གནམ་གྲུ་འདི་མཚོ་བོད་ས་མཐོར་ཚོད་ལྟའི་འཕུར་སྐྱོད་བྱེད་མགོ་ཚུགས།

2024ལོའི་ཟླ8པའི་ཚེས21ཉིན། ཀྲུང་གོའི་ཚོང་སྤྱོད་གནམ་གྲུ་ཀུང་སིའིARJ21རྟགས་ཅན་གྱི་གནམ་གྲུ་ཞིག་སི་ཁྲོན་ཁྲེང་ཏུའུ་ཡི་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་འཕུར་ཏེ་སྐར་མ50ཡི་རྗེས་སི་ཁྲོན་རྔ་བ་ཁྱུང་མཆུ་གནམ་ཐང་དུ་བདེ་བླག་ངང་འབྱོར་ཡོད།  དེའི་ཐོག་ནས་དུས་ཡུན་ཟླ་གཅིག་རིང་གིARJ21རྟགས་ཅན་གྱི་གནམ་གྲུའི“མཚོ་བོད་ས་མཐོ་སྐོར་བའི” ཚོད་ལྟའི་འཕུར་སྐྱོད་དངོས་སུ་བྱེད་མགོ་ཚུགས་པ་མཚོན་ཡོད།

བཀོད་སྒྲིག་བྱས་པར་གཞིགས་ན། ཐེངས་འདིའི་ཚོད་ལྟའི་འཕུར་སྐྱོད་བྱེད་རིངARJ21རྟགས་ཅན་གྱི་གནམ་གྲུས་སི་ཁྲོན་ཁྲེང་ཏུའུ་དང་མཚོ་སྔོན་ཟི་ལིང་། བོད་ལྗོངས་ལྷ་ས་བཅས་འཁོར་སྐྱོད་རྟེན་གཞིར་བྱས་ནས། བོད་ལྗོངས་དང་སི་ཁྲོན། མཚོ་སྔོན། ཀན་སུའུ་བཅས་ཀྱི་ས་བབ་ཧ་ཅང་མཐོ་བའི་གནམ་ཐང་མང་པོར་འཕུར་སྐྱོད་བྱ་རྒྱུ་ཡིན་ཞིང་། ས་བབ་ཧ་ཅང་མཐོ་བའི་གནམ་ཐང་དང་ས་བབ་ཧ་ཅང་མཐོ་བའི་མཁའ་ལམ་ལ་འཚམ་མཐུན་རང་བཞིན་དང་། གནམ་ཐང་གི་ས་ངོས་ཞབས་ཞུའི་སྒྲིག་ཆས་ལ་འཚམ་མཐུན་རང་བཞིན། དམིགས་བསལ་འཕུར་སྐྱོད་གོ་རིམ་ལ་འཚམ་མཐུན་རང་བཞིན་བཅས་ཀྱི་ཐད་ར་སྤྲོད་གང་ལེགས་བྱས་ཏེ། ས་བབ་མཐོ་བའི་ས་ཁུལ་གྱི་འཁོར་སྐྱོད་དགོས་མཁོ་དེ་བས་ལེགས་པ་དང་དེ་བས་ཁྱོན་ཡོངས་སྒོ་ནས་བསྐང་རྒྱུ་རེད།

ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་གཏན་འབེབས་ལྟར་ན། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2438དང་དེ་ཡན་ཡོད་པའི་གནམ་ཐང་ནི་ས་བབ་ཧ་ཅང་མཐོ་བའི་གནམ་ཐང་ལ་ཟེར་གྱི་ཡོད་ཅིང་། རང་རྒྱལ་དུ་ས་བབ་ཧ་ཅང་མཐོ་བའི་གནམ་ཐང་ཁྱོན25ཡོད་པ་དེས་གོ་ལ་ཧྲིལ་པོའི་ས་བབ་ཧ་ཅང་མཐོ་བའི་གནམ་ཐང(རྒྱུག་ལམ་རིང་ཚད་སྨི2000ཡན)བསྡོམས་འབོར་གྱི50%ཡན་བཟུང་ཡོད།  ས་མཐོའི་ས་ཁུལ་དུ་མཁའ་རླུང་དཀོན་པ་དང་ས་བབ་ཆགས་ཚུལ་རྙོག་འཛིང་ཆེ་བ། གནམ་གཤིས་ལ་འགྱུར་ལྡོག་ཆེ་བ་བཅས་ཀྱི་དབང་གིས་གནམ་གྲུའི་གཤིས་ནུས་དང་གནམ་གྲུའི་ལས་དོན་མི་སྣའི་ཐོབ་ཐང་། འཁོར་སྐྱོད་འགན་ལེན་ནུས་པ་བཅས་ཐད་ཀྱི་བླང་བྱ་ཧ་ཅང་མཐོན་པོ་ཡོད།  2024ལོའི་ཟླ7པའི་ཚེས2ཉིན། ཁྲེང་ཏུའུ་མཁའ་འགྲུལ་ཀུང་སིའིARJ21རྟགས་ཅན་གྱི་གནམ་གྲུས་ས་བབ་ཧ་ཅང་མཐོ་བའི་དུས་གཏན་གནམ་གྲུའི་ལན་གྲངས་ཐོག་མ་སྟེ། ཤིན་ཅང་ཁ་ཧྲི་ནས་ཐ་ཧྲི་ཁུར་ཀན་བར་ཕར་འཕུར་ཚུར་འཕུར་བྱས་པ་དང་། མིག་སྔའི་བར་དུས་གཏན་གནམ་གྲུའི་ལན་གྲངས་དེ་འཁོར་སྐྱོད་གནས་ཚུལ་ཡག་པོ་ཡོད་ཅིང་། ས་གནས་དེ་གའི་མི་དམངས་ཀྱི་འགྲོ་སྐྱོད་ཐད་སྟབས་བདེ་བསྐྲུན་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ས་མཐོའི་ས་ཁུལ་གྱི་དམངས་སྤྱོད་མཁའ་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ་རིམ་བཞིན་ཆེ་རུ་ཕྱིན་པར་མ་ཟད། ས་བབ་ཧ་ཅང་མཐོ་བའི་གནམ་ཐང་དང་ས་བབ་ཧ་ཅང་མཐོ་བའི་མཁའ་ལམ་དང་འཚམ་པའི་གནམ་གྲུའི་དགོས་མཁོ་ཡང་ཉིན་བཞིན་ཆེ་རུ་ཕྱིན་ཡོད། ARJ21རྟགས་ཅན་གྱི་གནམ་གྲུ་ཐོག་མར་ཇུས་འགོད་བྱེད་སྐབས་རང་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་གྱི་འཁོར་སྐྱོད་གནས་ཚུལ་ལ་བསམ་གཞིག་བྱས་ནས། ས་མཐོའི་གཤིས་ནུས་དེ་དམིགས་ཚད་གལ་ཆེན་དུ་བརྩིས་ཡོད་པར་མ་ཟད། ཡུན་ནན་དང་ཤིན་ཅང་སོགས་ས་ཁུལ་དུ་ཚོད་ལྟའི་འཕུར་སྐྱོད་བྱས་ཡོད། ཐེངས་འདིའི“མཚོ་བོད་ས་མཐོ་སྐོར་བའི”ཚོད་ལྟའི་འཕུར་སྐྱོད་ཀྱིས་གནམ་གྲུ་དེའི་ས་མཐོའི་འཁོར་སྐྱོད་གཤིས་ནུས་ཐད་སྔར་བས་ར་སྤྲོད་ཐུབ་རྒྱུ་ཡིན་ཞིང་། རྒྱལ་ཐོན་ཚོང་སྤྱོད་གནམ་གྲུ་ས་བབ་ཧ་ཅང་མཐོ་བའི་མཁའ་ལམ་དེ་བས་མང་བར་ཤར་གཏོང་ཐུབ་རྒྱུ་དང“མཐའ་མཚམས་ཀྱི་མྱུར་བགྲོད་ལམ་ཐིག”ལག་བསྟར་བྱེད་ཤུགས་མགྱོགས་སུ་གཏོང་རྒྱུར་རྨང་གཞི་འདིང་རྒྱུ་ཡིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号