༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་རིག་དངོས་ཡོངས་བཤེར་ལས་དོན་སྤེལ་རིང་རིག་དངོས་གནས་ཡུལ301གསར་དུ་རྙེད་པ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ལས་དོན་ཐེངས་བཞི་པའི་དུས་མཚམས་གཉིས་པའི་ལས་དོན་ལོ་མཇུག་གི་མཐའ་མའི་གདོང་མཆོང་གི་དུས་སུ་སླེབས་ཤིང་། མིག་སྔར་བོད་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་པའི་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)18ཀྱི་རིག་དངོས་ཡོངས་བཤེར་གྱི་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་པ་རེད། མིག་སྔའི་བར། གནའ་བོའི་རིག་གནས་ཤུལ་བཞག་དང་། གནའ་བོའི་བང་སོ། གནའ་བོའི་བཟོ་སྐྲུན། བྲག་ཕུག་ལྷ་ཁང་། རྡོ་བརྐོས། ཉེ་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་གལ་ཆེན་དང་ཚབ་མཚོན་རང་བཞིན་གྱི་བཟོ་སྐྲུན་སོགས་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་301གསར་དུ་རྙེད་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔའི་བར། གཞིས་རྩེ་གྲོང་ཁྱེར་གྱིས་རིག་དངོས་གནས་ཡུལ་1088ལ་ས་གནས་ས་ཐོག་ཏུ་བརྟག་དཔྱད་དང་གྲངས་གཞི་བསྡུ་རུབ་ལས་དོན་ལེགས་སྒྲུབ་བྱས་པའི་ནང་། “ཡོངས་བཤེར་གསུམ”གྱི་བསྐྱར་བཤེར་རིག་དངོས་གནས་ཡུལ་519ཡོད་པ་དེས་སྤྱིའི་ལས་འགན་གྱི་59%བཟུང་ཡོད། 2012ལོ་ནས་བཟུང་། རིག་དངོས་གནས་ཡུལ་268གསར་དུ་རྙེད་ནས་སྤྱིའི་ལས་འགན་གྱི་46%ལེགས་གྲུབ་བྱུང་ཡོད་པ་རེད།
གཞིས་རྩེ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་རིག་དངོས་སྲུང་སྐྱོང་དང་གནའ་རྫས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཕུན་ཚོགས་དར་རྒྱས་ཀྱིས། གཞིས་རྩེ་གྲོང་ཁྱེར་ལ་རིག་གནས་ཀྱི་ནང་དོན་ཟབ་པ་དང་། སྤོ་མི་རུང་བའི་རིག་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ། རིག་དངོས་ཀྱི་སྣ་ཁ་མང་བ་བཅས་ཡོད། ད་ཐེངས་ཀྱི་ཡོངས་བཤེར་ལས་དོན་སྤེལ་བ་བརྒྱུད། ང་ཚོས་གཞི་རིམ་གྱི་རིག་དངོས་ཀྱི་གྲངས་འབོར་དང་ཉར་ཚགས་བྱས་ཚུལ་སོགས་ལ་ཕྱོགས་ཡོངས་ནས་རྒྱུས་མངའ་གནད་དུ་སྨིན་པ་བྱུང་བ་དང་དུས་མཚུངས། ང་ཚོར་ཕུལ་བྱུང་གི་གཞི་རིམ་རིག་དངོས་སྲུང་སྐྱོང་ལས་དོན་གྱི་རྐང་འཛིན་པ་ཁག་གཅིག་སྦྱོང་བརྡར་དང་གསོ་སྐྱོང་ཡང་བྱས་ཡོད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རིང་། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་གསུམ་པ་བྱས་རྗེས་ངོ་འཛིན་དང་ཐོ་འགོད་བྱས་པའི་སྤོ་མི་རུང་བའི་རིག་དངོས་གནས་ཡུལ་4277ལ་བསྐྱར་བཤེར་བྱས་པ་དང་དུས་མཚུངས། “ཡོངས་བཤེར་གསུམ”གྱི་ཐོ་འགོད་བྱས་མེད་པ་དང་2012ལོ་ནས་བཟུང་གསར་དུ་རྙེད་པའི་སྤོ་མི་རུང་བའི་རིག་དངོས་ལ་བརྟག་དཔྱད་དང་། ངོས་འཛིན། ཐོ་འགོད་བཅས་ཀྱང་བྱས་ཡོད་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注