བོད་སྐྱོར་མཛད་ཇུས་ཀྱིས་བོད་ལྗོངས་ལ་ཕན་བདེ་འདི་འདྲ་བསྐྲུན་འདུག


བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་སྔོན་ལ་ཕྱུག་པོར་གྱུར་བ་དག་གིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱེད་པ་དང་མཐར་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་གཅིག་སྡུད་ཐོག་མཚོན་པ་ཞིག་ཀྱང་ཡིན། ད་ལོ་ནི་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་སུམ་ཅུ་འཁོར་བའི་ལོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་ཁྲིད་སྟོན་འོག ཁ་གཏད་རོགས་སྐྱོར་གྱི་ལས་འགན་འཁུར་བའི་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་ལས་འགན་འཁུར་བས། བོད་སྐྱོར་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཧང་ཅ་གྲོང་གསར་གྱི་འབྲོག་པའི་སྡོད་ཁང་གསར་པ་སྟར་པ་155བསྐྲུན་ཟིན་ཡོད། བོད་སྐྱོར་དམངས་འཚོའི་ལས་གྲྭ་དེས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ལ་དེང་རབས་ཅན་གྱི་སྡོད་གནས་གསར་པ་མཁོ་འདོན་བྱས་ཡོད། གཞིས་རྩེ་ས་སྐྱ་རྫོང་དུ་བོད་སྐྱོར་མི་སྣས་ཞིབ་འཇུག་གསར་སྤེལ་བྱས་པ་བརྒྱུད་ས་རྒོད་དུ་ཚོད་འདེབས་བྱས་པའི་ས་མཐོའི་ལི་གྲོ་མུའུ་ཁྲི་ཡན་ལ་ལོ་ལེགས་ཡོང་གྲབས་ཡོད། ལྷ་སའི་ལྷུན་གྲུབ་རྫོང་དུ་ལྷ་སའི་སྟོང་ཧྥུའུ་500ཡི་གློག་སྐྱེལ་གློག་སྒྱུར་ལས་གྲྭའི་ལམ་ཐིག་ཟླ་10པར་ཡོངས་སུ་ཤར་གཏོང་ཐུབ་ནས། བོད་དབུས་རྒྱུད་ཀྱི་གློག་དྲའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།

བོད་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་གིས་ལས་ཀའི་གནས་བབ་ཧྲིལ་པོར་དམིགས་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་རེད། 1998ལོར། སྐབས་དེ་དུས་ཧྥུ་ཅན་ཞིང་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས་བཞིན་པའི་བློ་མཐུན་ཞི་ཅིན་ཕིང་སྐུ་ངོ་མས་ཧྥུ་ཅན་གྱི་བོད་སྐྱོར་ལས་བྱེད་པ་ཁག་གཉིས་པ་བོད་དུ་བསྐྱལ་བ་དང་། བོད་སྐྱོར་ལས་བྱེད་པ་ཁག་དང་པོ་ཧྥུ་ཅན་ལ་བསུས་གནང་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་འཕེལ་རྒྱས་དང་བོད་སྐྱོར་ལས་དོན་ཐད་ཇུས་འགོད་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུར་ཐེངས་གཉིས་ཞུགས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐད་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་གནང་བ་དང་འབྲེལ་བོད་སྐྱོར་ལས་དོན་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཁོང་གིས། ཀྲུང་དབྱང་གིས་བོད་ལ་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཡོངས་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་པ་ནི་ཏང་ཀྲུང་དབྱང་གི་འགྱུར་བ་མེད་པའི་སྲིད་ཇུས་ཡིན་པས། ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་ཉམས་མྱོང་ལ་ཕྱོགས་སྡོམ་ནན་ཏན་བྱས་ཏེ། བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་གཏོད་དགོས་ཞེས་བསྟན་གནང་ཡོད།

དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་འོག ཕྱོགས་ཁག་གི་བོད་སྐྱོར་སྟོབས་ཤུགས་ཀྱིས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་དང་མཐུན་སྒྲིལ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པའི་འབད་འཐབ་ཀྱི་ལེའུ་རྩོམ་བཞིན་ཡོད། ཀྲུང་དབྱང་གིས་སྔ་རྗེས་སུ་ཁག་10ཡི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁྲི་1.2ཙམ་གངས་ལྗོངས་ས་མཐོར་འབད་འཐབ་བྱེད་པར་མངགས་གཏོང་བྱས་ཡོད།

ཁ་གཏད་བོད་སྐྱོར་བྱས་ནས་རྨང་གཞིའི་སྒྲིག་བཀོད་ཉིན་བཞིན་འཐུས་ཚང་དུ་གཏོང་རྒྱུར་རམས་འདེགས་བྱས་པ། བོད་ལྗོངས་ཀྱིས་མཚོ་བོད་དང་། ཁྲོན་བོད། བོད་དབུས་ཁུལ། མངའ་རིས་བཅས་འབྲེལ་མཐུད་བྱེད་པའི“གློག་ཤུགས་མཁའ་ལམ”བཞི་བསྐྲུན་ཟིན་པ་དང་། གློག་དྲ་གཙོ་བོ་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཁྱབ་ཡོད། མིག་སྔར། བོད་ལྗོངས་སུ་བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་གློག་ཤུགས་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཁྲོད་ནུས་རྒྱུ་གཙང་མས་བཟུང་བའི་བསྡུར་ཚད་95%ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། བོད་ལྗོངས་སུ་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་བོད་དུ་ཤར་གཏོང་ཐུབ་ཡོད། ད་ལོའི་ཟླ་6པར། ལྷ་ས་དང་གཞིས་རྩེ་འབྲེལ་མཐུད་བྱེད་པའི་ལྷ་གཞིས་ཀྱི་རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས། ལྷ་ས་ལྟེ་བར་བྱས་པའི“གྲོང་ཁྱེར་ལྔ་ལ་ཆུ་ཚོད་གསུམ་ནང་སླེབས་ཐུབ་པའི”དཔལ་འབྱོར་ཁུལ་ཆགས་ཡོད་པ་དང་། བོད་ལྗོངས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་དེ་སྤྱི་ལེ་ཁྲི་12ལས་བརྒལ་ཡོད་པ་རེད།

ཁ་གཏད་བོད་སྐྱོར་བྱས་ནས། བཟང་ཆའི་ཐོན་ལས་སྟོབས་ཆེར་བཏང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་229བཀོད་སྒྲིག་བྱས་པ་དང་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་44.06བཀོད་སྒྲིག་བྱས་ཡོད། ལྷོ་ཁ་གྲ་སྣང་རྫོང་དུ་ཧུའུ་ནན་གྱིས་རོགས་སྐྱོར་བྱས་ནས་བསྐྲུན་པའི་ནུས་རྒྱུ་གཙང་མའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞིས་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད་པ་དང་། སླད་ཕྱིན་ནུས་གསོག་དང་། རླུང་འཁོར། རྒྱུན་སྒྱུར་ཡོ་བྱད་སོགས་རྩེར་སོན་སྒྲིག་ཆས་བོད་དུ་རིམ་བཞིན་བཟོ་སྐྲུན་བྱ་རྒྱུ་ཡིན་པ་རེད། མེ་ཏོག་རྫོང་དུ་ཧྥུ་ཅན་དང་ཀོང་ཏུང་གིས་མཉམ་དུ་རོགས་སྐྱོར་བྱས་ཏེ་ས་གནས་དེ་གར་ཇ་ཤིང་གི་ཤིང་རིགས་ནང་འདྲེན་བྱེད་རོགས་བྱས་པ་མ་ཟད། ཇའི་ཐོན་ལས་ཀྱི་ཚད་གཞི་ཁག་18བཟོས་ནས་མེ་ཏོག་གི་ཇ་ལོ་དེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི“གསེར་གྱི་ལོ་མར”འགྱུར་བ་བྱས་ཡོད།

ཁ་གཏད་བོད་སྐྱོར་གྱིས་དམངས་འཚོའི་བདེ་སྐྱིད་རྒྱུན་མཐུད་ངང་ཆེ་རུ་བཏང་བ། བོད་སྐྱོར་མ་དངུལ་དང་རྣམ་གྲངས་80%ཡན་ནི་དམངས་འཚོ་དང་གཞི་རིམ། ཞིང་འབྲོག་ཁུལ་བཅས་ལ་ཕྱོགས་ལྷུང་བྱས་ཡོད་པས། མཐོ་སྒང་འབྱུང་ཁམས་ཀྱི་སྲུང་ར་ཉིན་རེ་བཞིན་བརྟན་དུ་ཕྱིན་ཡོད་པ་དང་། སྨན་བཅོས་ཤེས་ལྡན་མི་སྣ་དང་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྱི་ཁེ་ཕན་དེ་མི་རིགས་ཁག་གི་མང་ཚོགས་ཚང་མས་ལོངས་སྤྱོད་ཐུབ་ཡོད་པ་དང་། རིགས་ཁག་400ལྷག་ཙམ་གྱི“ནད་གཞི་ལྕི་པོ”བོད་ལྗོངས་ནས་སྨན་བཅོས་བྱེད་ཐུབ་པ་དང་རྒྱུན་མཐོང་གི“ནད་གཞི་ཆུང་གྲས”རྫོང་རིམ་པའི་སྨན་ཁང་དུ་སྨན་བཅོས་ཐུབ་པ་རིམ་བཞིན་མངོན་འགྱུར་བྱུང་ཡོད། གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭར་ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་སློབ་གྲྭས་མཉེན་ཆས་དང་མཁྲེགས་ཆས་ཀྱི་ཆུ་ཚད་མཐོ་རུ་བཏང་ཡོད་པ་མ་ཟད། ཧྥུ་ཏན་སློབ་གྲྭ་ཆེན་མོ་དང་ཐུང་ཅི་སློབ་གྲྭ་ཆེན་མོ་སོགས་ཀྱི་མཐོ་སློབ་དང་མཉམ་ལས་བྱས་ཏེ། མི་ཐབས་རིག་ནུས་དང་3Dགསར་གཏོད་ཚོད་ལྟ་ཁང་སོགས་ཁྱད་ལྡན་སློབ་ཚན་བཀོད་སྒྲིག་བྱས་ཡོད།

རི་ཀླུང་མང་པོ་བརྒལ། སྐལ་བཟང་མེ་ཏོག་བཞད། 2024ལོའི་ལོ་སྟོད་དུ། བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྒྱུན་མཐུད་ལེགས་པོ་བྱུང་བ་དང་། བོད་ལྗོངས་དཔལ་འབྱོར་གྱི་ལོ་རེའི་ཆ་སྙོམས་འཕར་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། འབྱུང་འགྱུར་ལ་ཁ་ཕྱོགས་ནས། བོད་ལྗོངས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བཞིན་ཡོད་པ་དང་། བརྟན་ལྷིང་དང་། གོང་འཕེལ། འབྱུང་ཁམས། མཐའ་བརྟན་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་། མཐོ་སྒང་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་གྱི་སྔོན་སྐྱོད་ཁུལ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་གི་བྱ་སྤྱོད་དཔེ་སྟོན་ཁུལ་བཅས་འབད་བརྩོན་ཆེན་པོས་གཏོད་བཞིན་ཡོད། །


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号