2024ལོའི་ཁྲི་འདུ་རྫོང་གི་བྱིས་པའི་རིག་རྩལ་སྤྲོ་ཚོགས«རེ་བའི་སྐར་མ་ཆུང་ཆུང»ཕབ་སྐྲུན་འཁྲབ་སྟོན་བྱས།

ཟླ8པའི་ཚེས16ཉིན་གྱི་དགོང་མོར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་གི་ཁྲི་དབང་གྲོང་རྡལ་དུ་གློག་འོད་རྣམ་པར་བཀྲ་བ་སྐར་ཚོགས་མགྲོན་དུ་སླེབས་པ་དང་མཚུངས་ལ། མི་ཚོགས་ཀྱི་འདུ་འཛི་ཆེ་ཞིང་རྒྱན་གོས་ཀྱིས་རྣམ་པར་བརྒྱན་པ་ལྷ་ལྷ་མོ་ལྷ་ལས་བབས་པ་བཞིན། སྒ་ཇོ་བོའི་ལུས་རྩལ་ར་བར་བསྐྱོད་བཞིན་འདུག དེ་ནི་ཁྲི་འདུ་རྫོང་གི་བྱིས་པའི་རིག་རྩལ་སྤྲོ་ཚོགས«རེ་བའི་སྐར་མ་ཆུང་ཆུང»ཚོགས་པའི་ཡུལ་དངོས་ཡིན་འདུག

ཁྲི་འདུ་རྫོང་གི་བྱིས་པའི་རིག་རྩལ་སྤྲོ་ཚོགས«རེ་བའི་སྐར་མ་ཆུང་ཆུང»འདི་ནི། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ། སློབ་རའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ལ་དམིགས་ནས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁྲི་འདུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་བསྒྲུབས་པ་ཡིན་ལ། ཟླ་བ་གཉིས་ལྷག་གི་རིང་ཐོག་མའི་འཆར་བཀོད་དང་བར་གྱི་ནང་དོན་གཏན་ཕབ། ཕྱི་མའི་སྤྲོ་ཚོགས་གྲ་སྒྲིག་སོགས་གནད་དུ་ཐིངས་པ་བྱས་ཏེ་དབུ་ཁྱུད་ལེགས་པོར་བྲིས།

ད་ཐེངས་ཀྱི་རིག་རྩལ་སྤྲོ་ཚོགས་ཐད་ཁྲི་འདུ་རྫོང་སློབ་གསོ་ཅུའུ་ཡིས་རྒྱབ་སྐྱོར་བླ་ལྷག་བྱས་ཏེ་རྫོང་ཡོངས་ཀྱི་སློབ་གྲྭ་བཅོ་བརྒྱད་དང་། སློབ་མ་ལྔ་བརྒྱ་ལྷག་ཞུགས་ཡོད་ལ། ལང་ཚོའི་མེ་ཏོག་རབ་ཏུ་བཞད་ཅིང་སྤྲོ་དགའི་འཛུམ་བག་ལྷུག་པོར་གྲོལ་བའི་སློབ་མ་རྣམས་ཀྱིས་དཀའ་ཚེགས་ཀྱི་འཁྲབ་སྦྱོང་སོགས་ལ་ཚེགས་སྣང་མེད་པར། རང་ཉིད་ཀྱི་དགའ་བ་དང་རྩལ་ནུས་ཡོད་ཚད་གར་སྟེགས་སྟེང་ནས་མངོན་པར་བསྟན།

བྱིས་པའི་རིག་རྩལ་སྤྲོ་ཚོགས་འདིའི་སྟེང་། ཁྲི་འདུ་རྫོང་གི་སློབ་གྲྭ་སོ་སོ་ནས། རིག་རྩལ་གྱི་རྩེད་མོ་བསལ་འདེམས་བྱས་ཤིང་། ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བའི་བྲོ་གར་ཏེ། པད་ལུང་བྲོ་དང་དཔའ་བོ་དཔའ་མོ། གེ་སར་སྒྲུང་། ཟློས་གར་སོགས་གཞི་བྱས་པ་དང་། དེང་གི་བྱིས་བློར་འཚམ་ཞིང་གསར་གཏོད་རང་བཞིན་ལྡན་པའི་མཐུན་པ་སྤུན་བཞི་དང་ཤོག་བྱ་ཆུང་ཆུང་སོགས་གསར་རྩོམ་བྱས་ཏེ་འཁྲབ་སྟོན་གྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བྱིས་པ་རྣམས་འཚར་ལོངས་ཡག་པོ་འབྱུང་རྒྱུ་ནི། ང་ཚོའི་སྨོན་འདུན་ཆེས་ཆེ་བ་དེ་ཡིན།”ཞེས་གསུངས་པ་ལྟར། བྱིས་པ་ནི་མ་འོངས་པའི་བདག་པོ་དང་རེ་བ་ཡིན་ལ། ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུ་ནི། ང་ཚོའི་འགན་འཁྲི་ཉག་ཅིག་ཡིན་པ་དང་། བྱིས་པ་དག་ལ་ཤེས་རབ་ཀྱི་འོད་སྣང་བསྩོལ་བ་ནི། མ་འོངས་རྒྱལ་ཁབ་ཇེ་དར་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བའི་གཞི་རྩ་ཡིན་པ་རེད།

རིག་རྩལ་སྤྲོ་ཚོགས་འདི་མཚོ་སྔོན་བོད་སྐད་རླུང་འཕྲིན་དང་ཨ་མདོ་བརྙན་འཕྲིན་གཉིས་ཀྱི་སྐད་འཕྲིན་བརྙན་ལམ་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་། ཁྲི་འདུ་རྫོང་སྨྱན་སྦྱོར་ལྟེ་གནས་བཅས་ནས་དུས་མཉམ་དུ་ཐད་གཏོང་བྱས་པས། དྲ་དམངས་འབུམ་ཕྲག་གི་དགའ་བའི་གསོས་དང་སྤྲོ་བའི་བདུད་རྩི་རུ་གྱུར་ཏེ་ཡིད་དབང་རབ་ཏུ་ཚིམ་པ་བྱས་སོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号