མགོ་ལོག་གི་སློབ་མས་ཐོག་དང་པོར་གཞོན་ནུ་ལོ་ཆུང་གི་འཕྲུལ་མིའི་ཇུས་འགོད་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་བླངས་པ།

ཟླ8པའི་ཚེས1ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི“སློབ་མགོ་ཚུགས་པའི་སློབ་ཚན་དང་པོ”ཞེས་པ་གྲ་སྒྲིག་བྱེད་མཁན་གྱི་སློབ་གཙོ་ཝང་ཧའོ་ལིའང་གིས་སློབ་གྲྭ་དེའི་དགེ་སློབ་ཚོས་ཉེ་ཆར་མཇུག་སྒྲིལ་བའི2024ལོའི་འཛམ་གླིང་འཕྲུལ་མིའི་འགྲན་བསྡུར་ཆེན་མོ་སྟེ་པེ་ཅིན་འགྲན་བསྡུར་གྱི་གཞོན་ནུ་ལོ་ཆུང་གི་འཕྲུལ་མིའི་ཇུས་འགོད་འགྲན་བསྡུར་ཆེན་མོའིTAIའགྲན་སློང་འགྲན་བསྡུར་ཁྲོད་གྲུབ་འབྲས་བཟང་པོ་བླངས་པ་རེད་ཅེས་མི་སེམས་ལ་སྐུལ་མ་ཐེབས་པའི་འཕྲིན་བཟང་ཁྱབ་བསྒྲགས་བྱས།

ཝང་ཧའོ་ལིའང་གིས་མཚམས་སྦྱོར་བྱས་དོན། ཐེངས་འདིའི་འགྲན་བསྡུར་ནི་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་ཧྲང་ཧེ་རོགས་སྐྱོར་ཚོགས་པའི་སློབ་གསོ་ཚོགས་པས་སྣེ་ཁྲིད་རྩ་འཛུགས་བྱས་ཏེ། ཧྲང་ཧེའི་རོགས་སྐྱོར་དགེ་རྒན་ཚའེ་ལུང་དང་མགོ་ལོག་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གི་དགེ་རྒན་མ་ཅིན་ཧུང་། དེ་མིན་སློབ་མ8བཅས་ཀྱིས་གྲུབ་པའི་རུ་ཁག་གསུམ་པེ་ཅིན་དུ་མངགས་ནས། གཞན་པའི་འགྲན་ཞུགས་རུ་ཁག33དང་མཉམ་དུ་འགྲན་བསྡུར་ནང་ཞུགས་ཏེ། འཕྲུལ་མིའི་སྒྲིག་རིམ་དང་ལས་འགན་ལག་བསྟར་སོགས་རྩལ་ནུས་འགྲན་རེས་བྱས་པ་རེད། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། ཉི་མ་འཚོ་དང་མཁའ་སྐྱིད། གུར་དཀར་བཅས་ཀྱིས་གྲུབ་པའི “NKGརུ་ཁག”དང་། གཡང་བརྟན་མཚོ་མོ་དང་གངས་རི་ལྷ་མོ། ཡེ་ཤེས་རྒྱལ་མཚན་བཅས་ཀྱིས་གྲུབ་པའི“YGYརུ་ཁག”། གཙང་བཟའ་ཚེ་རིང་དབང་མོ་དང་སྐར་མས་གྲུབ་པའི“GGརུ་ཁག”བཅས་ཀྱིས་སོ་སོར་གཞོན་ནུ་ལོོ་ཆུང་གི་འཕྲུལ་མིའི་ཇུས་འགོད་འགྲན་བསྡུར་ཆེན་མོའིTAIའགྲན་སློང་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པའི་གྲུབ་འབྲས་བཟང་པོ་བླངས།

 2024ལོའི་འཛམ་གླིང་འཕྲུལ་མིའི་འགྲན་བསྡུར་ཆེན་མོ་སྟེ་པེ་ཅིན་འགྲན་བསྡུར་ཁྲོད་མཉམ་འདྲེས་འཕྲུལ་མིའི་འགྲན་བསྡུར་དང་། ཀླད་པའི་ཚོད་འཛིན་འཕྲུལ་མིའི་འགྲན་བསྡུར། བར་སྣང་འཕྲུལ་མིའི་འགྲན་བསྡུར། གཞོན་ནུ་ལོ་ཆུང་གི་འཕྲུལ་མིའི་ཇུས་འགོད་འགྲན་བསྡུར་བཅས་རྣམ་གྲངས་བཞི་རུ་བགོས་ཡོད་པ་དང་། དེའི་ཁྲོད། གཞོན་ནུ་ལོ་ཆུང་གི་འཕྲུལ་མིའིི་ཇུས་འགོད་འགྲན་བསྡུར་ཆེན་མོ་ཞེས་པ་དེ་ཚན་རིག་ཁྱབ་གདལ་གྱི་འགྲན་དོན་གཙོ་བོ་ཞིག་ཡིན་པའི་ཆ་ནས། འཛམ་གླིང་ཁྱབ་ཁོངས་ཀྱི་གཞོན་ནུ་ལོ་ཆུང་མང་པོ་བཀུགས་ཏེ། རྒྱལ་ཁབ་སོ་སོའི་འཕྲུལ་མིའི་ལག་རྩལ་ལ་དགའ་བའི་གཞོན་ནུ་ལོ་ཆུང་རྣམས་ལ་རང་ཉིད་ཀྱི་འཇོན་ཐང་ངོམ་པའི་གར་སྟེགས་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད་པ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号