གཏན་འབེབས་གསར་པ་འདི་དག་ཟླ7པའི་ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》ཟླ7ཚེས1ཉིན་ནས་ལག་ལེན་བསྟར་རྒྱུ་རེད། སྲོལ་ཡིག་ནང་། གཉེར་སྐྱོང་པས་འཛད་སྤྱོད་པས་གནས་ཚུལ་མི་ཤེས་པའི་འོག ཚོང་ཟོག་གམ་ཞབས་ཞུ་གཅིག་མཚུངས་ཉོ་ཚོང་གི་ཆ་རྐྱེན་འདྲ་མཚུངས་འོག་རིན་གོང་ངམ་ཡང་ན་གྲོན་བསྡུའི་ཚད་གཞི་མི་འདྲ་བ་གཏན་འཁེལ་བྱས་མི་ཆོག་པའི་གཏན་འབེབས་བྱས་ཡོད། གཉེར་སྐྱོང་པས་རང་འགུལ་ངང་དུས་ཡུན་ཕྱིར་འགྱངས་དང་རང་འགུལ་ངང་གྲོན་དངུལ་མུ་མཐུད་གཏོང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཞབས་ཞུ་འདོན་སྤྲོད་བྱས་ན། འཛད་སྤྱོད་པས་ཞབས་ཞུ་དང་ལེན་མ་བྱས་གོང་དང་རང་འགུལ་ངང་དུས་ཡུན་ཕྱིར་འགྱངས་དང་རང་འགུལ་ངང་གྲོན་དངུལ་མུ་མཐུད་གཏོང་བ་སོགས་ཀྱི་དུས་ཚོད་མ་ཟིན་གོང་ལ་མངོན་གསལ་གྱི་བྱ་ཐབས་སྤྱད་དེ་འཛད་སྤྱོད་པར་དོ་སྣང་བྱེད་དགོས་པའི་རེ་བ་འདོན་དགོས་ཞེས་གཏན་འབེབས་བྱས་ཡོད།

སྤྱི་བདེ་འགྲིམ་འགྲུལ་དོ་དམ་དམངས་བདེ་ཁེ་ལས་ལ་ཕན་པའི་བསྒྱུར་བཅོས་བྱེད་ཐབས་གསར་པ་ཁག་བརྒྱད་ཟླ་7ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ། པེ་ཅིང་དང་ཐེན་ཅིན་སོགས་གྲོང་ཁྱེར་60ལ་འཕྲུལ་སྒུལ་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གློག་རྡུལ་ཅན་དུ་འགྱུར་བར་ཚོད་ལྟ་བྱ་རྒྱུ། སྦག་སྦག་འཁོར་ལོའི་ཐོ་འགོད་“ལག་ཁྱེར་གཅིག་ཐུན་མོང་ཐོག་སྒྲུབ་པ་”ལག་བསྟར་བྱ་རྒྱུ། བྱང་བུ་གསབ་བརྗེ་ལེན་པ་སོགས་འགྲིམ་འགྲུལ་དོ་དམ་ལས་སྒོ་གཉེར་སྐབས་མྱུར་སྐྱེལ་སྒོ་འགྲམ་ཞབས་ཞུ་འདེམས་ཆོག ཁ་ལོ་བའི་ལག་ཁྱེར་ལེགས་སྒྱུར་བྱས་ནས་བསྐྱར་དུ་རྒྱུགས་ལེན་པའི་སློབ་ཚན་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

བཟོ་བཅོས་ཁྱབ་བསྒྲགས་བྱས་པའི《གཏན་འཇགས་རྒྱུ་ནོར་གྱི་དངུལ་བུན་དོ་དམ་བྱེད་ཐབས》དང་《འཁོར་རྒྱུག་མ་དངུལ་གྱི་དངུལ་བུན་དོ་དམ་བྱེད་ཐབས》 དེ་བཞིན་《མི་སྒེར་གྱི་དངུལ་བུན་དོ་དམ་བྱེད་ཐབས》ཟླ་7ཚེས་1ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང་། མི་སྒེར་གྱི་འཛད་སྤྱོད་ཐད་སྤྱོད་པའི་དངུལ་བུན་གྱི་དུས་ཡུན་ལོ་ལྔ་ལས་བརྒལ་མི་ཆོག་པ་ཁ་གསལ་གཏོང་རྒྱུ་དང་། ཐོན་སྐྱེད་གཉེར་སྐྱོང་ཐད་སྤྱོད་པའི་དངུལ་བུན་གཏོང་ཡུན་སྤྱིར་ན་ལོ་ལྔ་ལས་བརྒལ་མི་ཆོག་པ་དང་། དངུལ་བུན་གཏོང་བའི་སྤྱོད་སྒོ་དང་མཐུན་པའི་གཉེར་སྐྱོང་དངུལ་སྨར་འཁོར་རྒྱུག་ཚུར་བསྡུ་ཡུན་རིང་ཤོས་ལ་ལོ་བཅུ་ལས་བརྒལ་མི་ཆོག་ཞེས་གཏམ་འབེབས་བྱས་ཡོད།

བཟོ་བཅོས་བརྒྱབ་རྗེས་ཀྱི《བཙོག་འབུད་ཆོག་འཐུས་དོ་དམ་བྱེད་ཐབས》ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ། བཙོག་འབུད་སྡེ་ཚན་གྱི་རླུང་ཁམས་ཆེན་པོའི་སྦགས་བཙོག་དངོས་པོ་དང་། ཆུའི་སྦགས་བཙོག་དངོས་པོ། བཟོ་ལས་སྲ་གཟུགས་ཟོག་རོ། བཟོ་ལས་ཀྱི་འཛེར་སྒྲ་སོགས་སྦགས་བཙོག་དངོས་པོ་ཕྱིར་འབུད་བྱ་སྤྱོད་ལ་ཕྱོགས་བསྡུས་ཆོག་འཐུས་དོ་དམ་ལག་བསྟར་བྱ་རྒྱུ་ཁ་གསལ་དུ་བཏོན་ཡོད།

གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀུང་སིའི་བཅའ་ཁྲིམས》ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་ཞིང་། འགན་འཁྲི་ཚད་ཡོད་ཀུང་སིའི་ཁས་ལེན་ཐོ་འགོད་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། མ་རྐང་འཇོག་མཁན་ཡོངས་ཀྱིས་ཁས་ལེན་བྱས་པའི་མ་དངུལ་གཏོང་ཚད་དེ་མ་རྐང་འཇོག་མཁན་གྱིས་ཀུང་སིའི་སྒྲིག་ཡིག་གི་གཏན་འབེབས་ལྟར་ཀུང་སི་བཙུགས་པའི་ཉིན་ནས་བཟུང་ལོ་ལྔའི་ནང་ཚུན་དུ་འདང་ངེས་འཇལ་དགོས་པ་གསལ་པོ་བཟོས་ཡོད།

གསར་དུ་བཟོ་བཅོས་བརྒྱབ་པའི་བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞི《དབུགས་སྣོན་རྣམ་པའི་རོལ་རྩེད་སྒྲིག་ཆས་ཀྱི་བདེ་འཇགས་ཚད་གཞི》དེ་ཟླ་7ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན། དབུགས་སྣོན་རྣམ་པའི་རོལ་རྩེད་སྒྲིག་ཆས་ནང་ཁུལ་གྱི་མཁའ་རླུང་གནོན་ཤུགས་ལྟ་ཞིབ་ཚད་ལེན་སྒྲིག་ཆས་དགོས་པ་དང་། གལ་ཏེ་བསམ་ཡུལ་ལས་འདས་པའི་དབུགས་ཤོར་བའི་གནས་ཚུལ་ཐོན་ཚེ། དུས་ཐོག་ལ་ཉེན་བརྡ་གཏོང་རྒྱུའི་བླང་བྱ་བཏོན་ཡོད།

《ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་སྒེར་སྡེམ་དམངས་དོན་རྩོད་གཞི་ཞིབ་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་འཐུས་པའི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་ཞིང་། སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་དམངས་དོན་གཏུག་བཤེར་གྱི་གོ་རིམ་དོན་ཚན་དང་། འབྲེལ་ཡོད་ཚོང་རའི་དབྱེ་མཚམས། སྒེར་སྡེམ་གྲོས་མཐུན། ཚོང་རའི་བཀོལ་སྤྱོད་གོ་གནས་གང་བྱུང་དུ་སྤྱོད་པ་དང་སྒེར་སྡེམ་བྱ་སྤྱོད་ཀྱི་དམངས་དོན་འགན་འཁྲི་སོགས་ཀྱི་ཐད་གཏན་འབེབས་བྱས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号