉིན་རྫོང་དཔོན་དང་མི་བརྒྱད་ཡོད། །གཡོན་རུའི་སྒར་པ་ཐོབས་ལ་ཤོག། ཞེས་དང་དེ་བཞིན་དུ། གངས་རིའི་ཤེལ་རྫོང་དུ། འཇང་སྲས་ཀྱིས་དམག་སྤྱི་བྱས་པའི་འཇང་དམག་ཀྱང་བྱང་མ་རོང་ནས་གཤར་ཏེ་ཕྱི་ཉིན་དེར་འབྱོར་ཞིང་དམག་ལྷན་དུ་འཛོམ། གཉན་ཆེན་ཐང་ལྷའི་མདུན་དུ་བསང་དང་གསེར་སྐྱེམས་རྒྱས་པ་ཕུལ། ཕྱི་ཉིན་དམག་དུང་གི་བརྡ་གཏོང་བ་དང་ཆབས་ཅིག་གླིང་གི་དམག་ཆེན་ཁག་གསུམ་དེ་བཟློག་ཏུ་མེད་པའི་ཆུ་ཆེན་འབབས་པ་ལྟར་རྟ་དམར་དང་བྷེ་ར་བརྒྱུད་ནས་གངས་རི་ལ་དྭགས་ཀྱི་ཕྱོགས་སུ་བསྐྱོད་པར་གདའ་འོ། །ཞེས་དང་ཡང་དེ་ལས། དེ་ནས་གླིང་དམག་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་བཙན་རྫོང་ནང་འཛུལ་ཏེ་རྫོང་སྲུང་གངས་རི་བའི་དམག་མི་བརྒྱ་ཕྲག་ཁ་ཤས་དམར་བསད་བཏང་། རྫོང་ནང་གི་རྒྱུ་རྫས་རྣམས་བསྡུ་རུབ་བྱེད་སྐབས།ནང་ནས་མི་རྒན་ཤ་རྩ་སྔོ་ལ་རིད་པ། མིག་འབྲས་གཡུ་ལྟར་སྔོ་བ།ཨོག་ཚོམ་གྱིས་བྲང་ཁེབས་པ་ཞིག་གིས་མདུང་རྩེ་ལས་མེ་མཆེད་པ་ཞིག་ཁྱེར་ནས་གཡུ་ཁྲིའི་ཐོག་མཆོང་ཡོང་བ་དང་། གཡུ་ཁྲིས་དེ་འདྲེ་ཡི་ཆོ་འཕྲུལ་རེད་དགོངས་ནས་མདའ་གཅིག་འཕངས་པས་ཁོའི་ལྟོ་བར་ཐེབས་ནས།ཕཊ་སྒྲ་གཅིག་གྲགས་ཏེ་གར་སོང་ཆ་མེད་གྱུར། ཅེས་གདུག་འདྲེ་མ་རུངས་པ་ཡང་དུ་མ་འདུལ་མྱོང་བའི་དཔེ་མཚོན་གསལ་ཚུལ་སོགས་མང་།
དེ་མིན་ཁྲི་དཔོན་གཡུ་ཁྲི་གུང་སྔོན་ཁོང་གིས་སྡང་དགྲ་བཏུལ་ཏེ་དཔའ་རྟགས་བཞག་པའི་སྐོར་ནས་དཔེ་མཚོན་འགའ་རེ་དྲངས་ན། ཐོག་མར་གཡུ་ཁྲི་གུང་སྔོན་མཆོག་སྐུ་དབང་མཐོ་ཕྱིར། རོང་མི་མཐའ་བཙན་རྒྱལ་བློན་སོགས་ཕྱོགས་ཀྱི་ཚོ་ཁག་མང་པོར། མི་ཤི་རྟ་འགྱེལ་གྱི་གཡུལ་འཐབ་མ་དགོས་པར་རང་བཞིན་གྱིས་ཁོང་ལ་མགོ་འབུལ་ཞུས་་ཏེ། དཀར་པོ་གླིང་གི་མངའ་འབངས་སུ་བསྡུས་མྱོང་པ་དང་། དེ་བཞིན་དུ་ཁོང་ལ་དཔའ་རྩལ་དྲུག་སྙིང་སྡོས་གཞན་ལས་ཆེ་བ་དང་ལྷག་པར་ཞགས་པ་འདེབས་པའི་རྩལ་ལ་ཆེད་དུ་སྐྱེན་རྟགས་སུ། ཁོང་གིས་སོག་ཤིང་རོང་རྨ་བྱ་བཙན་པོ་དང་། བྱང་བྱེ་རིའི་སྟག་སར་རྡོ་རྗེ་ཐོག་དམར། སྒང་ཨ་གྲགས་ཡུལ་གྱི་དཔའ་རྒོད་ཡ་མེད་ལ་ཕུ་ལུང་སྟོད་ཞལ་དཀར། ག་ཡུ་ཨ་དར་གྱི་རྒྱལ་སྲས་ཚངས་པ་དགྲ་འདུལ་སོགས་གསོན་བཟུང་བྱས་ནས་གླིང་གི་དཔའ་གྲལ་དུ་བཙུད་ཚུལ་སོགས་མང་པ་དང་། ཁྱད་པར་དུ་དཔའ་རྩལ་དང་དྲག་པོ་རྣོ་མཚོན་གྱི་འཕྲིན་ལས་ཀྱིས་ནུབ་སྟག་གཟིག་གི་གྱད་ཀྱི་དཔའ་བོ་ཁྲོམ་རྩེ་དཔུང་རྒོད་ནས་བཟུང་། སོག་གི་རྒྱལ་སྲས་ཆེན་པོ་ལྷའུ་རྒོད་ལྡེམ། ཞང་ཞུང་ཕྱི་གླིང་གི་དཔའ་ཆེན་བཙན་བདུད་གློག་དམར་འཁྱུག་ཤེས། གོ་རའི་སྟག་རི་རླུང་ལྷའི་སྤྱང་མོ་ཨ་འབར། ནུབ་ཁ་ཆེའི་རྡ་ར་དཔལ་ལྡན་འཇིགས་མེད། གངས་རི་ལ་དྭགས་ཀྱི་བདུད་རྒྱལ་དགའ་བོ་གཞོན་ནུའི་ནང་བློན་དོམ་ཐུལ་མདོ་ཁྲི་གིང་ཐོད། བྱང་གྲུ་གུའི་དམག་དཔོན་དཔའ་དར་རྒྱལ་རྒོད་དང་། ཡ་ཁྲི་སྒོ་སྐྱ་ཡ་མེད། ག་ཡུ་ཨ་དར་ཡུལ་གྱི་གཙོ་བོ་ཉི་མ་ཁྱུང་འབར་རྒྱལ་པོ། ཁྲི་དཔོན་འཆི་བདག་མིག་དམར། ཨུ་ཡན་གྱི་དཔའ་རྒོད་ཤ་ཟན་ངོ་ནག །འཇར་གྱི་དཔའ་བོ་སྟོང་ཡན་ཐུབ་ཀྱི་ཇག་རྒོད་མི་དྲུག་གི་གཙོ་བོ་སྐྱེ་ཡག་དུང་ཟླ་འཛུམ་རྒྱས་སོགས་གཟུགས་སྣང་དང་མི་སྣང་བའི་སྒོ་ནས་གླིང་དཀར་པོ་ལ་དགྲ་བའི་བདུད་ཀྱི་རྒྱལ་བློན་དཔའ་རྒོད་མང་པོ་ཆམ་ལ་ཕབ་པའི་སྐོར་ནི། འདིར་དཔེ་ཙམ་ལས་གྲངས་ཀྱིས་ག་ལ་ཆོད།དེ་བཞིན་དུ་བྱང་བྱེ་རིའི་ཡུལ་འདྲེ་ཕུ་བོ་གཡག་རྒྱལ་ཐོད་དཀར་དང་། མུ་སྟེགས་ཟི་ཆིམ་ཡུལ་གྱི་བདུད་ནག་འཕྲུལ་རྟ་ཡ་མེད། ག་ཡུ་ཨ་དར་ཡུལ་གྱི་བཙན་རྒོད་གཡག་རྒྱལ་ག་ཡུ་ཞེས་པ་ལྟ་བུའི་འདྲེ་སྲིན་གདུག་པ་ཅན་ཏེ། མི་མིན་སྡིག་འདྲེ་དུ་མ་ཡང་འཕྲུལ་ཞགས་བཏབ་ནས་བཟུང་སྟེ་གླིང་རྗེ་རྒྱལ་བློན་ལ་བསྒྲལ་འདྲེན་མཛད་རྒྱུའི་སྡོངས་གྲོགས་འཕྲིན་ལས་མང་དུ་མཛད་པ་སོགས་རྣམ་ཐར་རྒྱ་ཆེ་ལ་གཏིང་ཟབ་པ་ཡིན་ནོ། །
གཞན་འཇང་སྲས་གཡུ་ཁྲི་གུང་སྔོན་ཁོང་། གླིང་གི་མཛད་པ་ཡོངས་རྫོགས་འགྲུབ་ལ་ཉེ་བའི་དུས་གཡུལ་སར་སྐུ་འདས་དང་མ་འདས་བཤད་ཚུལ་འགའ་འདུག་པའི་ཐད་ནས། བྱང་མེ་གླིང་ཤ་བ་གཡུ་ལུང་གི་གཟི་རྫོང་ཕབ་དུས་ཀྱི་གཡུལ་ཁྲོད་དང་། མི་ནུབ་དར་རྫོང་ཕབ་དུས་ཀྱི་གཡུལ་ཁྲོད་སོགས་གླིང་དཀར་པོའི་རྫོང་ཁག་བཅོ་བརྒྱད་ཕབ་པའི་མཇུག་ཙམ་གྱི་དུས་སྐུ་འདས་ཚུལ་གསུང་མཁན་གྱི་སྒྲུང་ལུགས་ཡོད་མོད། དེ་ཡང་མཐའ་གཅིག་ཏུ་མ་ངེས་ཏེ།ངག་རྒྱུན་ལས་ཐོས་པ་ལྟར་ན། སྔོན་ལྷ་ཐོག་མི་རྗེ་སྒྲུང་པས་ཁ་ཆེའི་གཡུ་རྫོང་ཕབ་འབྲི་མཛད་སྐབས།ཁོང་མི་ཆུང་ཁ་བདེའི་སྐྱེ་བ་ཡིན་སྟབས། ཨ་ཁུ་ཁྲོ་ཐུང་ལ་ཞེ་ངན་གྱི་ཚུལ་དུ་ལྷ་རྒོད་འབུམ་ལུ། རྒོད་པོ་ཁྲ་མགོའི་ཕྱག་ཏུ་འདས་ཤོར་བ་ཞིག་བྲིས་པ་མ་གཏོགས།དོན་ལ་ལྷ་རྒོད་རྨས་པ་ཙམ་ལས་སྐུ་འདས་མེད་ཚུལ་བཤད་རྒྱུ་ཡོད་པ་ལྟར། མེ་གླིང་གཟི་རྫོང་ཕབ་མཁན་གྱི་སྒྲུང་པ་དེས་ཀྱང་སྐྱེ་སྔོན་མའི་མཛད་འཕྲིན་ཁྲོད་ཀྱི་རྣམ་པ་རེ་ཐུགས་ལ་གནག་ཏེ། གླིང་དང་ཤ་བ་གཡུ་ལུང་གཉིས་ཀྱི་གཡུལ་འཁྲུག་ཁྲོད་བདུད་ཕྲུག་ཇོ་བོ་གནམ་རས་གཡུ་ཁྲི་བཀྲོངས་པ་ཞིག་བྲིས་ཤོར་བ་མ་ཡིན་སྙམ་པ་ཞིག་ལ། གཡུལ་འཁྲུག་དེའི་སྐབས་བར་གླིང་འོམ་བུའི་ཕྱོགས་ནས་མ་འཁྱོངས་ཚུལ་མང་པ་དང་།འོམ་བུའི་དཔའ་བརྟུལ་དཔོན་དམག་ལ་ཆག་སྒོ་བྱུང་བ་ཚབས་ཆེ་ཚུལ་གསལ་བ་བསམ་གློ་གཏོང་ཡུལ་ཞིག་དང་། མེ་གླིང་གཟི་རྫོང་ཕབ་ཕྱིན་གྱི་རྟོགས་བརྗོད།ཨུ་ཡན་དངུལ་རྫོང་སོགས་ཚོ་ཁག་གཞན་མང་པོར་གཡུལ་འཁྲུག་པའི་སྒྲུང་དཔེའི་ནང་གཡུ་ཁྲི་སྔར་ལྟར་བར་གླིང་གི་ཁྲི་དཔོན་ཡིན་པ་མངོན་ཚུལ་སོགས་ལ་གཞིགས་ན། མེ་གླིང་གཟི་རྫོང་ཕབ་དུས་འདས་པར་བཞེད་ཕྱོགས་དེ་མཐའ་གཅིག་ཏུ་སྨྲ་མི་ནུས་པ་ཞིག་རེད་སྙམ་པ་དང་། གཞན་མི་ནུབ་རི་ལྷ་དུག་རི་དང་འཐབ་ཚེ་སྐུ་དབང་རྫོགས་ཚུལ་སོགས་རྣམ་ཐར་རྟོགས་བརྗོད་རེ་འགའ་མཆིས་པ་ནི། གླིང་རྒྱལ་པོའི་བཀའ་བློན་ཆེན་པོ་སྡིག་གཅོད་ཤན་པ་མེ་རུ་སོགས་གླིང་གི་མི་སྣ་གཙོ་གྲས་འགའ་སྐུ་འདས་བཀྲོངས་ཤོར་མ་ཤོར་ཐད་ཀྱི་རྣམ་ཐར་ལ་བརྗོད་ཚུལ་སྣ་ཚོགས་ཡོད་པ་དག་དང་སྒོ་མཚུངས་པའི་དཔྱད་གཞི་ལས་མ་འདས་སྙམ། མདོར་བསྡུས་ན་སྒྲུང་མཁན་རང་གི་ལུགས་ལ་ནི། ག་ཡུ་ཨ་དར་ཉི་མ་ཁྱུང་འབར་བཏུལ་ཚུལ་དང་། ལྷོ་རྒྱ་མཚོའི་དུང་དཀར་གཡང་རྫོང་། ལྷོ་རོང་འབྲས་རྫོང་སོགས་ཁྲི་དཔོན་གཡུ་ཁྲི་གུང་སྔོན་གྱི་ཆེ་བ་གཙོ་བོ་བྱས་ཏེ་བརྗོད་ཡོད་པའི་རང་ཉམས་ཀྱི་རྣམ་ཐར་རྣམས་ཀྱི་སྤྱི་འགྲོས་སུ་ཁྲི་དཔོན་གཡུ་ཁྲི་གུང་སྔོན་མཆོག་གླིང་རྗེ་གེ་སར་རྒྱལ་པོས་རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་རྫོང་ཆུང་གྲངས་ལས་འདས་པ་ཕབ་པའི་མཛད་པ་འཕྲིན་ལས་མཐའ་མ་རྫོགས་ཀྱི་བར་དུ་སྐུ་འདས་བཀྲོངས་སོང་མེད་པར་དཔའ་རྟགས་མཛད་འཕྲིན་བརྗོད་ལས་འདས་པ་བཞག་ཡོད་པར་མཐོང་ཞིང་དེ་ལྟར་སྨྲ་བ་ཡིན། རྒྱུ་མཚན་ཡང་གཅིག་ཁྲི་དཔོན་གཡུ་ཁྲི་གུང་སྔོན་མཆོག་བར་གླིང་འོམ་བུའི་ཁྲི་དཔོན་དུ་མངའ་གསོལ་སྐབས། གླིང་གི་མཐུ་ཆེན་སྲུང་བའི་འཁོར་ལོ་དཔལ་མ་ཧཱ་ཀ་ལ་དཔའ་ཆེན་གྱི་ཚུལ་དུ་བཞེངས་པ། འབྲུ་སྒ་སྡེའི་ཆོས་སྐྱོང་བེར་ནག་མཆོག་ཁྲི་དཔོན་གཡུ་ཁྲིའི་སྐུ་སྲུང་ལ་ཆེད་དུ་རྟེན་འབྲེལ་འགྲིགས་ཡོད་པའི་མཐུ་སྟོབས་རྟེན་འབྲེལ་བཙན་པོའི་བདེན་ནུས་དང་། གཉིས། ཁོ་བོས་སྤྱི་ལོའི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ཡན་དུ་བྱུང་བའི་གླིང་སྒྲུང་རྙིང་པ་པོད་བརྒྱ་དང་བཅོ་བརྒྱད་ཙམ་བསྡུས་ཤིང་རགས་ཞིབ་ཅུང་རེ་བྱས་ན་ཡང་། གནའ་བོའི་སྒྲུང་མཁན་ཕལ་མོ་ཆེའི་ལུགས་ལ་གླིང་དཀར་པོས་རྫོང་ཆེན་བཅོ་བརྒྱད་ཕབ་པའི་ཐོག་མ་རུ་བཞེད་པའི་ནུབ་སྟག་གཟིག་ནོར་རྫོང་གི་སྐབས། འོམ་བུའི་དཔའ་སེང་འདས་རྗེས་ནས་འོམ་བུ་ཚོ་དྲུག་གི་ཁྲི་དཔོན་ལ་འཇང་སྲས་གཡུ་གུང་རྗེ་ཁོང་མ་གཏོགས། དཔའ་བརྟུལ་གཞན་པ་བསྐོས་པའི་ལོ་རྒྱུས་དང་། བར་གླིང་གི་ཁྲི་དཔོན་གྱི་ཐོབ་ཐོག་ནས་དམག་ལ་སོང་བ་དང་། དཔའ་བྱས་ཚུལ་སོགས་ཀྱི་རྣམ་ཐར་རྟོགས་བརྗོད་མཐོང་རྒྱུ་མེད་ཚུལ་ལ་གཞིགས་ན། གླིང་སྒྲུང་རྙིང་པའི་ལུགས་ལ་ནི། བར་གླིང་ལ་དཔའ་སེང་གི་རྗེས་ནས་ཁྲི་དཔོན་གཡུ་ཁྲི་ལས་གཞན་པ་བྱུང་མེད་པ་ཕལ་ཆེར་ཁ་ཚོད་གཅོད་ཐུབ་པའི་སྣང་བ་ཤར་བ་ཡིན་ནོ། །
ཞེས་གླིང་རྗེ་མི་དབང་གེ་སར་རྒྱལ་པོར་བློ་སྙིང་བྲང་གསུམ་གཏོད་ཅིང་། རྗེ་གང་གི་མཛད་པ་རྣམ་ཐར་སྤྱི་དང་ལྷག་པར་དུ་བློན་ཆེན་འདན་མ་ཡབ་སྲས་དང་། ནེའུ་ཆུང་དབྱིངས་ཕྱུག་རྒྱལ་མོ། འཇང་སྲས་གཡུ་ཁྲི་དཔོན་བློན་སོགས་གླིང་གི་དཔའ་བརྟུལ་དུང་སྨན་སྐོར་ཞིག་གི་མཛད་འཕྲིན་ལ་ཆེད་དུ་བག་ཆགས་ཟབ་སྣང་ཅན་གྱི་སྒྲུང་པ་སྨིན་དབུས་ཨ་དཀར་འཇིགས་མེད་བརྩེ་ལྡན་རྡོ་རྗེ་སོགས་སུ་འབོད་པའི་མི་ཆུང་མིང་ཆེན་ཅན་དེས་རང་ཡུལ་ཕྱོགས་ཀྱི་གླིང་སྒྲུང་གི་མི་སྣ་དང་གེ་སར་རིག་གནས་སློབ་རྒྱུར་དགའ་ཁ་འཁྱེར་མཁན་རྣམས་ལ་གླིང་སྒྲུང་ཁྲོད་ཀྱི་མི་སྣ་ལ་རྒྱུས་ལོན་དགོས་ཚེ། གླིང་སྒྲུང་རྙིང་པའི་རྐང་བཟུང་སྟེ་ཧ་ཅང་ཞིབ་རགས་ཀྱི་མཐར་མ་ལྷུང་བའི་ཐོག་ནས་ངོ་ཤེས་ཐབས་ལ་བརྩོན་རྒྱུ་གལ་ཆེ་ཚུལ་གྱི་སྐུལ་འདེད་དུ། རང་གི་སྒྲུང་རྙིང་མིང་ཚིག་ཕྱོགས་བསྒྲིགས་སྐབས་ཀྱི་ཁྲི་དཔོན་གཡུ་ཁྲི་འགྲེལ་བཤད་ཉུང་ངུ་ལ་ཡང་བསྐྱར་ཁ་སྣོན་ཅུང་ཙམ་བྱས་ཏེ་རོལ་རྩེད་བགྱིས་པ་དགེའོ། །དགེའོ། །དགེའོ།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注