གློག་བརྙན《མེ་ཏོག་དཀར་པོ》ལ་བལྟས་པའི་མྱོང་སྣང་། འཇིགས་བྱེད་འཚོ།


གློག་བརྙན་གྱི་འགོ་བརྩམས་མ་ཐག་མེ་ཏོག་དཀར་པོ་དང་རྨོ་མོ་གཉིས་ཀྱི་ངོ་གདོང་གི་ཞིབ་འབྲི་བརྙན་ཡོལ་ངོས་སུ་ཤར་ཡོང་ལ། མོ་རང་གཉིས་བརྙན་ལེན་འཕྲུལ་ཆས་ལ་ངོ་མཚར་སྐྱེས་ཏེ་དེ་ལས་རང་ཉིད་ཇི་ལྟར་འཆར་བའི་སྐོར་ལབ་གླེང་བྱེད་ཀྱིན་འདུག  ཡིད་དུ་འོང་བའི་ངོ་གདོང་རྒན་གཞོན་དེ་གཉིས་དང་གཅིག་མཚུངས་ཀྱི་བྱིས་བློ་དེ་ཡིས་གློག་བརྙན་འདིར་ཕྱི་ཚུལ་དུ་དགའ་སྤྲོ་དང་བག་ཕེབས་ཀྱི་སྣང་བ་ཞིག་བསྐྲུན་ཡོང་།

ཡིན་ཡང་། འདི་ནི་གློག་བརྙན་ཁྲོད་ཀྱི་མགོ་ལོག་གི་དགུན་དུས་དང་འདྲ་བར་གྲང་རླུང་ཤུར་ཤུར་ལྡང་ཞིང་བད་དང་ཁངས་ཀྱིས་གཡོགས་པའི་འཁྱག་སིབ་སིབ་ཀྱི་བརྗོད་བྱ་ཞིག་སྟེ། བུ་མོ་མེ་ཏོག་དཀར་པོ་ཕ་ཡོད་མ་ཡོད་ཀྱི“དྭ་ཕྲུག”ཅིག་ཏུ་གྱུར་པའི་གནས་ཚུལ་དང་མོས་ཨ་ཕ་ཟེར་བ་དེ་དྲན་པའི་གཏམ་རྒྱུད་དངོས་ཟིན་དུ་བཀོད་པའི་གློག་བརྙན་ཞིག་རེད་ལ། འཁྲབ་ཁྲིད་པས་གློག་བརྙན་གྱི་འགོ་དེ་ལྟར་སློང་དོན་ཡང་སྐྱོ་སྡུག་གི་གཏམ་རྒྱུད་འདིར་མངར་ཁ་ཅུང་ཙམ་དང་འོད་སྣང་ཅུང་ཙམ་སྦྱིན་ཐབས་བྱས་པ་ཡིན་སྲིད།

དེ་འདྲའི་བརྗོད་གཞི་རང་སྟེང་དུ་མི་རྣམས་ལ་སྙིང་རྗེ་ཚད་མེད་སྐྱེ་རུ་འཇུག་པ་དང་མཆི་མ་རང་དགར་འདོན་དུ་འཇུག་པའི་རང་བཞིན་གྱི་ནུས་ཤུགས་ཡོད་མོད། དེ་ནི་འཁྲབ་ཁྲིད་པས་དངོས་བཤུས་གློག་བརྙན་འདི་ཕབ་པའི་མཐར་ཐུག་གི་དམིགས་ཡུལ་མ་ཡིན་པར། ཁོས་འདི་འདྲའི་གནས་ཚུལ་སྐྱོ་བོ་འབྱུང་བཞིན་པའི་རྒྱུ་རྐྱེན་དང་མཐའ་འབྲས་མི་རྣམས་ཀྱི་མདུན་དུ་བཤམས་ནས། སྤྱི་ཚོགས་ཡོངས་ཀྱིས་དོ་སྣང་དང་བསམ་གཞིག་གཏོང་བར་སྐུལ་མ་དང་གསལ་འདེབས་བྱེད་རྒྱུ་གཙིགས་སུ་བཟུང་བ་དང་།  གློག་བརྙན་གྱི་སྤྱིའི་རྣམ་པ་སྐྱོ་གདུང་འུད་བརྗོད་དང་སྨྲེ་ངག་སྡུག་ཡུས་འདོན་རྒྱུ་ལས་ཡོངས་སུ་གཡོལ་ཏེ། སྲ་བརྟན་དང་ཡར་སྐྱེད་ཀྱི་མཁའ་དབུགས་ཁྲོད་གཏམ་རྒྱུད་ཀྱི་གཞུང་བསྲིངས་པ་ནི་རིམ་པ་མཐོ་བའི་སྒྱུ་རྩལ་གྱི་ཐག་གཅོད་བྱེད་སྟངས་ཤིག་ཏུ་མཐོང་།

གློག་བརྙན་དུ་བརྙན་ལེན་འཕྲུལ་ཆས་རྒྱབ་ཀྱི་དྲི་བ་འདྲི་མཁན་གྱིས་མི་དཀྱུས་མ་ཞིག་གི་མཐོང་སྣེ་དང་འདྲ་མཉམ་གྱི་མཐོང་སྣེ་ནས་བརྙན་མིག་ཁྲོད་ཀྱི་མི་ལ་བཅར་འདྲིའམ་ཁ་བརྡ་བྱེད་པའི་རྣམ་པ་སྤྱད་དེ་མི་སྣའི་སེམས་ཁམས་དང་མྱོང་སྣང་ལ་རྒྱུས་ལོན་བྱེད་ཀྱིན་ཡོད་པ་དང་། བར་བར་དུ་བརྙན་མིག་ཁྲོད་ཀྱི་མིས་བརྙན་ལེན་འཕྲུལ་ཆས་ལྟག་རྒྱབ་ཀྱི་མིར་དྲི་བ་འདྲི་བས། བརྙན་ལེན་འཕྲུལ་ཆས་ཀྱི་བཀག་རྒྱ་ལས་གྲོལ་ཏེ། བརྙན་མིག་ཕྱི་ནང་གི་འབྲེལ་བ་དེ་ཧ་ཅང་འདྲ་མཉམ་དང་ཐག་ཉེ་ཞིག་ཏུ་གྱུར་པས་ན། མི་སྣ་དག་གི་ནང་སེམས་སྦ་གསང་མེད་པ་དང་བཅོས་མིན་གྱི་སྒོ་ནས་ཕྱིར་སྟོན་ཐུབ་འདུག་ལ། ཚང་མས་ལྷོད་ལྷོད་དང་དྲང་ཐད་ཀྱིས་གནད་དོན་དང་རྨ་ཁ་ལ་གདོང་གཏོད་ཐུབ་པ་དང་ཐད་ཀར་ལབ་གླེང་བྱེད་ཐུབ་པ་བཅས་ཀྱི་རྣམ་པས།  ལྟད་མོ་པའི་སྤྱན་སྔར་བསྟར་བ་ནི་ཧ་ཅང་བདེན་པ་དང་དངོས་ཡོད་ཀྱི་གཏམ་རྒྱུད་ཅིག་རེད། འདི་ནི་དངོས་བཤུས་གློག་བརྙན་ཞིག་ལ་མཚོན་ན་ཧ་ཅང་གལ་ཆེ་བ་དང་རྩ་བའི་རྩ་དོན་ཞིག་ཡིན་ལ། གློག་བརྙན་འདིའི་ལེགས་པའི་ཆ་ཞིག་ཀྱང་རེད།

མེ་ཏོག་དཀར་པོ་ནི་མོའི་ཨ་མས་བཤད་ན་དགུན་དུས་ཤིག་ལ་སྐྱེས་ཟེར་བ་དང་མོའི་ཨ་ཕས་བཤད་ན་ཕ་གའི་གྲིབ་མ་ཡོད་ས་དེ་ནས་སྐྱེས་ཟེར།  གང་ལྟར།  མེ་ཏོག་དཀར་པོ་འཇིག་རྟེན་འདིར་སླེབས་པ་ནས་དྲོད་ཁོལ་དང་འོད་ཟེར་ལ་རིང་དུ་བཀྱེད་དེ་ཕ་ཡོད་མ་ཡོད་ཀྱི“དྭ་ཕྲུག”ཅིག་ཏུ་གྱུར། དེ་ནི་དྭ་ཕྲུག་ངོ་མ་ཞིག་ལས་ཀྱང་ཡིད་སྐྱོ་བ་ཞིག་སྟེ།  མོ་རང་འཇིག་རྟེན་འདི་ནས་ལྷག་མར་གྱུར་པ་གསལ་བཤད་བྱེད་ཀྱི་ཡོད་པ་རེད། གལ་སྲིད་ང་ཚོ་ཁྲིམས་གཅོད་པ་ཞིག་གམ་ཡང་ན་རྒྱུ་འབྲས་ཀྱི་ཟུར་ནས་ལངས་ཏེ་མེ་ཏོག་གི་ཕ་མ་གཉིས་ལ་གདེང་འཇོག་བྱེད་ཚེ།  ཁོང་གཉིས་ནི་འཇིག་རྟེན་གྱི་ཕ་མ་ཞེས་པའི་ཐོབ་ཐང་ལ་འགན་མ་ཁུར་བའི་ནག་ཉེས་ཅན་གཉིས་སུ་བགྲང་ཆོག་ཆོག་ཡིན་མོད། འཁྲབ་ཁྲིད་པས་ཁོང་གཉིས་ལ་གཉེན་འཐོར་བྱས་པའི་ཐད་དུ་འགྲེལ་བཤད་དམ་གསལ་བཤད་ཀྱི་གོ་སྐབས་རེ་སྤྲད་དེ། མེ་ཏོག་བདག་མེད་དུ་དོར་བའི་ཐད་ནས་གཏིང་མ་བསློགས་པ་དང་། ཁོང་གཉིས་ལ་དཔྱད་འཇོག་དང་དགག་བཞག་གང་ཡང་མ་བྱས་པར། མི་སྣ་སོ་སོ་ལ་བརྩི་འཇོག་དང་སྲུང་སྐྱོབ་གང་མང་བྱས་འདུག་པ་ནི་འཁྲབ་ཁྲིད་པའམ་གློག་བརྙན་འདིའི་ལྷག་བསམ་དང་བྱམས་སེམས་མཚོན་སྟངས་ཤིག་རེད་སྙམ།

ཨ་ཡེ་དང་ཨ་མྱེས་གཉིས་ནི་མེ་ཏོག་དཀར་པོ་སྙོར་སྐྱོང་བྱེད་མཁན་དང་མོ་ལ་བརྩེ་བ་དང་དྲོད་ཁོལ་སྦྱིན་མཁན་ཡིན་པས། ནམ་རྒྱུན་བསམ་ཤེས་དང་ཡ་རབས་ཡིན་པའི་མེ་ཏོག་གིས་ཁོང་རྒན་རྒོན་གཉིས་ཀྱི་གམ་ནས་ད་གཟོད་བུ་མོ་ཆུང་ཆུང་བསམ་མེད་ཅིག་གི་བསྟན་བཤིག་ཚ་བའི་རང་བཞིན་སྟོན་ཕོད་ཀྱི་ཡོད་ལ། ཁོང་གཉིས་ཀྱིས་མེ་ཏོག་ལ་གཅེས་སྐྱོང་ཅི་འདྲ་བྱས་ནའང་། ཕ་མའི་བརྩེ་བ་ཡི་ཚབ་ནི་གཞན་སུས་ཀྱང་བྱེད་མི་ཐུབ་པ་ནི། མེ་ཏོག་ཨ་ཕར་འཕྲད་ནས་ཕྱིར་རྒན་རྒོན་གཉིས་ཀྱི་སར་སླེབས་རྗེས། སེམས་ཁམས་མི་སྐྱིད་པར་གྱུར་ཅིང་རྒན་རྒོན་གཉིས་ལ་སྡང་སྡིག་སྟོན་པ་ལས་གསལ་བོར་བསྟན་བྱུང་བས། མེ་ཏོག་གི་གཏམ་རྒྱུད་ནི་མེ་ཏོག་གཅིག་པུའི་གཏམ་རྒྱུད་ཅིག་མ་ཡིན་པར་དྭ་ཕྲུག་སློབ་གྲྭའི་ནང་གི་དྭ་ཕྲུག་རྣམས་དང་གཞན་ད་དུང་དྭ་ཕྲུག་ཁྲི་མ་འབུམ་གྱི་གཏམ་རྒྱུད་ཡིན་སྲིད་ལ། མེ་ཏོག་གི་གཏམ་རྒྱུད་ནི་ཅི་འདྲའི་ཉམ་ང་བ་ཞིག་ཡིན་ཡང་། དེ་དག་ལས་ཅུང་བཟང་བའི་གྲས་ཡིན་སྲིད་པས། སྤྱི་ཚོགས་ཧྲིལ་པོར་ཉེན་བརྡ་དང་དྲན་སྐུལ་བཏང་ཡོད།

གློག་བརྙན་དུ་མེ་ཏོག་དཀར་པོའི་སློབ་རའི་ནང་གི་རྣམ་པ་དང་ཁྱིམ་ནང་གི་གནས་ཚུལ།  ཉེ་འཁོར་གྱི་མི་རྣམས་དང་འགྲོགས་འདྲིས་ཀྱི་རྣམ་པ་བརྒྱུད་དེ།   མོའི་རྣམ་རིག་དང་གཤིས་རྒྱུད། སེམས་ཁམས་སོགས་ཀྱི་གནས་ཚུལ་ནི་མི་རྣམས་ཀྱི་འཆར་སྒོའི་ཁྲོད་ཀྱི་དྭ་ཕྲུག་དང་མི་འདྲ་བར། ཡིད་ཆེས་ཀྱིས་ཁེངས་ཤིང་སྙིང་སྟོབས་ལྡན་པ། རང་རྟོགས་དང་ཡར་སྐྱེད་ཀྱི་བསམ་བློ་ཡོད་པ། རང་སེམས་ཀྱི་འདོད་པ་ཇི་བཞིན་སྨྲ་ཕོད་པ་དང་སྒྲུབ་ཕོད་པའི་གསལ་ལེ་སིང་ངེ་བའི་བདེ་ཐང་གི་མི་གཞི་ཞིག་ཡོད་པ་འབུར་དུ་བཏོད་ནས། སྐྱོ་གདུང་གི་ཚད་མར་མར་བཅག་འདུག ཡིན་ཡང་། འདི་ལས་མེ་ཏོག་ལ་སྡུག་བསྔལ་དང་དཀའ་ཁག་མེད་པ་མི་མཚོན་ཏེ། ཆུང་དུས་ནས་ཕ་མའི་བརྩེ་བས་དབེན་པས། ནང་སེམས་སུ་ནམ་ཡང་སྟོང་པའི་ཆ་ཞིག་ལུས་ཡོད་དེ།  མོ་ལ་མཚོན་ན་ཕ་མའི་བརྩེ་བ་ནི་དགུན་དུས་ཀྱི་ཉི་འོད་བཞིན་ས་ངོས་དང་ཁ་ཐག་ཉེ་བ་དང་མིག་ལམ་དུ་དངོས་སུ་མཐོང་རྒྱུ་ཡོད་ཀྱང་། ལག་པ་བསྲིངས་ནས་མྱངས་ན་རེག་རྒྱུ་འཛིན་རྒྱུ་མེད་ལ། དེ་འདྲའི་དྲོ་ཞིང་འཇམ་པ་ཞིག་ཡིན་པའི་ངེས་པའང་མ་མཆིས། དེ་བཞིན་མོས་ནམ་རྒྱུན་དྲན་གྱིན་པ་ནི་ཨ་ཕ་ཟེར་བའི་མི་དེ་དྲན་པ་མ་ཡིན་པར། མོ་རང་ལ་ཆད་པའི་བརྩེ་བ་ཞིག་དྲན་བཞིན་ཡོད་པ་ཡིན་ཤས་ཆེ།

མེ་ཏོག་དང་ཕུར་སྐྱིད(ཉི་ཧོང་གི་དངོས་བཤུས་གློག་བརྙན་གྲགས་ཅན《pujee》རྒྱ་སྐད་དུ《蒙古草原,天气晴》ཞེས་པའི་ནང་གི་མི་སྣ་གཙོ་བོ།)ཀྱི་ལས་དབང་ལ་འདྲ་བའི་ཆ་མང་ནའང་། མི་འདྲ་ས་ནི་ཕུར་སྐྱིད་ནི་ཆུང་དུས་ནས་ཨ་མའི་བརྩེ་བ་དང་ཁྱིམ་གྱི་དྲོད་ཁོལ་ཀློང་ནས་ནར་སོན་པས་ན།  ནང་སེམས་ཕྱུག་ཅིང་སྟོབས་ཆེ་བས་ཨ་ཕ་དྲན་པའི་རྣམ་པ་ཅི་ཡང་མི་འདུག  མེ་ཏོག་ནི་ཨ་ཡེ་དང་ཨ་མྱེས་ཀྱི་གཅེས་སྐྱོང་ཡོད་ནའང་ཕ་མའི་བརྩེ་བས་དབེན་པས་ནང་སེམས་སུ་ཕ་མའི་བརྩེ་བ་དང་བཟའ་མི་མགོ་འཛོམས་ཀྱི་བདེ་སྐྱིད་ལ་སྐོམ་པ་ཆུ་བཞིན་རེ་བས། མོ་རང་ལ་ཨ་ཕ་བཙལ་བའི་འདོད་འདུན་དང་འགུལ་སྐྱོད་ཡོད་པ་རེད། གལ་སྲིད་ཕུར་སྐྱིད་ཀྱི་ལས་དབང་ནི་གནམ་གྱིས་གནང་བ་ཡིན་ན། མེ་ཏོག་གི་གནས་སྟངས་ནི་མི་ཡིས་བཟོས་པ་ཞིག་རེད། ཡིན་ཡང་། དགའ་འོས་པ་ཞིག་ལ་མེ་ཏོག་གི་རང་འགུལ་དང་སྙིང་སྟོབས། རང་གི་བསམ་བློ་ཡོད་པ་དང་བསམ་ཚུལ་སྨྲ་ཕོད་པ། ལག་ཏུ་བསྟར་ཕོད་པའི་ཡར་སྐྱེད་དང་བདེ་ཐང་གི་སེམས་ཁམས། ཞུམ་མེད་ཀྱི་སྐྱེ་སྟོབས་སོགས་ལས་མོ་རང་གི་མ་འོངས་པར་འཆར་ཡན་ཚད་མེད་བྱས་ཆོག་ལ།  ཇེ་བཟང་ཇེ་ལེགས་སུ་འགྲོ་བའི་ཡིད་ཆེས་ཀྱིས་ཁེངས་ཆོག

མདོར་ན། མཁར་བྱམས་རྒྱལ་གྱི་གློག་བརྙན་བརྩམས་ཆོས་འདིའི་ཁྲོད་ནས་ང་ཚོས་མེ་ཏོག་དང་མེ་ཏོག་དག་གི་ལས་དབང་ལ་གདུང་སེམས་དྲག་པོ་སྐྱེས་པ་དང་མཉམ་དུ། ཁོའི་བརྩམས་ཆོས་ཁྲོད་དུ་མི་ཆོས་རིང་ལུགས་ཀྱི་ཐུགས་ཁུར་གྱིས་ཁེངས་པ་དང་། བོད་ཁམས་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིའི་སེམས་ཁམས་ཀྱི་གནད་དོན་ལ་བསམ་གཞིག་བྱས་ཡོད་པའི་སྤྱི་ཚོགས་འགན་འཁྲི་དང་བརྩེ་བ་མཐོང་ཐུབ་བོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号