བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་ཕན་འབྲས་གསར་པ་ཐོན་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་ཟླ11པ་ནས་བཟུང་བོད་ལྗོངས་བྱང་ཐང་དང་ཞིན་ཅང་ཨ་ཨེར་ཅིན་ཧྲན། མཚོ་སྔོན་གྱི་ཨ་ཆེན་གངས་རྒྱབ་བཅས་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ3གྱི་དོ་དམ་སྡེ་ཁག་གིས་མི35ཡི་མཉམ་འབྲེལ་སྐོར་ཞིབ་སྲུང་སྐྱོབ་ཚན་ཆུང་སྒྲིག་འཛུགས་བྱས་ཏེ། “ཁྲིམས་འགལ་གྱིས་ནག་ཉེས་བཟོ་བར་རྡུང་རྡེག་བཏང་ནས་རང་བྱུང་ཐོན་ཁུངས་སྲུང་སྐྱོབ”ཅེས་པ་བརྗོད་གཞི་ཡིན་པའི་དྲག་ཆས་སྐོར་ཞིབ་སྲུང་སྐྱོབ་ལས་དོན་སྤེལ་བ་རེད། ཐེངས་འདིའི་སྐོར་ཞིབ་སྲུང་སྐྱོབ་ཀྱི་ལམ་ཐག་སྤྱི་ལེ3100ཟིན་པ་དང་། ས་ཁོངས་གལ་ཆེན20ལྷག་བརྒྱུད་ནས་རི་སྐྱེས་སྲོག་ཆགས་རིགས12དང་ཁ་གྲངས1700ལྷག་ཟིན་ཐོར་བཀོད་པ་དང་། ཁྲིམས་འགལ་ངང་སྲུང་སྐྱོབ་ཁུལ་སྒྲོལ་བའི་རླངས་འཁོར2ཀྱི་འགྲོ་ལམ་བཀག་པ། ཁྲིམས་འགལ་ངང་རང་བྱུང་སྲུང་སྐྱོབ་ཁུལ་དུ་འཛུལ་བའི་མི4མཐར་སྐྲོད་བཏང་སྟེ། སྐྱེ་ཁམས་ཐོན་ཁུངས་བདེ་འཇགས་ལ་སྲུང་སྐྱོབ་ནུས་ལྡན་བྱས།
ཉེ་བའི་ལོ་འགའི་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་རི་སྐྱེས་སྲོག་ཆགས་ཐོན་ཁུངས་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་ཁྲིམས་ལྟར་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་སྲུང་སྐྱོབ་ལས་དོན་གྱི་འགན་འཁྲི་ལག་བསྟར་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ། སྲུང་སྐྱོབ་ལས་དོན་གྱི་ཕན་འབྲས་དངོས་ཆེ་རུ་བཏང་སྟེ། རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་དང་དེའི་འཚོ་གནས་ཁོར་ཡུག་ལ་སྲུང་སྐྱོབ་ནུས་ལྡན་བྱས།
2024ལོའི་ཟླ7པ་ནས། ཧྲན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནགས་ལས་རྩྭ་ཐང་ཅུས་ཀྱི་ཚན་རིག་ཞིབ་འཇུག་མི་སྣས་གྲུབ་པའི་ཚན་རིག་རྟོག་ཞིབ་རུ་ཁག་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གདང་ལའི་བྱང་རྒྱུད་ས་ཁོངས་སུ་རང་རྒྱལ་གྱི་གཙོད་ཀྱི་ཕྲུ་གུ་སྐྱེས་ཡུལ་གཉིས་པ་རྙེད་བྱུང་བ་དང་། ཁྱུ་ཚོགས་ཀྱི་གྲངས་འབོར་རགས་རྩིས་བྱས་ན་ཁྲི8ནས་ཁྲི10ལྷག་ཡོད།
ཧྲན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝུའུ་ཞའོ་མིན་གྱིས་མཚོ་བོད་མཐོ་སྒང་མི་མེད་ཁུལ་དུ་དཔུང་སྡེའི་སྣེ་འཁྲིད་དེ་ལོ་ངོ20ཡི་རིང་གཙོད་ཀྱི་རྗེས་འདེད་ཞིབ་འཇུག་ལས་དོན་སྤེལ། 2013ལོར་ཁོང་གིས་དཔུང་སྡེའི་སྣེ་ཁྲིད་དེ་བོད་ལྗོངས་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་ནག་ཆུ་གྲོང་ཁྱེར་ཉི་མ་རྫོང་རོང་དམར་ཞང་དུ་གཙོད་ཀྱི་ཕྲུ་གུ་སྐྱེལ་ཡུལ་དང་པོ་རྙེད། མིག་སྔར། ས་ཁོངས་དེ་གའི་གཙོད་ཀྱི་གྲངས་འབོར་ཁྲི12ཡན་དུ་སླེབས་ཡོད།
ཉེ་བའི་ལོ་འགའི་རིང་། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་བསྟུན་ནས་བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་རྩ་ཆེན་གྱི་གྲངས་འབོར་ལ་སླར་གསོ་དང་འཕར་སྣོན་བྱུང་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གཙོད་ཀྱི་གྲངས་འབོར་དུས་རབས་གོང་མའི་ཆེས་དམའ་བའི་དུས་ཀྱི་ཁྲི7ལྷག་ནས་ད་ལྟའི་ཁྲི30ལྷག་ཏུ་འཕར་ཡོད།
དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་ཆབ་མདོ་གྲོང་ཁྱེར་དཔའ་ཤོད་རྫོང་། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་དུ་གླ་སོགས་རི་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་པའི་ལས་གཞི་སྤེལ་ནས། རི་སྐྱེས་སྲོག་ཆགས་མིའི་ཐབས་ཀྱིས་གསོ་སྤེལ་བྱེད་པའི་གཞི་ཁྱོན་རགས་ཙམ་ཆགས་ཡོད། 2023ལོའི་ཟླ2པར། སྨན་གླིང་གྲོང་ཁྱེར་གྱིས་གླ་གསོ་སྤེལ་དཔེ་སྟོན་རྟེན་གཞི་བསྐྲུན་འགོ་ཚུགས་པ་དང་། མིག་སྔའི་བར་ཚང་མ་ལེགས་འགྲུབ་བྱུང་བ་མ་ཟད་ཚོང་འགུག་དངུལ་འདྲེན་ཁེ་ལས་ཏེ་བོད་ལྗོངས་གླའི་ཞིང་ནགས་གསར་སྤེལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་ཤྭ་རྐྱ་སྐྱེ་ཁམས་གླིང་ཚད་ཡོད་ཀུང་སི་ནི་ལྷོ་ཁ་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་འདུལ་གསོ་རྒྱུད་སྤེལ་རྟེན་གཞི་གཅིག་པུ་ཡིན་ལ། “ཁེ་ལས+ཞིང་ཁྱིམ+ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་དུད”ཀྱི་རྣམ་པ་བརྒྱུད་དེ་མང་ཚོགས་ལ་ཡོང་སྒོ་སྒོར་ཁྲི20ལྷག་འབྱུང་བར་སྐུལ་ཁྲིད་བྱས། 2018ལོ་ནས་བཟུང་ཁེ་ལས་ཀྱི་ཡོང་སྒོ་སྒོར་ཁྲི100ལ་སླེབས་ཡོད།
གཞན་ཡང་། བོད་ལྗོངས་ཀྱིས་དོ་དམ་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་བཏང་བ་བརྒྱུད་དངོས་རིགས་ཐོན་ཁུངས་བརྟག་དཔྱད་དང་། ཁྲིམས་འགལ་ངང་རི་སྐྱེས་སྲོག་ཆགས་ཉོ་འཚོང་གི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ། གཞི་རིམ་དཔུང་སྡེ་འཛུགས་པ་སོགས་བྱེད་ཐབས་སྤེལ་ཏེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་འགོག་སྲུང་འཛིང་རགས་བཙུགས། མིག་སྔར། ལྗོངས་ཡོངས་སུ་རང་བྱུང་སྲུང་སྐྱོབ་ཁུལ47དང་རྒྱལ་སྤྱིའི་བརླན་ས་གལ་ཆེན4། རྒྱལ་ཁབ་བརླན་སའི་སྤྱི་གླིང22། རྒྱལ་ཁབ་ནགས་ཚལ་སྤྱི་གླིང9བཅས་བཙུགས་ཡོད་པ་དང་། བོད་ལྗོངས་ཀྱི80%ཡན་གྱི་དཀོན་ཞིང་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་དང་ཁྱབ་ཚུལ། ངལ་གསོ་བྱ་ཡུལ། དཔེ་མཚོན་གྱི་སྐྱེ་ཁམས་མ་ལག་བཅས་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད། རང་སྐྱོང་ལྗོངས་ནགས་ཚལ་རྩྭ་ཐང་ཅུས་ཀྱིས《རྒྱལ་ཁབ་སྤྱི་གླིང་སོགས་རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་འཆར་འགོད》(2021—2035ལོ)གཞིར་བཟུང་། འཆར་འགོད་ནང་བཅུག་པའི་གཙོ་གནད་སྲུང་སྐྱོབ་རི་སྐྱེས་སྲོག་ཆགས་ལ་བརྟག་དཔྱད་དང་ལྟ་ཞིབ་ཚད་ལེན་བྱས། ལོ་རེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུའི་བླང་བྱ་ལྟར། “གཙང་བཤེར་བྱ་སྤྱོད”“དྲ་ཕུབ་བྱ་སྤྱོད”སོགས་ཆེད་དོན་བྱ་འགུལ་སྤེལ་ཏེ། ཁྲིམས་འགལ་ལྟར་ཁྲོམ་ར་བདག་གཉེར་དང་ཚོང་དུད་དང་དྲ་ཐོག་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་གཙང་བཤེར་དང་དག་ཐེར་ལ་ཤུགས་བསྣན་པ་དང་། ཁྲིམས་འགལ་ངང་རི་དྭགས་རྔོན་པ་དང་། ཕྱིར་འཚོང་། ཉོ་སྒྲུབ། བེད་སྤྱོད། བཟའ་བ། སྐྱེལ་འདྲེན། འཁྱེར་བ། སྐུར་བ། རི་སྐྱེས་སྲོག་ཆགས་དང་དེའི་གྲུབ་རྫས་ཕྱིར་གཏོང་ནང་འདྲེན། རི་དྭགས་རྔོན་པའི་ཡོ་བྱད་བཀོལ་སྤྱོད་སོགས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། བོད་ལྗོངས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注