སྲོལ་རྒྱུན་འཁལ་འཐག་ལས་ཕྱུག་འགྱུར་ལམ་བུ་ཡངས་སུ་བཏང་།

ཉེ་བའི་ལོ་ཤས་ནང་། བོད་ལྗོངས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་སྒྲིག་འཛུགས་གོང་འཕེལ་ཤུགས་ཆེན་བཏང་ནས་ཁྱད་ལྡན་ཐོན་ལས་གོང་འཕེལ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བ་བྱས་ཡོད།

ཤད་མ་ནི་སྣམ་བུའི་གྲས་ཤིག་ཡིན་ཞིང་། དེའི་འཁལ་འཐག་ལག་རྩལ་གི་ཚད་གཞི་མཐོ་བ་དང་། རྒྱུ་ཆ་སྤུས་ལེགས་བལ་ཡིན་པས་སྔར་ནས་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། དེ་ནི་ཕྱུ་པ་དང་། ཞྭ་མོ། ལྷམ། སྟོད་གོས་སོགས་རྩེར་སོན་བོད་ཆས་ཀྱི་རྒྱུ་ཆ་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་མི་རིགས་ལག་ཤེས་བཟོ་རྒྱུན་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ལས་རྒྱལ་རྩེའི་ཤད་མའི་འཁལ་འཐག་ལག་རྩལ་བོད་རང་སྐྱོང་ལྗོངས་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་རྣམ་གྲངས་ལ་གྱུར་ཡོད།

རྩའོ་གྲོང་ཚོའི་ཤད་མ་འཁལ་འཐག་མཉམ་ལས་ཁང་དུ་སྐྱོད་སྐབས། ལས་མི་ཚོ་བྲེལ་འཚུབ་ཀྱིས་འཐག་ལས་བྱེད་བཞིན་ཡོད། རྒྱལ་རྩེ་རྩའོ་གྲོང་ཚོའི་ཤད་མ་ནི་གཙང་ཁུལ་དུ་སྐད་གྲགས་ཡོད་ཅིང་། རྒྱུན་འཛིན་གྱི་ལོ་རྒྱུས་ཧ་ཅང་རིང་པོ་ཡོད། སྤྱི་ལོ1993ལོར་གྲོང་ཚོ་དེས་འཁལ་འཐག་ལག་རྩལ་ལ་བྱང་བའི་མི་སྣ་སྒྲིག་འཛུགས་བྱས་ཏེ་ཤད་མ་འཐག་ནས་ཁྲོམ་རའི་ཐོག་ཚོད་ལྟའི་བྲིན་ཚོང་བྱས་པས་བྲིན་ཁ་རྒྱུག་པོ་བྱུང་ཡོད། དེས་ན་གྲོང་ཚོ་ཨུ་ལྷན་གཉིས་ཀྱིས་སྲོལ་རྒྱུན་ལག་ཤེས་དེ་མང་ཚོགས་ཕྱུག་འགྱུར་གྱི་ལམ་བཟང་ཞིག་ལ་གྱུར་བའི་ཡིད་ཆེས་འཕེལ་ནས་ལོ་དེའི་ཡོང་འབབ་ཚང་མ་མ་འཇོག་བྱས་ནས་སྤྱི་ལོ1994ལོར་དངོས་སུ་གྲོང་ཚོའི་ཤད་མ་འཁལ་འཐག་མཉམ་ལས་ཁང་བཙུགས་ཡོད།

མཉམ་ལས་ཁང་གི་འགན་ཁུར་བ་ཚེ་སྒྲོལ་ལགས་ཀྱིས། སྔར་ནས་རྩའོ་གྲོང་ཚོའི་ཤད་མ་ཞེས་སྐད་གྲགས་ཆེན་པོ་ཡོད། ང་ཚོས་མི་རིགས་ལག་ཤེས་དེ་མི་ཉམས་གོང་འཕེལ་གཏོང་ཆེད། རྒྱུ་གཙང་སྤུས་གཙང་ལ་བརྟེན་ནས་ཁྲོམ་རའི་ཡིད་ཆེས་དང་འཛད་སྤྱོད་པའི་དགའ་བསུ་ཐོབ་པ་བྱས་པས་མངག་ཉོ་བྱེད་མཁན་ཧ་ཅང་མང་པོ་འདུག་ཅེས་ངོ་སྤྲོད་གནང་འདུག

རྩའོ་གྲོང་ཚོའི་ཤད་མའི་མཉམ་ལས་ཁང་གིས་ཁྲོམ་རའི་དགོས་མཁོར་གཞིགས་ནས་སྤུས་ལེགས་ཤད་མ་ཐོན་སྐྱེད་བྱས་པས་སྲོལ་རྒྱུན་གྱི་ལག་ཤེས་གང་ཙམ་རྒྱུན་འཛིན་བྱས་པ་དེ་ཙམ་གྱིས་དར་རྒྱས་གོང་འཕེལ་བྱུང་བ་དང་། མང་ཚོགས་ཀྱི་ཡོང་འབབ་དེ་ཙམ་གྱིས་འཕར་སྣོན་བྱུང་ཡོད།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号