རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལྕགས་རི་བརྟན་སྲུང་བྱེད་དགོས།
རྒྱལ་ཁབ་ཀྱི་བདེ་འཇགས་ནི་རྒྱལ་བརྟན་ཡུན་སྐྱོང་གི་རྨང་རྟེན་ཡིན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་ས་ཡིན། 2014ལོའི་ཟླ4པའི་ཚེས15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ། གསར་གཏོད་རང་བཞིན་གྱི་སྒོ་ནས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་བཏོན་ནས། དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ལས་དོན་ཡག་པོར་སྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་བྱ་སྤྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་། ལོ་ངོ་བཅུའི་རིང་ལ། རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་མཛུབ་སྟོན་འོག་ཏུ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ཏེ། ཆབ་སྲིད་དང་དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཀྱི་ཉེན་ཁ་དང་འགྲན་སློང་གི་ཚོད་བགམ་ཅི་རིགས་ཐེག་ཐུབ་པར་གྱུར་ཏེ། ཏང་དང་རྒྱལ་ཁབ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཇགས། མི་དམངས་བདེ་སྡོད་ལས་བརྩོན་བཅས་ལ་འགན་ལེན་ནུས་ལྡན་བྱས་ཡོད།
ཉིན་འགའི་སྔོན་ལ། རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་ས་དཀོན་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་གསང་བ་ཁྲིམས་འགལ་ངང་འཚོལ་བསྡུ་དང་རྐུ་འཁྱེར་བྱས་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣར་ཁྲིམས་ལྟར་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་འདུག ཉེ་བའི་ལོ་འདི་དག་གི་རིང་ལ། གོང་གསལ་དང་ཆ་འདྲ་བའི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་རང་རྒྱལ་གྱི་དཔལ་འབྱོར་དང་རིག་གནས། ཚན་རྩལ། དྲ་རྒྱ། འབྲུ་རིགས། སྐྱེ་ཁམས། ཐོན་ཁུངས་སོགས་ཁྱབ་ཁོངས་སུ་ཡང་ཡང་འབྱུང་བཞིན་ཡོད་པས། མིག་སྔར་ང་ཚོ་འཕྲད་བཞིན་པའི་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་རྙོག་འཛིང་ཆེ་ཚད་དང་དཀའ་ཚེགས་ཆེ་བའི་ཚད་མངོན་གསལ་སྒོས་ཇེ་ཆེར་འགྲོ་བཞིན་ཡོད།
ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་འཐབ་ཇུས་འཆར་འགོད་དང་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་ནས། གཅིག་སྡུད་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་འགོ་ཁྲིད་སྒྲིག་སྲོལ་བཙུགས་ཏེ། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཀྲུའུ་ཞིའི་འགན་འཁུར་ནས། རྒྱལ་ཁབ་བདེ་འཇགས་ལས་དོན་ཁ་ཐོར་ནས་གཅིག་སྡུད་དང་ལྷོད་དལ་ཆེ་བ་ནས་ཕན་འབྲས་ཆེ་བ། གཞན་དབང་ནས་རང་འགུལ་དུ་གྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་སྐུལ་འདེད་བཏང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་ཐབས་ཇུས་ནང་འཇུག་རྒྱུ་དང་། ཏང་གི་སྒྲིག་ཡིག་ནང་འགོད་རྒྱུ་ཐག་བཅད།
རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བའི་འགག་རྩ་ནི“སྤྱི་ཡོངས”ལ་རག་ལས་ཡོད་པ་དང་།“བདེ་འཇགས་ཆེན་མོའི”འདུ་ཤེས་དེ་ཆབ་སྲིད་དང་དམག་དོན། རྒྱལ་ཁོངས། དཔལ་འབྱོར། འབྲུ་རིགས། རིག་གནས། ཚན་རྩལ། དྲ་རྒྱ། མིས་བཟོས་རིག་ནུས་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་ཅིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་རྒྱུན་ཆད་མེད་པར་འགུལ་རྣམ་ལེགས་སྒྲིག་ཀྱང་བྱེད་ཀྱིན་ཡོད།
དུས་རབས་གསར་པར་སླེབས་སྐབས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་སྤྱིའི་བདེ་འཇགས་ལྟ་བ་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐར་ཕྱིན་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་པ་དང་། སྲིད་དབང་གི་བདེ་འཇགས་དང་ལམ་ལུགས་ཀྱི་བདེ་འཇགས། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་བཅས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ཏེ། དགྲར་འཛིན་གྱི་སྟོབས་ཤུགས་སིམ་འཛུལ་དང་གཏོར་བཤིག མགོ་རྟིང་སློག་པ། ཁ་བྲལ་བཅས་ཀྱི་བྱ་སྤྱོད་ལ་དོགས་ཟོན་ནན་མོ་དང་རྡུང་རྡེག་ནན་མོ་གཏོང་བཞིན་ཡོད་ཅིང་། ཐལ་དྲགས་པའི་ཕྱི་ཕྱོགས་ཀྱི་གནོན་ཤུགས་དང་བཀག་འགོག་ལ་འགོག་རྒོལ་དང་རྒོལ་ལན་གཏོང་བཞིན་ཡོད་པར་མ་ཟད། ཞང་ཀང་དང་ཐའེ་ཝན། ཞིན་ཅང་། བོད་ལྗོངས། ཧྲང་ཧེ་སོགས་དང་འབྲེལ་བའི་གནད་དོན་ཐད་ནས་འཐབ་རྩོད་སྤེལ་ཏེ། དམག་འཐབ་དྲག་པོ་མང་པོ་ལས་རྣམ་པར་རྒྱལ་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱས་ཡོད། ད་ལོའི་ཟླ3པའི་ཚེས19ཉིན། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་འདེམས་ཤོག་ཆ་ཚང་ཐོབ་པའི་དབང་གིས། 《རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་སྲོལ་ཡིག》ལ་གྲོས་འཆམ་བྱུང་ནས། ཞང་ཀང་གི་བཅོས་སྐྱོང་དང་དར་རྒྱས་མངོན་འགྱུར་ཡོང་བར་འདེགས་སྐྱོར་བརྟན་པོ་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གི་ལེའུ་གསར་པ་བསྐྲུན།
རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བར་ཅིས་ཀྱང་དམག་དཔུང་སྟོབས་ལྡན་དུ་གཏོང་དགོས་ལ། དམག་དཔུང་སྟོབས་ལྡན་དུ་བཏང་བ་ཡིན་ན་གཞི་ནས་རྒྱལ་ཁབ་བདེ་འཇགས་ཡོང་ཐུབ། ང་ཚོའི་ཏང་གིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་གསལ་པོར་བཏོན་ཡོད་ཅིང་། མི་དམངས་དམག་དཔུང་གི་དུས་རབས་གསར་པའི་ལས་འགན་ཁ་གསལ་བཟོས་ཡོད་ལ། དམག་ཡོངས་ལ་སྣེ་ཁྲིད་དེ་ཆབ་སྲིད་ཀྱི་ཐོག་ནས་དམག་དཔུང་འཛུགས་སྐྲུན་བྱེད་པ་དང་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཚན་རྩལ་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། འཇོན་མིར་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བ། ཁྲིམས་ལྟར་དམག་དཔུང་སྐྱོང་བ་བཅས་ལ་སྐུལ་འདེད་ཟབ་མོ་བཏང་ཡོད་པར་མ་ཟད། དམག་སྦྱོང་དང་དམག་དོན་གྲ་སྒྲིག་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་པས། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་ཆེན་ཐོབ་ཡོད།
དངུལ་རྩའི་བདེ་འཇགས་ནི་དཔལ་འབྱོར་བརྟན་བརླིང་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་བའི་རྨང་གཞི་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱིས་དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། དཔལ་འབྱོར་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་འགོག་སེལ་བྱས་པར་མ་ཟད། མ་ལག་རང་བཞིན་གྱི་ཉེན་ཁ་མི་ཐོན་པའི་མ་མཐའི་མཚམས་ཐིག་དམ་སྲུང་བྱས།
ཞིང་ལས་མེད་ན་བརྟན་པོ་མེད་པ་དང་འབྲུ་རིགས་མེད་ན་ཟང་ཟིང་གི་རྣམ་པ་འབྱུང་ངེས། རང་རྒྱལ་གྱིས་འབྲུ་རིགས་རྒྱ་མ་ཁྲག་ཁྲིག་གཅིག་གི་ཐོན་ནུས་ཇེ་ཆེར་གཏོང་བའི་བྱ་སྤྱོད་སྐོར་ཐེངས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ས་ཞིང་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་དང་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་ལ་སྐུལ་འདེད་བཏང་ནས། ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་དང་ས་བོན་ལས་རིགས་དར་རྒྱས་གཏོང་བ་སོགས་འདེགས་སྐྱོར་རང་བཞིན་གྱི་བཟོ་སྐྲུན་གལ་ཆེན་འཆར་འགོད་ལག་བསྟར་བྱས་ཏེ། འབྲུ་རིགས་བདེ་འཇགས་ཀྱི་རང་འགུལ་དབང་ཆ་དམ་འཛིན་བརྟན་པོ་བྱས་ཡོད།
ནུས་ཁུངས་ནི་རྒྱལ་ཇུས་དམངས་འཚོ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ངེས་ཅན་ཡོད། རང་རྒྱལ་གྱིས་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་ལག་བསྟར་བྱས་ཏེ། ནུས་ཁུངས་འཛད་སྤྱོད་གསར་བརྗེ་དང་ནུས་ཁུངས་མཁོ་སྤྲོད་གསར་བརྗེ། ནུས་ཁུངས་ལག་རྩལ་གསར་བརྗེ། ནུས་ཁུངས་སྒྲིག་སྲོལ་གསར་བརྗེ་བཅས་ལ་སྐུལ་འདེད་བཏང་ནས། ནུས་ཁུངས་རྒྱལ་སྤྱིའི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། རང་རྒྱལ་ནི་ནུས་ཁུངས་རྒྱལ་ཁབ་ཆེན་པོ་ནས་ནུས་ཁུངས་སྟོབས་ལྡན་རྒྱལ་ཁབ་ཏུ་འཕེལ་བར་བྱེད་པའི་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
རྒྱལ་ཁབ་བདེ་འཇགས་ནི་མི་རིགས་བསྐྱར་དར་གྱི་རྨང་རྟེན་ཡིན་པ་དང་། སྤྱི་ཚོགས་བརྟན་བརླིང་ནི་རྒྱལ་ཁབ་སྟོབས་ལྡན་དུ་འགྱུར་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་དུ། “རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱ་རྒྱུའི”ཐད་ནས་འཐབ་ཇུས་ཀྱི་བཀོད་སྒྲིག་གང་ལེགས་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་དུ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་བདེ་འཇགས་ལ་འཕྲད་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་གི་གནས་སྟངས་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གང་མགྱོགས་གཏོང་བ། བདེ་འཇགས་ཀྱི་རྣམ་པ་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་འགན་སྲུང་བཅས་བྱས་ནས། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་རྣམ་པ་གསར་པ་འབད་པས་བསྐྲུན་དགོས་ཞེས་ནན་གྱིས་གསུངས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注