སྦྲ་ནག་བཟོ་བའི་ལག་རྩལ།
འབྲོག་ཁུལ་དུ་རྩྭ་ཆུའི་དགོས་མཁོར་གཞིགས་ནས་ལོ་གཅིག་ལ་མཚེར་ས་བཞི་ཙམ་བརྗེ་སྤོར་བྱེད་དགོས། དབྱར་མཚེར་ནི་དབྱར་ཆར་ཆུ་རྒྱས་ཤིང་ནམ་ཟླ་དྲོ་བའི་དུས་དང་བསྟུན་ནས་རི་ལུང་གི་ཕུ་དང་རྫ་ཁྲོད་སོགས་སུ་གནས་འཆའ་ བ་ཡིན། ཨ་མདོའི་ཕྱོགས་ནས་ཕལ་ཆེར་ཟླ་ལྔ་པ་དང་དྲུག་པ་གཉིས་ཡིན། སྟོན་འགོ་ཚུགས་པ་ན་དབྱར་མཚེར་ལས་ཅུང་ས་བབ་དམའ་བའི་ལུང་མདོ་དང་རྫ་འདབས་སུ་གནས་སྤོར་ཞིང་དེ་ནི་སྟོན་མཚེར་ཡིན། ཕྱུགས་ལ་ཤ་ཤེད་ཆེས་ཆེར་རྒྱས་པའི་དུས་ཀྱང་ཡིན། དགུན་མཚེར་ནི་ལུང་མདོའི་རི་སྐྱིབས་དང་། སྤང་ཁུག སྤང་རིའི་ཉིན་ཁུག་སོགས་མདོར་ན་ཁ་བ་བུ་ཡུགས་དང་གྲང་ལྷགས་ཀྱིས་གནོད་མི་ནུས་པའི་གནས་ཤིག་གདམས་པ་ཡིན། སོས་མཚེར་ནི་ཟླ་བཞི་པར་རུ་བ་དགུན་མཚེར་ནས་བཏེགས་ཏེ་དབྱར་མཚེར་དུ་མ་ཐོན་པའི་བར་དུ་འདུག་དགོས་པའི་བར་ཤོད་ཀྱི་མཚེར་ས་ཉིད་ཡིན། འབྲོག་པ་ཚོས་རྩྭ་ཆུ་གང་བཟང་ལ་བལྟས་ནས་གནས་སྤོར་དགོས་པས་སྦྲ་ནག་དུ་འདུག་ཅིང་། སྦྲ་ནི་ནོར་གནག་གི་རྩིད་པ་བཀལ་ནས་ཐགས་བཀྲན་ཞིང་དེ་འཐག་པའི་སྤྲེའམ་རེ་བ་ལས་བཟོས་པ་ཡིན།ད་དུང་སྦྲ་དཀར་དང་སྦྲ་ཁྲ་སོགས་ཀྱང་ཡོད།
ཕུག་ལྟག་སྒོ་ཤུག་ཅེས་སྦྲའི་ཡ་ཕུག་གི་ཀ་བ་ཤིང་སྟག་པས་བྱེད་ཅིང་དེ་ནི་གཞི་བརྟན་ཞིང་རྟག་པའི་རྟེན་འབྲེལ་དང་། སྦྲ་སྒོའི་ཆོན་ཐག་གི་ཀ་བ་ཤུག་པས་བྱེད་པ་དང་། དེ་ནི་ཕྱུག་གི་རུ་ཐང་དུ་བརྡལ་བའི་ཆེད་ཡིན་ཟེར།དེ་ཡང་སྦྲ་ཆེ་བ་ཞིག་ཡིན་ན། ཆོན་ཐག་དགུ་ནས་བཅུ་གཅིག་ཙམ་ཡོད་ལ། ཕལ་ཆེར་ཆོན་ཐག་དགུ་ཅན་ཡིན། སྦྲའི་རིང་ཚད་ཀྱི་སྲིད་ལ་ཕོ་འདོམ་བཞི་དང་ཕྱེད་ཀ་ཡོད། སྦྲ་ཀླད་དུ་རེ་བ་ཞེང་དགུ་ཙམ་འདུག མཁའ་འགྲམ་དུ་ཕལ་ཆེར་རེ་ཞེང་བཅུ་ཙམ་སྟེ་ཁྱོན་བསྡོམས་རེ་ཞེང་བཅུ་དགུ་ལྷག་དགོས། སྦྲའི་ནང་དུ་ཐད་ཐིག་བཞི་དང་། གྲུ་ཐིག་བཞི། ཐུར་ཐིག་བརྒྱད། ངོ་ཐིག་བརྒྱད་བཅས་ཁྱོན་བསྡོམས་ངོ་ཐིག་ཉེར་བཞི་དགོས། སྦྲའི་ཕྱི་རོལ་དུ་གྲུ་ཆོན་བཞི་དང་དཀྱིལ་ཆོན་གཉིས། དེ་བཞིན་སྒོ་ཆོན་ཡང་གཉིས་ཡོད། ཕུག་ཆོན་གཅིག་བཅས་བསྡོམས་ཆོན་ཐག་དགུ་ཡོད། གྲུ་མགོ་བཞི་ཙམ་དང་།ས་འདོགས་ལྔ་བཅས་ཐ་གུ་བཅོ་བརྒྱད་འདུག སྦྲའི་གཡས་གཡོན་གྱི་ལྷབ་མོ་ཆེ་བ་དེ་གཉིས་སྤྲེལ་མཐུད་བྱེད་སྤྱད་སྒྲོག་ལུང་ལྟ་བུ་དེ་དག་ལ་ཟུང་ང་ཟེར། དེ་ལ་གྲངས་ཀ་སུམ་ཅུ་ཙམ་ཡོད་པ་དང་། ཟུང་ང་ལའང་ཕོ་ལུང་མོ་ལུང་ཞེས་གཡས་གཡོན་གཉིས་སུ་བཅོ་ལྔ་རེ་ཡོད། སྦྲའི་ཁྱིམ་དུ་ནང་ཀ་བཞི་དང་ཡར་འཁོར་མར་འཁོར་ཀ་བ་གཉིས་བཅས་ཁྱོན་བསྡོམས་བརྒྱད་ཙམ་འདུག། སྦྲ་ལ་གྲུ་ཀ་བཞི་དང་། དཀྱིལ་ཆོན་ཀ་བ་གཉིས། ཕུག་ཆོན་གྱི་ཀ་བ་གཅིག སྒོ་ཆོན་ཀ་བ་གཉིས་བཅས་དགུ་ཙམ་འདུག། དེ་རྗེས་སྦྲའི་མ་གཞི་དེ་གཉིས་ཀ་ངོ་ཐིག་དང་ཟུང་ང་ཞེས་སྦྲའི་ནང་ངོས་སུ་བཀྲམ་ནས་བཙེམ་པའི་ཐིག་གུའི་ཕྱོགས་གཅིག་གི་སྣེ་མོར་ཨ་ལུང་དང་། གཞན་པའི་སྣེ་མོར་ཤིང་གི་ཆ་རུ་སྤྲད་ནས་ཕན་ཚུན་སྤྲེལ་བར་བྱེད། སྤྲེལ་མཚམས་སུ་དུ་བ་ཕྱིར་འགྲོ་ས་དང་ཉི་འོད་འཕྲོ་སའི་དཀར་ཁུང་གྲུ་བཞི་རིང་མོ་སྦྲའི་མདུན་སྒོ་ནས་ལྟག་རྒྱབ་ཏུ་སླེབ་པ་ཞིག་སྐྱུར་ཞིང་དེ་ལ་ཁ་འཚུབ་ཟེར།
ངོ་ཐིག་གི་ཨ་ལུང་སྦྲའི་གྲུ་ག་བཞི་ནས་ཕྱིར་མངོན་ཡོད་པ་དང་། དེ་ལ་ཕྱི་ལ་ཕྱི་ནས་བརྒྱུད་ཏེ་འཐེན་ཡོད་པའི་ཐིག་གུ་ལ་ཆོན་ཐག་ཟེར། ཆོན་ཐག་གི་སྣེ་མོར་ཕུར་བ་བརྡབས་ནས་ས་ལ་བརྟན་པོར་བཏགས་རྗེས། དཀྱིལ་ནས་ཀ་ར་ཞེས་ཤུག་པ་དང་སྟག་པ་སོགས་ཀྱི་དབྱུག་པ་ཕྲ་མོས་འགྱོགས་པ་དང་། ནང་རོལ་གྲུ་ག་བཞི་དང་ཁ་འཚུབ་ལ་བརྒྱུས་པའི་གདུང་མ་སོགས་ཀྱང་དེ་བཞིན་དུ་ཀ་རས་འགྱོགས་པ་རེད། སྦྲ་གསར་སོགས་ཕུབ་དུས་མི་ཁ་རྗེ་དབང་ཐང་ཅན་ཞིག་གིས་སྒོ་ཆོན་དང་ཕུག་ཆོན་གྱི་ཕུར་བ་བརྡེབས་པ་དང་། ཁ་གཡང་འབོད་དགོས། སྦྲའི་སྒོ་ངོས་དང་ལྟག་ངོས་ཀྱི་ཆོན་ཐག་སྟེང་དུ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང་རླུང་རྟ་སྡེ་བཞི་སོགས་རས་དཀར་གྱི་ངོས་སུ་དཔེར་ན། དར་ལྕེ་བཏགས་ཏེ་འཐེན་ཞིང་དེ་ལ་སྒོ་དར་ཟེར། དེ་ལྟར་སྒོ་དར་འཐེན་པར་མ་ཟད་མཚེར་གྱི་རྒྱབ་ངོས་བསང་ཁྲིའི་འཁྲིས་སུ་སྡོང་བོ་རིང་བོ་བསླངས་ནས་དེ་ལ་དར་ལྕོག་འདོགས། སྦྲའི་དབྱིབས་ནི་ལ་ལས་ཁྱུང་ནམ་མནའ་ལྡིང་གི་རྣམ་པ་ཡིན་ཟེར་བ་དང་། རིའི་རྒྱལ་པོ་རི་རབ་ཀྱི་དབྱིབས། འགའ་ཤས་ཤིག་གིས་རུས་སྦལ་གོག་བགྲོད་ཀྱི་ཚུལ་ཡིན་ཟེར། སྦྲ་ཕུབ་དུས་བྲག་དམར་པོ་སོགས་ལ་རྒྱབ་གཏོང་ཅིང་། ཆུ་མགོ་བཙན་ས་སོགས་ལ་སྒོ་གཏད་དགོས་ཟེར། ཁམས་དང་ཨ་མདོ་སོགས་ཀྱིས་དེ་ལ་ཆོན་སྦྲ་ཟེར་བའང་ཁྱུང་སྦྲའི་སྒྲ་མིན་ནམ་སྙམ་ཡང་། གང་ལྟར་སྦྲ་ནག་ལ་གྲང་ངར་དང་ཆར་ཆུ་སོགས་འགོག་པའི་ནུས་པ་ཡོད་ལ་རས་གུར་ལས་རྙིང་ཐུབ་པར་མ་ཟད། ས་དགྲ་སྣ་ཚོགས་ཐུབ་པར་སྨྲ། དེང་སང་འབྲོག་ཁྱིམ་མང་ཆེ་བས་སྦྲ་རྒན་དུད་པ་ཅན་དེ་རས་གུར་སོགས་སུ་བསྒྱུར་གྱིན་ཡོད་པ་ནི་ལེགས་པོ་རེད་ཟེར་རྒྱུ་ཧ་ཅང་ཁག་པོ་འདུག།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注