བོད་ལྗོངས་དིང་རིའི་ས་ཡོམ་གྱི་གནོད་སྐྱོན་ཐེབས་པའི་སློབ་གྲྭ་ཁག་མི་འགྱངས་པར་སློབ་མགོ་ཚུགས་རྒྱུ་རེད།
ཟླ3པའི་ཚེས5ཉིན། བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་སློབ་གྲྭའི2025ལོའི་དཔྱིད་དུས་སློབ་སྐབས་ཀྱི་སློབ་མགོ་ཚུགས་རྒྱུ་རེད། དེའི་ཁྲོད་གྲམ་སོ་དང་མཚོ་སྒོ ཆུ་ལྷོ་བཅས་གནོད་ཐེབས་ཞང་གསུམ་གྱི་སློབ་ཆུང་གི་སློབ་མའི་ཉལ་ཁང་གི་བདེ་འཇགས་ཉེན་ཁར་དམིགས་ནས། དིང་རི་རྫོང་གིས“ཁག་བགོས་ནས་བཀོད་སྒྲིག་དང་ཐག་ཉེ་སར་སློབ་ཞུགས“ཀྱི་རྩ་དོན་གཞིར་བཟུང་། སློབ་ཆུང་གསུམ་གྱི་སློབ་མ1400ལྷག་གཅིག་སྡུད་སྒོས་དིང་རི་རྫོང་མཁར་དུ་སློབ་གྲྭར་ཞུགས་པར་མཐུན་སྦྱོར་བཀོད་སྒྲིག་བྱས་ཡོད།
པར་འདི་ནི་དིང་རི་རྫོང་གི་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་གནོད་ཁུལ་སློབ་གྲྭ་གསུམ་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་ལས་དིང་རི་རྫོང་ལྟེ་བའི་སློབ་ཆུང་རེད།
“ཟླ2པའི་ཚེས25ཉིན་ནས་བཟུང་། ང་ཚོའི་གནོད་ཁུལ་སློབ་ཆུང་གསུམ་གྱི་དགེ་རྒན་དང་ལས་བཟོ་བ་ཕྱིར་ལས་གནས་སུ་ལོག་ནས་ཉལ་ཁང་ལ་གད་དར་དང་། ཉལ་ཆས་ལེགས་སྒྲིག སློབ་དེབ་བགོ་འགྲེམ། སེམས་ཁམས་ཟུར་ཁྲིད་གསོ་སྦྱོང་ནང་ཞུགས་པ་ཡིན་ལ། ང་ཚོས་རང་ནུས་ཅི་ཐུབ་ཀྱིས་ཞིབ་ཅིང་ཕྲ་བའི་བྱ་བ་རེ་རེ་ལེགས་པོར་བསྒྲུབས་ནས་སློབ་མར་སློབ་གྲྭའི་དྲོ་སྐྱིད་ཚོར་དུ་འཇུག་རྒྱུ་ཡིན”ཞེས་དིང་རི་རྫོང་མཚོ་སྒོ་ཞང་ལྟེ་བའི་སློབ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་དཀར་གྱིས་བཤད།
ས་ཡོམ་གྱི་ཤུགས་རྐྱེན་ཐེབས་པའི་གནོད་ཁུལ་གྱི་སློབ་མ་ཚང་མར་འདྲ་མཉམ་གྱི་སློབ་གསོ་མྱངས་པའི་གོ་སྐབས་ལོངས་སུ་སྤྱོད་དུ་འཇུག་ཆེད། དིང་རི་རྫོང་སློབ་གསོ་ཅུས་ཀྱིས་གང་ནུས་ཅི་ཐུབ་སྒོས་སློབ་ཁང36སྤྱི་འདོམས་དང་། སྟབས་བདེའི་ཁང་པའི་སློབ་མའི་ཉལ་ཁང125དང་སློབ་མའི་ཟ་ཁང3བཅས་བཀོད་སྒྲིག་བྱས་ཏེ། གནོད་ཁུལ་གྱི་སློབ་མ་ཚང་མའི་བདེ་འཇགས་དང་ཡངས་ཤིང་གསལ་བའི་སློབ་ཁང་དུ་སློབ་སྦྱོང་ཐུབ་པར་འགན་ལེན་ཁག་ཐེག་བྱས་ཡོད།
པར་འདི་ནི་དིང་རི་རྫོང་མཚོ་སྒོ་ཞང་ལྟེ་བའི་སློབ་ཆུང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་སྒྲོལ་དཀར་གྱིས་སློབ་གྲྭར་ལོག་པའི་སློབ་མར་སློབ་དེབ་བགོ་འགྲེམ་བྱེད་བཞིན་པའི་རྣམ་པ་རེད།
མཚོ་སྒོ་ཞང་ལྟེ་བའི་སློབ་ཆུང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སློབ་མའི་ཉལ་ཁང་དུ་ཉལ་ཆས་གསར་པ་དང་ཁྲུས་གཞོང་། སོ་འཁྲུད། དྲི་ཞིམ་འདག་རྫས་སོགས་འཚོ་བའི་མཁོ་ཆས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། གཞན་ད་དུང་སློབ་མ་ཚང་མར་སློབ་གོས་གསར་པ་དང་བྱ་སྤུའི་གྱོན་གོས། དྲོད་སྲུང་ལག་ཤུབས། སྤུ་སོབ་རྩེད་ཆས་སོགས་གྲ་སྒྲིག་བྱས་ཡོད། འཚོ་བའི་དངོས་ཟོག་འདི་དག་ལས་མང་ཆེ་ཤོས་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་བྱམས་བརྩེ་ཅན་གྱིས་ཞལ་འདེབས་ཕུལ་བ་ཡིན་ལ། གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་སློབ་གྲྭ་སོ་སོར་སྤྱི་འདོམས་བགོ་འགྲེམ་བྱས་ནས་སློབ་མ་ཚང་མར་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་སེམས་ཁུར་དང་རྒྱབ་སྐྱོར་ཚོར་དུ་བཅུག
གྲམ་སོ་ཞང་ཆ་ཚང་སློབ་ཆུང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དིང་རི་རྫོང་སློབ་འབྲིང་དང་པོའི་ནང་དུ་ཡོད་ཅིང་། སློབ་གྲྭར་བཞུགས་པའི་སྐབས་ཀྱི་སློབ་མའི་བདེ་འཇགས་དང་གཅིག་གྱུར་དོ་དམ་བྱ་བར་ཁག་ཐེག་བྱ་ཆེད། འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭར་གྲོས་མོལ་བྱས་པ་བརྒྱུད། སློབ་གྲྭའི་ར་སྐོར་ནང་སྟབས་བདེ་ཁང་པ་བསྐྲུན་ནས་སློབ་མའི་ཉལ་ཁང་དུ་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་བཟའ་བཏུང་གི་མཁོ་ཆས་ཆ་ཚང་ཉོ་སྒྲུབ་བྱས་ཏེ་སློབ་རའི་བདེ་འཇགས་དང་བཟའ་བཏུང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཡོད།
པར་འདི་ནི་གྲམ་སོ་ཞང་ཆ་ཚང་སློབ་ཆུང་གི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་དགེ་རྒན་དང་ལས་བཟོ་བས་ཟ་ཁང་ནང་གད་དར་བྱེད་པའི་རྣམ་པ་རེད།
ཚེ་བརྟན་སྒྲོལ་དཀར་ནི་གྲམ་སོ་ཞང་ཆ་ཚང་སློབ་ཆུང་གི་དབྱིན་ཡིག་དགེ་རྒན་ཞིག་ཡིན་ལ། དེ་དང་ཆབས་ཅིག་འཛིན་བདག་གི་འགན་ཁུར་ཡོད། ཁོ་མོས་གསར་འགོད་པར་ཕྱིར་ལས་གནས་སུ་ལོག་རྗེས་དགེ་རྒན་ཚང་མས་སློབ་མར་བརྩེ་བས་ཁེངས་པའི་ཁྱིམ་གཞིས་ལྟ་བུའི་རྣམ་པ་ཞིག་བཏོད་ཆེད་འབད་འབད་ཅི་ཐུབ་བྱས། སློབ་མ་ཕྱིར་སློབ་གྲྭར་ལོག་རྗེས་དགེ་རྒན་རེ་རེའི་སློབ་མ15ནས20ཡི་ནམ་རྒྱུན་ལྟ་སྐྱོང་བྱ་བ་འགན་འཁུར་རྒྱུ་ཡིན་པ་དང་། སློབ་མའི་སློབ་སྦྱོང་དང་འཚོ་བ་ལས་ད་དུང་ཁོང་ཚོའི་སེམས་ཁམས་ཟུར་ཁྲིད་ལ་སྔར་བས་དོ་ཁུར་བྱས་ནས། སློབ་མ་ཚོར་བརྩེ་བའི་རོགས་རམ་སྔར་བས་མང་པོ་བྱ་རྒྱུ་ཡིན་ཞེས་བཤད།
པར་འདི་ནི་གྲམ་སོ་ཞང་ཆ་ཚང་སློབ་ཆུང་གི་དགེ་རྒན་ཚེ་བརྟན་སྒྲོལ་དཀར་གྱིས་སྟབས་བདེའི་ཁང་པའི་ཉལ་ཁང་ནང་སློབ་མའི་ཉལ་ཆས་ལེགས་སྒྲིག་བྱེད་བཞིན་པའི་རྣམ་པ་རེད།
“ཟླ3པའི་ཚེས3ཉིན། གྲམ་སོ་དང་མཚོ་སྒོ ཆུ་ལྷ་བཅས་གནོད་སྐྱོན་ཚབས་ཆེན་ཐེབས་པའི་ཞང་གསུམ་གྱི་སློབ་ཆུང་སློབ་མ་རྣམས་གཅིག་རྗེས་གཉིས་མཐུད་སྒོས་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་སླེབས་ཡོད། ང་ཚོས་འགྲུལ་སྐྱེལ་ཀུང་སིར་འབྲེལ་གཏུག་དམ་ཟབ་བྱས་ཤིང་། གཅིག་གྱུར་སྒོས་འགྲུལ་སྐྱེལ་རླངས་འཁོར47མངགས་ནས་གྲོང་ཚོ་སོ་སོར་བསྐྱོད་དེ་སློབ་མ་ཚང་མ་བདེ་འཇགས་ངང་རྫོང་མཁར་དུ་བསྐྱལ་ཡོང་། ཉིན་འདི་འདྲ་མང་པོའི་རིང་ང་ཚོའི་དགེ་རྒན་དང་ལས་བཟོ་བ་ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཁྱིམ་བདག་གི་སེམས་བདེ་བ་དང་། སློབ་མའི་སེམས་སྐྱིད་པ། སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་པར་ཡིད་ཆེས་བརྟན་པོ་ཡོད་ཅེས་དིང་རི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཝང་རེན་གྱིས་བཤད། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注