མཚོ་སྔོན་ཞིང་ཆེན་དབུས་ཤར་ས་ཁུལ་ལ་ཁངས་ཆེན་འབབ་པ་དང་། དྲོད་ཚད་ཧྲེ་ཧྲི་ཏུའུ་བཅུ་མར་ཆགས་རྒྱུ་རེད།
ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ3པའི་ཚེས5ཉིན་ནས་ཚེས6ཉིན་བར། རང་ཞིང་གི་ས་ཁུལ་མང་པོར་ཁ་བ་དྲག་པོ་འབབ་པའི་གནམ་གཤིས་འབྱུང་བ་དང་། ཟི་ལིང་དང་། མཚོ་ཤར། མཚོ་བྱང་། མཚོ་ལྷོ། རྨ་ལྷོ་དང་མཚོ་ནུབ་ཀྱི་ཤར་ཕྱོགས་སོགས་རང་ཞིང་གི་དབུས་ཤར་ས་ཁུལ་ལ་ཁ་བ་འབྲིང་ནས་ཆེན་པོ་འབབ་རྒྱུ་རེད། དེའི་ཁྲོད། ཧོང་ཀྲུང་དང་། གཏེར་ལེན་ཁ། ཝུའུ་ལན། རེབ་གོང་སོགས་ཀྱི་རྫོང་དང་གྲོང་ཁྱེར་བཅུ་དྲུག་གི་ཡུལ་ཚོ་དང་གྲོང་རྡལ་ཁ་ཤས་ལ་ཁངས་ཆེན་འབབ་པ་དང་། ཁ་བས་འབབ་ཚད་ཧོའོ་སྨི15ནས་ཧོའོ་སྨི18ཡིན་ལ། ཁ་བའི་གསར་གསོག་མཐུག་ཚད་ལི་སྨི2ནས་ལི་སྨི16 ། ཚྭ་འདམ་གཤོང་སར་ཚད་རིམ་དྲུག་ནས་བདུན་ཅན་གྱི་དྲག་རླུང་དང་ཡུན་ཐུང་བྱེ་རྡུལ་འཐིབས་པའི་གནས་ཚུལ་འབྱུང་བ་དང་། ཞིང་ཆེན་ཧྲིལ་བོའི་དྲོད་ཚད་ཧྲེ་ཧྲི་ཏུའུ6ནས10མར་ཆགས་པའི་གནས་ཚུལ་འབྱུང་རྒྱུ་རེད་ཟེར།
ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཁང་གི་ཞིབ་ཕྲའི་སྔོན་བརྡ་བཏང་སྟེ། ཁ་བ་དྲག་པོ་འབབ་པའི་དུས་རིམ་གཙོ་བོ་ནི་ཟླ་གསུམ་པའི་ཚེས་ལྔའི་ ཉིན་དཀར་ནས་མཚན་མོའི་བར་ཡིན་ལ། ཁངས་ཆེན་གཅིག་སྡུད་ས་ཁུལ་ནི་དཔའ་ལུང་དང་། ཞོང་ཧྭ། ཐེམ་ཆེན། རྨ་ཆེན་སོགས་ཀྱི་ཡུལ་ཚོ་དང་གྲོང་རྡལ་ཡིན་པ་དང་། ཁ་བའི་གསོག་ཚད་ལི་སྨི15བརྒལ་སྲིད། རྒྱལ་ལམ་དྲུག་པའི་པེ་ཅིང་ནས་བོད་ལྗོངས་བར་གྱི་མྱུར་འགྲོད་གཞུང་ལམ་དང་། རྒྱལ་ལམ་ཐིག་དྲུག་གཅིག་གཉིས་ཀྱི་ཟི་ལིང་ནས་གུང་ཧོ་བར་གྱི་མྱུར་འགྲོད་གཞུང་ལམ་སོགས་གཞུང་ལམ་གལ་ཆེན་ཁག་ལ་ལམ་དར་ཆགས་པའི་ཉེན་ཁ་ཡོད།
གནམ་གཤིས་བརྟག་དཔྱད་ཁང་གིས་གྲོས་གཞི་བཏོན་ཏེ། འགྲིམ་འགྲུལ་འཕྲལ་བསྟུན་སྡེ་ཁག་གིས་ཟམ་པ་དང་གཟར་ལམ་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱེད་པ་དང་། ཁངས་སེལ་སྒྲིག་ཆས་སྔ་མོ་ནས་བཀོད་སྒྲིག་བྱེད་པ། ཁ་ལོ་བ་རྣམས་ཀྱིས་འདྲེད་འགོག་སྒྲིག་ཆས་གྲ་སྒྲིག་བྱེད་པ། ཞིང་ལས་ཐོན་སྐྱེད་ཀྱི་དྲོད་ཁང་སྲ་བརྟན་བཟོ་བ་དང་། འབྲོག་ལས་གཉེར་མཁན་དག་གིས་ཕྱུགས་ཟོག་འཁྱག་ཤི་མི་ཐེབས་ཆེད་འདང་ངེས་ཀྱི་གཟན་རྩྭ་གྲ་སྒྲིག་བྱེད་པ། ནུས་ཁུངས་ལ་འགན་སྲུང་བྱེད་ཆེད་གློག་དྲ་དང་དྲོད་རླངས་མཁོ་འདོན་གྱི་སྦུག་ལམ་ལ་ཞིབ་བཤེར་ནན་མོ་བྱས་ཏེ། སྦུ་གུ་འཁྱགས་གས་བྱེད་པའི་ཉེན་ཁ་འགོག་དགོས་ལ། རི་ཁུལ་གྱི་སྤྱི་དམངས་འགྲོ་འོང་ཇེ་ཉུང་དུ་གཏོང་བ་དང་། ཕྱི་རོལ་ནས་ལས་ཀ་བྱེད་སྐབས་ངེས་པར་དུ་དྲག་རླུང་དང་གྲང་ངར་ལ་ཉམས་འཇོག་བྱེད་པ། ཚྭ་འདམ་ས་ཁུལ་དུ་ཉེར་སྤྱོད་ཁང་བ་ཕུབ་པ་སོགས་ཀྱི་གྲོས་གཞི་བཏོན།
སྔོན་དཔག་བྱས་ན། ཟླ3པའི་ཚེས7ཉིན་ནས་ཚེས9ཉིན་བར་ཞིང་ཆེན་ཡོངས་ཀྱི་ཁ་བ་འབབ་ཚད་ཇེ་ཉུང་དུ་འགྲོ་ནའང་། ནང་ཆེན་རྫོང་ལ་ཁ་བ་ཆུང་ཆུང་འབབ་པ་དང་། མཚོ་སྔོན་ལྷོ་ཕྱོགས་དང་མཚོ་ནུབ་ཤར་ཕྱོགས་སུ་ཟླ3པའི་ཚེས10ཉིན་སྔར་བཞིན་ཁ་བ་འབབ་པའི་གནས་ཚུལ་འདུག དྲོད་ཚད་སྔར་བཞིན་ཇེ་དམར་འགྲོ་སྲིད་པས། གཞུང་ལམ་གྱི་འདྲེད་འགོག་ལ་ཉམས་འཇོག་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注