ཁྱད་ལྡན་ཐོན་ལས་ཀྱིས་ཐོན་ལས་གསུམ་པོའི་མཉམ་འདྲེས་ལ་ཡར་སྐུལ་བྱས་པ།

ཁ་བ་ཆུང་ཆུང་ཞིག་བབས་པས། ནམ་ཟླ་ཤིན་ཏུ་འཁྱགས་ན་ཡང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རག་ཤུལ་སྟོད་མ་ཞང་བོ་རོག་སྡེ་བའི་ཕྱོགས་བསྡུས་ཐོན་ལས་ཁུལ་གྱི་བོ་རོག་ཕྱོགས་བསྡུས་ཞབས་ཞུ་སྒོ་རྩིས་ཚོང་ཁང་དུ་དངོས་པོ་ཉོ་མཁན་ཤིན་ཏུ་མང་། ནང་དུ་ཀ་ར་དང་སིལ་ཏོག འབྲས། ཕྱེ། འབྲུ་སྣུམ། འཚོ་བའི་མཁོ་ཆས། གློག་ཆས་ཆུང་རིགས་སོགས་ཚོང་རྫས་སྣ་ཚོགས་བཤམས་ཡོད་ལ། དངུལ་སྡུད་པ་སངས་འབྲུག་གིས་དངོས་རིན་རྩིས་རྒྱག་བཞིན་ཡོད།

“དགུན་ཁར། སྡེ་མི་མང་པོ་སྔ་མོ་ནས་དངོས་པོ་ཉོ་རུ་ཡོང་བ་རེད། ད་ལྟ་ཆུ་ཚོད་བཅུ་ལྷག་གི་སྟེང་དུ་ཉོ་མཁན་བཅུ་ལྷག་ཐོན་བྱུང་། དུས་རྒྱུན་དུ། སྒོ་རྩིས་ཚོང་ཁང་དུ་ཡོང་མཁན་ནི་སྡེ་བའི་ནང་གི་སྡེ་མི་ལས་གཞན་ད་རུང་ལམ་འགྲོ་བ་དང་ཕར་འགྲོ་ཚུར་འོང་བྱེད་མཁན་གྱི་ཁ་ལོ་པ་དང་ཡུལ་སྐོར་པའང་ཡོད། ལོ་རེའི་ཡུལ་སྐོར་དུས་གཞུང་དུ་ཚོང་ཧ་ཅང་བྲིན་ཞིང་། དགུན་མགོ་དང་ལོ་གསར་སྔོན་དུའང་སྒོ་རྩིས་ཚོང་ཁང་གི་ཚོང་ཧ་ཅང་བཟང”ཞེས་སངས་འབྲུག་གིས་དེ་ལྟར་བཤད།

“ད་ལྟ་ནམ་ཟླ་ཇེ་འཁྱགས་སུ་སོང་བས། ངེད་ཚང་གི་བཟའ་མི་གང་པོར་དགུན་ལྭ་དང་ཉལ་ཐུལ་ཉོ་རུ་ཡོང་བ་ཡིན། སྔོན་ཆད། ཚོང་ཟོང་འདི་དག་ཉོ་ན་ཞང་ཐོག་ཏུ་འགྲོ་དགོས་ལ། མཚམས་རེར་རླངས་འཁོར་བསྐོར་ནས་གྲོང་ཁྱེར་དུ་ཉོ་རུ་འགྲོ་དགོས། ད་ལྟ་སྡེ་བའི་ནང་སྒོ་རྩིས་ཚོང་ཁང་ཕྱེ་ཡོད་པས་ཅི་ཞིག་ཉོ་ན་སྟབས་བདེ་བར་མ་ཟད་རིན་གོང་ཡང་བདེ”ཞེས་སྡེ་མི་ཚེ་དབང་རབ་རྒྱས་ཀྱིས་ཁྱིམ་གྱི་སྒོ་ཁ་རུ་ཡོད་པའི་སྒོ་རྩིས་ཚོང་ཁང་ལ་བསྟོད་པ་ཡང་ཡང་བྱས།

སྒོ་རྩིས་ཚོང་ཁང་གི་གཉེར་སྐྱོང་པ་བསྟན་དགས། མིག་སྔར་སྒོ་རྩིས་ཚོང་ཁང་གིས་ཉིན་རེར་ཆ་སྙོམས་ཀྱིས་སྒོར་ཁྲི3000ལྷག་གི་ཚོང་ཟོང་བཙོང་ཐུབ་ལ། ཉིན་རྒྱུན་གྱི་ཁྱིམ་སྤྱོད་ཚོང་ཟོང་སྣ་ཚོགས་ལས་གཞན། སྒོ་རྩིས་ཚོང་ཁང་གིས་དགུན་དུས་ཀྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་དམིགས་ཏེ། སྔ་མོ་ནས་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་ཟི་ལིང་ནས་སྤུས་ལེགས་གཟན་རྩྭ་ཉོས་ཡོང་སྟེ། དེ་མཁོ་བའི་འབྲོག་ཁྱིམ་དང་མཉམ་ལས་ཁང་ལ་བཙོངས་བ་དང་འབྲོག་ཁུལ་གྱི་ཕྱུགས་ཟོག་བདེ་འཇགས་ངང་དགུན་བསྐྱལ་བར་འགན་སྲུང་འདོན་སྤྲོད་བྱེད་བཞིན་ཡོད་ཅེས་གསར་འགོད་པར་བཤད།

“བོ་རོག་སྡེ་བ་ནི་རྒྱལ་ལམG345པའི་འགྲམ་དུ་ཆགས་ཡོད་པས་གནས་ཡུལ་ལེགས། སྒོ་རྩིས་ཚོང་ཁང་ཐོག་མར་ཕྱེ་དུས། སྡེ་བས་ཏང་ཀྲི་པུའུ་ཡི་ཨུ་ཡོན་ཞིག་མངགས་ནས་སྒོ་རྩིས་ཚོང་ཁང་གི་འབྲེལ་གཏུག་པའི་འགན་ཁུར་བ་དང་ཉིན་རྒྱུན་གྱི་ཚོང་གཉེར་དང་ཉོ་འཚོང་སོགས་ལ་འགན་འཁུར་དུ་བཅུག་པ་ཡིན་ལ། རྩ་འཛུགས་ཀྱི་སྣེ་འདྲེན་ལ་བརྟེན་ནས་ཐོན་ལས་དར་རྒྱས་ལ་ཡར་སྐུལ་བྱས་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་གཏན་འཇགས་ཡོང་གང་ཐུབ་བྱས། སྒོ་རྩིས་ཚོང་ཁང་གི་ལོ་གཅིག་གི་ཁེ་སྤོགས་སྒོར་ཁྲི25ཡིན་ལ། ན་ནིང་གི་ཁེ་སྤོགས་བརྟན་ཐོག་ཡར་འཕེལ་བྱུང་བ་རེད”ཅེས་བོ་རོག་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་འཇམ་དབྱངས་ཆོས་རྒྱལ་གྱིས་དེ་ལྟར་མཚམས་སྦྱོར་བྱས།

2021ལོར། སྡེ་བ་རིམ་པའི་སྐབས་བརྗེའི་རྗེས་སུ། བོ་རོག་སྡེ་བའི་སྐབས་གསར་པའི་ཏང་ཀྲི་པུའུ་ཡིས་བློ་གཅིག་སེམས་གཅིག་གིས་འཕེལ་རྒྱས་སུ་བཏང་བ་སྟེ། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྡེ་སྡོད་བྱ་བའི་རུ་ཁག་དང་མཉམ་དུ་ཐོན་ལས་འགག་སྒྲོལ་གྱི་ཐབས་ལམ་ནན་ཏན་གྱིས་ཞིབ་འཇུག་བྱས་པ་དང་། རིམ་པ་གོང་མའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཏུ། ཁྱད་ལྡན་ཞིང་ཕྱུགས་ལས་གཙོ་ཁྲིད་ཐོན་ལས་ཡིན་ཞིང་། “སྒོ་རྩིས་ཚོང་ཁང+ཐོན་སྐྱེད་འཁོར་ཁང+ལས་ཤག”ཕལ་བ་ཡིན་པའི་ཐོན་སྐྱེད་གསུམ་གྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ཐོན་འཕར་ཡོང་འཕར་ལ་སྣེ་ཁྲིད་བྱས།

སྒོ་རྩིས་ཚོང་ཁང་གི་ཚོང་བཟང་བ་དང་བསྟུན་ནས། བོ་རོག་སྡེ་བས་ཕྱུགས་ལས་ཐོན་ལས་ཀྱི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་ནོར་ལུག་ཕྱོགས་ཀྱི་ཚོང་གླགས་བཙལ་ཅི་ཐུབ་བྱས། 2022ལོར། མང་ཚོགས་ཀྱིས་ཨོང་བ་བེད་དུ་ཆོད་ཚད་མི་བཟང་བ་དང་རིན་ཐང་མི་མཐོ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། བོ་རོག་སྡེ་བས་སྐྱེ་ལྡན་ལུད་རྫས་ལས་སྣོན་གྱི་ལས་ཀ་གཉེར་བ་དང་། ཨོང་བ་སྒོར་མོར་བརྗེ་བས། ཕྱུགས་ལས་འཁོར་རྒྱུག་གི་ལས་རྣམ་གསར་པ་ཞིག་རིམ་བཞིན་ཆགས།

སྒོ་རྩིས་ཚོང་ཁང་བརྒྱུད་དེ་བྱང་ཕྱོགས་སུ་སོང་ན། སྡེ་བའི་གཡུང་རྩེ་ནང་ལུད་རྫས་སྦྱོར་བཟོ་རྟེན་གཞི་རེད། སྔོན་ཆད་དང་མི་འདྲ་བ་ནི་རྟེན་གཞིའི་འཁོར་ཁང་ནང་དུ་འཕྲུལ་འཁོར་གྱི་ལྡིར་སྒྲ་མི་གོ་མོད། འོན་ཀྱང་རྟེན་གཞིའི་མཛོད་ཁང་དུ་ཚོང་ཟོང་དུ་གྱུར་ཡོད་པའི་སྐྱེ་ལྡན་ལུད་རྫས་ཁུག་མ་མང་པོ་གསོག་འཇོག་བྱས་ཡོད་ལ། རླངས་འཁོར་ཆེན་པོ་ཞིག་གིས་ཨོང་བ་མར་དབོ་བཞིན་འདུག

“དུས་ཚིགས་ཀྱི་དབང་གིས་ཟླ་འདིའི་ཟླ་དཀྱིལ་དུ་ང་ཚོས་སྐབས་ཐོག་ཏུ་ཐོན་སྐྱེད་བྱེད་མཚམས་བཞག་ནས་གནང་བ་སྟེར་རྒྱུ་ཡིན། ཡིན་ཡང་ཨོང་བ་སྡུད་མཚམས་འཇོག་མི་དགོས། མིག་སྔར་ཨོང་བ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི་གཅིག་ཙམ་བསགས་ཡོད་པར་མ་ཟད། མཛོད་ཁང་ནང་ལུད་རྫས་ཏུན8000ཙམ་ཉར་ཡོད། སང་ལོའི་དཔྱིད་འགོར་འཚོང་ཐུབ”ཅེས་གཡུང་རྩེ་ནང་ལུད་རྫས་ལས་སྣོན་རྟེན་གཞིའི་འགན་འཁུར་པས་དེ་ལྟར་བཤད།

རྒྱུས་ལོན་པ་ལྟར་ན། རྟེན་གཞི་དེ་འཁོར་སྐྱོད་བྱས་པའི་ཚུན་དུ། ལུད་རྫས་འཚོང་ཚད་བརྟན་བརླིང་སྒོས་འཕར་བ་དང་། ད་ལོའི་ཟླ5པ་ནས་ཟླ7པའི་ནང་། ཨོང་བ་མི་འདང་བས་རང་སྡེ་བའི་ཨོང་བ་སྔར་བས་མང་པོ་བསྡུས་པར་མ་ཟད། རྟེན་གཞིས་ད་རུང་ཉེ་འགྲམ་སྡེ་བ་དང་ཉེ་འགྲམ་རྫོང་གི་ཨོང་བའང་ཉོས་པ་ཡིན།

“སྐྱེ་ལྡན་ལུད་རྫས་ལས་སྣོན་རྟེན་གཞི་བཙུགས་མ་ཐག་པའི་སྐབས་སུ། སྡེ་མི་རྣམས་ཨོང་བ་ལས་སྣོན་བྱས་ཏེ་ལུད་དུ་བསྒྱུར་བར་ཆ་རྒྱུས་མེད་པས། ཨོང་བ་བསྡུ་བར་འཐད་པ་མ་བྱུང་། དེ་ནས་སྡེ་སྡོད་བྱ་བའི་རུ་ཁག་གིས་ཁྱིམ་ཚང་རེ་རེར་སོང་སྟེ་སྡེ་བའི་ཐུན་མོང་དཔལ་འབྱོར་ཐོན་ལས་ཀྱི་འཕེལ་རྒྱས་དང་སྐྱེ་ལྡན་ལུད་རྫས་ཀྱི་གདོད་མའི་རྒྱུ་ཆ་ཨོང་བ་སྡུད་པའི་ཕན་འབྲས་འགྲེལ་བཤད་བྱས་པས། སྡེ་མི་རྣམས་ཀྱིས་གནས་ཚུལ་ཤེས་རྗེས། རིམ་བཞིན་བསམ་བློ་འགྱུར་ཏེ་རྟེན་གཞིའི་ནང་ཞུགས། དེ་ལས་གཞན་ད་རུང་སྡེ་མི8རྟེན་གཞི་རུ་ལས་ཀར་ཞུགས་ཡོད”ཅེས་འཇམ་དབྱངས་ཆོས་རྒྱལ་གྱིས་དེ་ལྟར་བཤད།

སྡེ་བའི་ནང་དུ་སྐྱེ་ལྡན་ལུད་རྫས་རྟེན་གཞི་བཙུགས་པའི་སྐོར་གླེང་དུས། སྡེ་མི་ཆོས་སྒྲོན་གྱི་གདོང་ལ་འཛུམ་མདངས་རྒྱས་ཏེ“ལྕི་བ་སྤྱི་རྒྱ300བཙོང་ན་སྒོར90ནས100བཙལ་ཐུབ། དེ་ནས་ལུད་རྫས་སུ་ལས་སྣོན་བྱས་ཏེ་བཙོང་ན་ང་ཚོས་རྟེན་གཞིའི་ཁེ་སྤོགས་བླངས་ཆོག”ཟེར་བ་དང་། “ངས་ཁལ་བརྩིགས་རླངས་འཁོར་དང་ཁལ་ཕོག་རླངས་འཁོར་ལ་ཁ་ལོ་བསྒྱུར་ཐུབ་པས། རྟེན་གཞིའི་ལས་སྣོན་འཁོར་ཁང་དུ་ལས་ཚོགས་སུ་སོང་ན། ཟླ་གཅིག་ལ་སྒོར5000གི་གླ་ཕོགས་ཡོད་པས། ཕྱི་རོལ་དུ་ཞོར་ལས་གཉེར་བ་ལས་ཧ་ཅང་བཟང”ཞེས་ལོ་ན20སོན་མ་ཐག་པའི་སྡེ་མི་བསོད་ནམས་སྐབས་ཐོག་གི་བྱ་བ་དང་ཡོང་སྒོར་ཡིད་ཚིམས་ཡོད།

ན་ནིང་། བོ་རོག་སྡེ་བས་ད་དུང་རོགས་སྐྱོར་མ་དངུལ་སྒོར་ཁྲི50བཀོལ་ནས་བོ་རོག་སྡེ་བའི་རྩམ་པ་ལས་སྣོན་བཟོ་གྲྭ་ཞིག་བཙུགས་ཤིང་། ད་ལྟ་ལས་སྣོན་དང་ཐུམ་སྒྲིལ། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ལས་གཉེར་མངོན་འགྱུར་བྱུང་ཡོད་ལ། ཐོན་རྫས་ཡུས་ཧྲུའུ་གྲོང་ཁྱེར་གྱི་ས་ཁོངས་དང་ནང་ཆེན། རྫ་སྟོད་སོགས་ཉེ་འཁོར་གྱི་རྫོང་ཁག་སོ་སོར་ཕྱིར་འཚོང་བཞིན་ཡོད་ལ། ལོ་གཅིག་གི་ཡོང་འབབ་སྒོར་ཁྲི5.2ལ་སླེབས་ཡོད།

ད་ལོར། བོ་རོག་སྡེ་བས་སྲིད་ཇུས་བཟང་པོ་བེད་དུ་སྤྱད་ནས་མ་དངུལ་སྒོར་ཁྲི280བཏང་ནས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་བ་དང་སྒྲིག་ཆས་ཉོ་བ། སྤུས་ལེགས་ཕྱུགས་རྒྱུད་ནང་འདྲེན་བྱེད་པ་སོགས་ཆ་རྐྱེན་ཇེ་བཟང་སུ་སོང་བས་བོ་རོག་སྡེ་བའི་ཕྱུགས་ལས་དེ་ཕྱུགས་འཚོ་བ་དང་ལས་སྣོན། བཤའ་བ། འཚོང་བ་སོགས་རིམ་བཞིན་ཚད་གཞི་ཅན་དང་ཚད་ལྡན་དུ་གྱུར་ཡོད།

རྩ་འཛུགས་ཀྱིས་སྣེ་ཁྲིད་པ་དང་ཏང་ཡོན་གྱིས་སྣེ་འདྲེན་པ་བརྒྱུད་ནས། བོ་རོག་སྡེ་བའི་ཐོན་ལས་ཀྱི་དར་ཚུལ་སྟོབས་ཤིང་སྒུལ་ཤུགས་དྲག་ལ་གོམ་སྟབས་བརྟན། 2023ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི106ལ་སླེབས། 2024ལོར། སྡེ་བས་བགོས་པའི་དངོས་ཟོག་གི་ཁེ་སྤོགས་སྒོར་མོར་གཅོག་པ་དང་ལག་དངུལ་བགོས་པའི་སྒོར་མོ་གཉིས་བསྣན་ན་ཁྱོན་བསྡོམས་སྒོར་ཁྲི42ལྷག་ལ་སླེབས། སྡེ་བ་ཐུན་མོང་གི་དཔལ་འབྱོར་ཡོང་སྒོ་སྔོན་དཔག་བྱས་ན་སྒོར་ཁྲི110ལ་བསླེབ་ངེས།

“སྔོན་ཆད། བོ་རོག་སྡེ་བ་ནི་ཡུས་ཧྲུའུ་གྲོང་ཁྱེར་དུ་མིང་དུ་གྲགས་པའི་དབུལ་ཕོངས་སྡེ་བ་ཞིག་ཡིན་པས་ཐོན་ལས་འཕེལ་རྒྱས་ཀྱི་གོམ་ཁ་སྤོ་དཀའ། ད་ལྟ། བོ་རོག་སྡེ་བ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས། སྡེ་ཕྱུག་དམངས་ཕྱུག་གི‘བོ་རོག་བྱེད་སྟངས’དེ་གྲོང་ཁྱེར་ཡོངས་སུ་ཁྱབ་གདལ་བྱས་ཆོག་པའི་དཔེ་མཚོན་ཉམས་མྱོང་དུ་གྱུར་ཡོད”ཅེས་འཇམ་དབྱངས་ཆོས་རྒྱལ་གྱིས་སྔོན་ཆད་དང་ད་ལྟ་གཉིས་བསྡུར་ཞོར་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号