བོད་ཀྱི་གུས་སྲོལ་འདི་དག་ཚང་མས་སྦྱོང་སྤྱོད་སྤེལ་གསུམ་གནང་བར་འཚལ།
གུས་སྲོལ་རིག་གནས་ནི་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག ཁྱིམ་ཚང་ཞིག མི་སྒེར་བཅས་ལ་ཆ་རྐྱེན་དང་ཡུལ་དུས་ཅི་ལའང་མི་བལྟོས་པར་དུས་དང་རྣམ་པ་ཀུན་ཏུ་མཁོ་བའི་བྱ་སྤྱོད་ཀྱི་ཚད་གཞི་ཞིག་རེད། གུས་སྲོལ་རིག་གནས་དར་བའི་རྒྱལ་ཁབ་ཅིག་ཡིན་ན་རྒྱལ་ཁབ་དེའི་ཤེས་རིག་གི་ཚད་གཞི་མཚོན་ཐུབ་པ་དང་། མི་རིགས་ཤིག་ཡིན་ན་མི་རིགས་དེའི་རིག་གཞུང་གི་ཆུ་ཚད་མཚོན་ཐུབ་པ། ཁྱིམ་ཚང་ཞིག་ཡིན་ན་ཁྱིམ་རྒྱུད་དེའི་སློབ་གསོའི་ཚད་གཞི་མངོན་ཐུབ་པ། མི་སྒེར་ཡིན་ན་ཡ་རབས་མ་རབས་མཚོན་ཐུབ་པ་བཅས་ཡིན
བོད་མི་རིགས་ཀྱི་གུས་སྲོལ་རིག་གནས་ཁྲོད་དུ་དགེ་རྒན་དང་ཕ་མ་གུས་ཞབས་ཞུ་ཡུལ་གཙོ་བོར་བརྩི་བ་དང་། དེ་རྗེས་ཡོན་ཏན་ཅན་དང་རྒན་རབས་ཡིན། དེ་མིན་རང་ལས་མི་གཞན་ཀུན་ལ་གུས་བཀུར་ཞུ་ཡུལ་དུ་བརྩི་གི་ཡོད། ལུས་ཀྱི་གུས་བཀུར་གྱི་ངོས་ནས་བརྗོད་ན་རང་ཁྱིམ་དུ་མགྲོན་པོ་རྩ་ཆེན་ཞིག་ཕེབས་པར་ཆ་བཞག་ན། དང་ཐོག་སྒོ་འགྲམ་ནས་ཕེབས་བསུ་ཞུས་ཏེ་འཚམས་འདྲི་དང་བཅས་གཡས་གྲལ་གྱི་གྲལ་འགོར་བཞུགས་གདན་འཇགས་སུ་འཇུག་དགོས་པ་དང་། ཞལ་དཀར་གས་ཆག་མེད་པའི་ནང་གསོལ་ཇའམ་མཆོད་ཆང་གང་རུང་སྒུར་ཙམ་བྱས་ནས་ལག་གཉིས་ཀྱིས་ཆོབ་སྒྲ་མེད་པའི་ཐོག་ནས་ཞལ་དཀར་གྱི་ཁ་ལས་དམའ་ཙམ་ཞིག་ཞུས་རྗེས་ལག་གཉིས་ཀྱིས་གུས་ཞབས་ཆེན་པོས་འབུལ་དགོས་ལ་ཞལ་དཀར་གྱི་གཤམ་ནས་ལག་པ་འཇུ་དགོས་པ་ལས་རང་ཉིད་ཀྱི་ལག་པས་ཞལ་དཀར་གྱི་ཁ་ལ་ཐུག་རེག་བྱ་མི་རུང་བ་དང་གང་འཐུང་རྒྱག་སྲོལ་མེད་པས་ཇ་ཡིན་ན་ཡིན་གཅིག་ཞལ་དཀར་དོ་ཞུ་དགོས། འོན་ཀྱང་སྟོང་རྐྱང་བཟོ་མི་དགོས་པར་ཞལ་འཕྲོ་ཞུས་ན་འགྲིག་པ་དང་དེ་རྗེས་མགྲོན་པོའི་འདོད་པ་ལྟར་གང་མཉེས་ཞུས་ན་འགྲིག མཆོད་ཆང་ཡིན་ན་རྩམ་པའམ་མར་གྱི་ཡས་བཟེད་རྒྱག་དགོས་པ་དང་། དང་ཐོག་གསུམ་སྒྲོན་མཉེས་དག་ཞུ་གི་ཡོད་པ་དེ་ནི་གུས་སྲོལ་གྱི་བྱེ་བྲག་ཅིག་ཡིན་པས་སྦྱིན་བདག་གིས་ཞུ་རྐྱང་དང་མགྲོན་པོས་འཐུང་རྐྱང་བྱེད་ཀྱི་ཡོད། འོན་ཀྱང་ཚང་མ་ཞབས་དག་རྒྱག་མི་དགོས་པར་ཐེངས་གསུམ་གང་མཉེས་ཞུས་རྗེས་ཞབས་དག་གཙང་མ་རྒྱག་དགོས་པ་དང་དེ་རྗེས་མུ་མཐུད་གང་མཉེས་ཞུས་ན་འགྲིག མགྲོན་པོས་ཀྱང་ཇ་ཆང་ཞུས་མ་ཐག་ཐད་ཀར་མི་འཐུང་བར་གསོལ་ཇ་ཡིན་ན་ཇ་མཆོད་འབུལ་བ་དང་མཆོད་ཆང་ཡིན་ན་སྐྱེས་པའི་ལག་གཡོན་མའི་སེན་མཛུབ་དང་བུད་མེད་ཀྱི་ལག་གཡས་པའི་སེན་མཛུབ་ཀྱིས་ཕུད་གཏོར་ལན་གསུམ་བྱས་རྗེས་གཞི་ནས་ལོངས་སྤྱོད་བྱེད་དགོས། དེ་ལྟར་མ་བྱས་ན་སྤྲང་པོ་ཟས་དང་འཕྲད་པའི་ལབ་གླེང་ཡོང་རྒྱུ་རེད
མགྲོན་པོ་མཉམ་དུ་བཟའ་བཏུང་ལ་རོལ་སྐབས་མགྲོན་པོར་བཟའ་བཏུང་སྔོན་ལ་འབུལ་དགོས་པའི་ཐོག་མགྲོན་པོས་མ་བཟས་བར་རང་གིས་སྔོན་ལ་ཟ་མི་རུང་ལ། ཟ་བའི་བརྒྱུད་རིམ་ནང་སྐད་ཆ་ཤོད་པ་དང་། མདུན་ཅོག་ལ་ལག་པ་བཀན་ནས་བཟའ་བ། ཅག་སྒྲ་དང་ཧུབ་སྒྲ་ཤུགས་ཆེན་སྒྲོག་པའམ་ས་ལས་རྡོ་ལས་བྱེད་པ་ལྟར་ཁ་ཕོར་ལ་ཁོའེ་ཙེའམ་ཐུར་མ་ཤུགས་ཆེན་རྡེབ་པ། ཟས་ཞིམ་པའམ་རང་གིས་དགའ་བའི་ཟས་ཁོ་ན་ཟ་བ། རང་གི་མདུན་དུ་ཚལ་ཡོད་བཞིན་དུ་ལག་པ་རིང་པོ་བརྐྱངས་ནས་མིའི་མདུན་ནས་ལེན་པ། ཚལ་ཕར་བསྲེས་ཚུར་བསྲེས་བྱེད་པ་དང་ཚལ་གྱི་ཤའམ་རྡོར་རྐྱང་རྐྱང་སྒྲུག་པ། ད་དུང་ལྟོ་ཆས་ཁའི་འཁྲིས་སུ་མ་སླེབས་གོང་ཁ་ཆེན་པོ་གདངས་བ་དང་། ཟས་ཁམ་གང་མུར་འགྲམ་གཡས་གཡོན་རེས་མོས་ཀྱིས་ཟ་བ། ཁམ་མ་བཅད་པར་དུད་འགྲོའི་ཟ་སྟངས་ལྟར་ཟ་བ་བཅས་དང་ལག་པ་གཅིག་གིས་ལྟོ་སྣོད་ཕར་ལེན་ཚུར་འཇོག་བྱེད་པ་སོགས་ཚང་མ་གུས་ཞབས་མེད་པའི་ཀུན་སྤྱོད་ཀྱི་གྲས་སུ་འཇོག་གི་ཡོད། ལྷག་དོན་ཞལ་ལག་མཆོད་མ་ཐག་གཟིམ་སྤྱོད་དུ་སྐྱོད་པ་ནི་འབྱོར་བསྐྱལ་ཞེས་མིའི་རིགས་ཀྱི་ཀུན་སྤྱོད་དང་ཧ་ཅང་མི་མཐུན་པར་བརྩི་གི་ཡོད། འགྲོ་སྐྱོད་ཀྱི་ངོས་ནས་བརྗོད་ན། རང་ཉིད་སྔོན་ལ་ལངས་དགོས་པ་དང་ད་དུང་མཉམ་དུ་སྐྱོད་དགོས་བྱུང་ན་མདུན་དང་གཡས་ནས་བསྐྱོད་ན་གྲལ་འགོ་གནན་པ་དང་ཐིག་གཅིག་གི་ཐོག་ཏུ་བསྐྱོད་ན་འདྲ་མཉམ་དུ་འགྲོ་བས་གཡོན་ངོས་ཀྱི་ཟུར་ནས་སྐྱོད་དགོས་ཀྱི་ཡོད་ལ། ཆིབས་རྟ་དང་རླངས་འཁོར་སོགས་སུ་རང་ཉིད་མཇུག་ཏུ་འཛེགས་པ་དང་སྔོན་ལ་འབབ་དགོས། གལ་སྲིད་གཞན་གྱི་སྐུ་མདུན་དུ་བཅར་དགོས་ན་སྒོ་ག་ལེར་བརྡུངས་ནས་ནང་དུ་འཛུལ་ཆོག་མིན་སྣང་བ་ཞུ་དགོས་པ་དང་མར་དོན་སྐབས་ཀྱང་ལམ་སེང་རྒྱབ་མ་སློག་པར་གོམ་པ་ཁ་ཤས་ཕྱིར་འགྲོས་བརྒྱབ་ནས་སྐྱོད་དགོས་པ་དང་གཟིམ་སྒོ་ག་ལེར་འཐེན་དགོས་པ་མ་ཟད་རྡོག་སྒྲ་ཤུགས་ཆེན་མ་གྲགས་པ་བྱེད་དགོས། ད་དུང་ཐོག་མར་ཐུག་འཕྲད་བྱེད་སྐབས་ཞྭ་མོ་གྱོན་ཡོད་ན་ཞྭ་མོ་ཕུད་ནས་ལག་གཡས་པས་མདུན་དུ་ཉར་དགོས་པ་དང་། ལྕང་ལོ་བརྒྱབ་ཡོད་ན་ལྕང་ལོ་མདུན་ངོས་སུ་ལག་གཡས་པས་བཟུང་ནས་སྒུར་ཙམ་བྱེད་དགོས། སྐྱེས་པ་ཚོས་ཕྱུ་པ་གྱོན་ཡོད་ན་ཕུ་ཐུང་གཉིས་ཀ་རྒྱུས་དགོས་པ་ལས་སྟོད་ཤར་འབུད་རྒྱུ་མེད།
ངག་གི་གུས་ཞབས་ཀྱི་ཐོག་ནས་བཤད་ན། འཛམ་བུ་གླིང་ནས་བོད་མི་རིགས་ནི་ཞེ་སའི་ཚིག་ཕུན་སུམ་ཚོགས་ཤོས་ཡིན་པས་ཞེ་སའི་ཐ་སྙད་ནམ་ཡང་ཕོངས་དོགས་མེད་སྟབས། རང་གིས་བེད་སྤྱོད་ཐུབ་མིན་ལ་རག་ལུས་པས་གུས་བཀུར་ཞུ་ཡུལ་གྱི་གོ་རིམ་ལྟར་གང་ལ་གང་འཚམ་གྱི་ཞེ་ས་བེད་སྤྱོད་བྱེད་དགོས་པ་དཔེར་ན། ཡབ་ཡུམ་དང་པཱ་ལགས་ཨ་མ་ལགས་དང་། ལྷ་གཅིག་དང་སྲས་མོ། ལྷ་ལྕམ་དང་ལྕམ། ཆིབས་སྒྱུར་གནང་དང་ག་ལེ་ཕེབས་ལྟ་བུ་རེད། གཏམ་གླེང་བྱ་སྐབས་གོ་ས་མཐོ་བ་དང་རྒན་རབས་ཀྱིས་གཏམ་གླེང་མ་གནང་གོང་རང་གིས་འཕེར་ཤ་ཆེན་པོས་གཏམ་གླེང་བྱ་རྒྱུ་མེད་པ་མ་ཟད། འགྲེལ་པའམ་གསལ་བཤད་བྱེད་པའི་དགོས་པ་ཡོད་རུང་གཞན་གྱི་གཏམ་གླེང་མ་ཚར་བར་དུ་འཚང་རྒྱུ་མེད་པར་མཇུག་འགྲིལ་རྗེས་ངག་འཇམ་པོས་གསལ་བཤད་ཞུ་དགོས། ད་དུང་ཡོན་ཏན་ཅན་སོགས་ལམ་དུ་མཇལ་སྐབས་ངོ་ཤེས་པ་ཡིན་ན་ཞེ་ས་དང་བཅས་འཚམས་འདྲི་ཞུ་དགོས་པ་དང་ངོ་མི་ཤེས་པ་ཡིན་རུང་ལུས་ཀྱི་གུས་ཚུལ་འདོན་རྒྱུ་མི་བརྗེད་པ་བྱེད་དགོས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注