མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ལྟ་ན་སྡུག་པའི་མཛེས་ལྗོངས།

སྔོ་བསངས་ཀྱི་མཚེའུ་དང་ལྗང་མདོག་གི་རི་བོའི་བར་ནི་མཚོ་སྔོན་པོའི་ཉི་ཤར་ལ་ལྟ་ས་ཆེས་ལེགས་པོ་ཡིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་ནི་ཚང་མའི་དོ་སྣང་བྱ་ཡུལ་དུ་གྱུར་ཡོད་པར་མ་ཟད། “ཉི་ཤར་གྲོང་རྡལ”གྱི་སྙན་གྲགས་ཐོབ་ཡོད། ཞོགས་པར་ཉི་མ་མཚོ་ངོས་ལས་ཤར་པ་ན་ནམ་མཁའ་དང་མཚོ་མོ་གཅིག་ཏུ་འདྲེས་ཏེ་པིར་རིས་ཤིག་དང་འདྲ། དྲ་གྲོགས་རྣམས་ཀྱིས་ཉི་ཤར་མཛེས་ལྗོངས་གྲོགས་ཚོམས་སུ་བསྐུར་བ་དང་བསྟུན་ནས། ཡུལ་སྐོར་པ་ཚོགས་དང་ཚོགས་བྱས་ཏེ་ཡུལ་དེར་སླེབས་ཤིང་། དེ་ནི་སྐྱེ་ཁམས་ཡུལ་སྐོར་གྱིས་འཕེལ་རྒྱས་དང་དམངས་འཚོར་སྣེ་ཁྲིད་བྱས་པ་ཡིན་ལ། སྐྱེ་ཁམས་སྲུང་སྐྱོབ་ཐད་ལའང་དོན་སྙིང་ཆེན་པོ་ལྡན།

རྟ་ནག་མ་ནི་ཉི་ཤར་ལ་ལྟ་ས་ཡིན་པས་མིང་དུ་གྲགས། ད་ལྟ་ལེགས་ཆ་དེ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ཀྱི་རིན་ཐང་ཆེས་ཆེ་བ་མངོན་འགྱུར་བྱས་ཡོད། རྟ་ནག་མ་ལབ་ཙེ་ཁའི་ལྟད་མོ་ལྟ་ས་རུ་ཐོན་དུས། ཡུལ་སྐོར་པ་རྣམས་གྲལ་ཕྲེང་རིང་པོ་བསྒྲིགས་ཤིང་ཡུལ་སྐོར་རླངས་འཁོར་དུ་བསྡད་དེ་གོ་རིམ་ལྡན་པའི་སྒོ་ནས་ལྟད་མོ་ལྟ་ས་རུ་འགྲོ་བཞིན་འདུག  རྟ་ནག་མ་གྲོང་རྡལ་གྱི་དམངས་ཆེན་ཀྲུའུ་ཞི་ཡའོ་ཙུན་རོང་གིས“ན་ནིང་གི་ཟླ7པ་ནས་ལྟད་མོ་བལྟ་ས་དེ་ཚོད་ལྟའི་ཚུལ་དུ་བཙུགས་པ་ནས་ད་ལོའི་ཟླ5པའི་བར། ཡུལ་སྐོར་ཡོང་སྒོ་སྒོར་ཁྲི850བླངས་ཡོད”ཟེར།

རྟ་ནག་མ་ལབ་ཙེ་ཁའི་ལྟད་མོ་བལྟ་ས་ཡིས་རྟ་ནག་མ་གྲོང་རྡལ་གྱི་བུམ་པ་དེའུ་དང་བྲག་འཁྱོག རྒྱབ་ལུང་། རྭ་འཁྱོག་བཅས་སྲིད་འཛིན་སྡེ་བ4ལ་མཉམ་དུ་ཕན་ཐོགས་ཤིང་། “ཏང་རྩ་འཛུགས+མཉམ་འབྲེལ་མཉམ་ལས་ཁང(སྤྱི་གཉེར་ཁང)+ཞིང་ཁྱིམ”གྱི་གཉེར་སྟངས་ལ་བརྟེན་ནས་ན་ནིང་སྡེ་བ་རེར་སྒོར་ཁྲི100ཡི་ཁེ་སྤོགས་བགོས་པ་དང་། དེ་དག་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་བའི་སྟེང་བཀོལ་ཡོད།

ཏང་འཛུགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་ལ་སྣེ་འདྲེན་པ་རྒྱུན་འཁྱོངས་བྱས་ཏེ། ཀྲི་པུའུ་དེ་ཐོན་ལས་ཀྱི་མུ་ཕྲེང་སྟེང་དུ་འཛུགས་པ་དང་ཏང་ཡོན་ཡང་ཐོན་ལས་ཀྱི་མུ་ཕྲེང་སྟེང་དུ་འཛོམས་པ། ཞབས་འདེགས་ཀྱང་ཐོན་ལས་ཀྱི་མུ་ཕྲེང་སྟེང་དུ་ཞུ་བ་བཅས་ལ་ཧུར་བརྩོན་གྱིས་སྐུལ་འདེད་བཏང་བ་དང་། “1+4+N”ཡུལ་སྐོར་ཐོན་ལས་ཀྱི་ཏང་འཛུགས་མནའ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། བུམ་པ་དེའུ་དང་བྲག་འཁྱོག རྒྱབ་ལུང་། རྭ་འཁྱོག་བཅས་ཀྱི་སྲིད་འཛིན་སྡེ་བ4པོའི་སྔར་ཡོད་ཀྱི་མ་རྐང་མཉམ་ལས་ཁང་ཧྲག་སྡེབ་བྱས་ཤིང་། སྡེ་བའི་ཏང་ཀྲི་པུའུ4ལ་མཛུབ་སྟོན་བྱས་ཏེ་མཚོ་སྔོན་གྱི་ཉི་ཤར་རིག་གནས་ཡུལ་སྐོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་དང་། སྡེ་བ་སོ་སོའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྤྱི་གཉེར་ཁང་གི་འགན་འཁུར་གཅིག་ལྕོགས་སུ་ཁུར་ནས། མནའ་ཆིངས་འཇོག་པ་དང་མཉམ་ཞུགས་གྲོས་ཚོགས་འཚོགས་པ་སོགས་ཀྱི་རྣམ་པས་མཉམ་དུ་ཉི་ཤར་ལྗོངས་ཁུལ་གྱི་ཚོང་གཉེར་ལས་འགན་འཁུར་བཞིན་ཡོད།

རྟ་ནག་མ་གྲོང་རྡལ་གྱི་འཕེལ་རྒྱས་ལ་ཐད་ཀར་བལྟས་ན། སྐྱེ་ཁམས་ཡུལ་སྐོར་ནི་རྗེས་འཕེལ་དགེ་མཚན་ཚད་ལས་བརྒལ་བའི་ཐོན་ལས་ཤིག་ཡིན་པས་ཡུལ་སྐོར་ཚོང་གཉེར་ཡོང་འཕར་ལ་སྣེ་ཁྲིད་བྱས་ཡོད་པར་མ་ཟད། མཐའ་འཁོར་མང་ཚོགས་ལ་ཁྱིམ་ཚང་གི་སྒོ་ཁ་རུ་ལས་ཀར་ཞུགས་པ་དང་འཚོ་བ་རོལ་བའི་གདམ་གསེས་ཀྱང་ཇེ་མང་དུ་བཏང་ཡོད།  རྟ་ནག་མ་གྲོང་རྡལ་རྒྱབ་ལུང་སྡེ་བའི་འཇིགས་མེད་རྣམ་རྒྱལ་གྱིས་ལྗོངས་ཁུལ་ནས་ཚོང་ཁང་ཞིག་གླས་ཏེ་ཚོང་གཉེར་བྱེད་བཞིན་ཡོད། ན་ནིང་ཟླ་ངོ་གཉིས་ཀྱི་རིང་ལ་སྒོར་ཁྲི1.9བླངས་པ་དང་། ཡོང་སྒོ་བླངས་རྗེས་ད་ལོ་མུ་མཐུད་དུ་ཚོང་གཉེར་རྩིས་ཡོད། ཁོས་ཚོད་དཔག་བྱས་ན་ཟླ་ངོ་འགའི་ནང་དུ་ཡོང་སྒོ་ལེགས་པོ་ཞིག་ལེན་ཐུབ།

རྟ་ནག་མ་ལབ་ཙེ་ཁའི་ལྟད་མོ་ལྟ་ས་ཡིས་གནས་ཤིག་གིས་ཡུལ་ཞིག་ཁྲིད་པའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད། སྲིད་འཛིན་སྡེ་བ4ཡི་སྔོན་ཆད་ཀྱི“གཅིག་པུས་རྒོལ་བ”ནས“ཚོགས་སྒྲིལ་འཕེལ་རྒྱས”ཀྱི་བཟང་ཕྱོགས་སུ་འགྱུར་བ་མངོན་འགྱུར་བྱས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་པ་དང་། སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་གྲོང་རྡལ་འཛུགས་སྐྲུན་བྱེད་པ་དམིགས་འབེན་དུ་འཛིན་པ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་གཙོ་ཐིག་བྱེད་པ་བཅས་ཀྱིས་ཉི་ཤར་བལྟ་སའི་སྤུས་འདེགས་རིམ་འཕར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་།

ཡའོ་ཙུན་རོང་གིས་གསར་འགོད་པར། “ཕྱོགས་གཅིག་ནས་ལས་རྣམ་སྔར་བས་འཐུས་ཚང་དུ་འགྱུར་བར་སྐུལ་འདེད་བཏང་བ་དང་། ཕྱོགས་གཞན་ཞིག་ནས་གྲོང་རྡལ་ཡུལ་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པས། མིག་སྔར་སྲིད་འཛིན་སྡེ་བ4ཡི་ཐོན་ལས་འཕེལ་རྒྱས་གྲོང་རྡལ་དུ་སྤར་ནས། བཟའ་བཏུང་དང་ཞག་སྡོད། ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་སོགས་གཞི་གཅིག་ཏུ་འདུས་པའི་ཐོན་ལས་ར་བ་ཆེན་པོར་མཉམ་དུ་མ་དངུལ་བཏང་སྟེ་བསྐྲུན་ནས། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས། གྲོང་གསེབ་དར་སྤེལ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་རྒྱུ་ཡིན”ཟེར།

རི་ཆུའི་ཐོན་ཁུངས་དེ་དཔལ་འབྱོར་གྱི་ཕན་འབྲས་སུ་བསྒྱུར་བ་ནི། ཆུ་དྭངས་རི་སྔོ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་ཡིན་ལ། ཐོན་ལས་ཀྱི་འཕེལ་རྒྱས་ལ་དཔལ་འབྱོར་གྱི་ཕན་འབྲས་ཐད་ཀར་བླངས་པ་ལས་གཞན། ཚད་རིམ་ངེས་ཅན་ཞིག་གི་སྟེང་ནས་མཐའ་འཁོར་གྱི་བཟའ་བཏུང་དང་སྡོད་ཁང་སོགས་ཀྱི་ལས་རྣམ་རྒྱུག་པོར་བཏང་བའང་ཡིན།

བུམ་པ་འགྲུལ་ཁང་ནི་རྟ་ནག་མ་གྲོང་རྡལ་བུམ་པ་དེའུ་སྡེ་བའི་ཐུན་མོང་ཐོན་ལས་ར་བ་རེད། མཚོ་སྔོན་པོ་དང་ཧ་ལམ་སྤྱི་ལེ4མ་གཏོགས་མེད་པས་འགྲུལ་ཁང་དེ་ནི་ཡུལ་སྐོར་པ་རྣམས་ཞག་འདུག་བྱས་ཏེ་མཚོ་ལ་ལྟ་ས་ཆེས་ལེགས་པོ་ཞིག་ཏུ་གྱུར་ཡོད། བུམ་པ་དེའུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་རྡོ་གྲུབ་ཚེ་རིང་གིས། བུམ་པ་འགྲུལ་ཁང་ནི་སྡེ་བའི་ཐུན་མོང་ཐོན་ལས་ཡིན་ལ། 2019ལོའི་ཟླ6པར་གཞན་ལ་གླས་པ་ཡིན། གླ་ཡུན་ལོ་ངོ6ཡིན་ལ། ཡོང་སྒོ་སྒོར་ཁྲི200མངོན་འགྱུར་བྱེད་ཐུབ། མིག་སྔར་སྡེ་བའི་ནང་དུ་སྒེར་གཉེར་འགྲུལ་ཁང་ཡང་ཧ་ལམ15ཡོད་ལ། ཡོང་སྒོའང་མངོན་གསལ་གྱིས་འགྱུར་ལྡོག་བྱུང་ཡོད་ཟེར།

སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ནི་མཚོ་སྔོན་གྱི་ཆེས་དགེ་མཚན་ལྡན་པའི་ལྗང་མདོག་ཐོན་ལས་སུ་གྱུར་ལ། རི་ཆུའི་ཐོན་ཁུངས་ལ་རིན་ཐང་ལྡན་ཞིང་ཡོང་སྒོ་བསྐྲུན་ཐུབ་པ་ལག་ལེན་གྱིས་ར་སྤྲོད་བྱས་ཡོད། ད་ལྟ་རྒྱ་ཆེའི་མཚོ་སྐོར་མང་ཚོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་བཟང་པོར་བརྟེན་ནས། འཕེལ་རྒྱས་ཀྱི་གོ་སྐབས་སྔར་ལས་མང་པོ་རྙེད་ཡོད་པས་ཧ་ཅང་དགའ་ཡོད། སྲོལ་རྒྱུན་གསོ་སྤེལ་ལས་རིགས་ནས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་ལ་ཞུགས་ཏེ་ལས་རྣམ་ཉིན་རེ་བཞིན་འཐུས་ཚང་དུ་གཏོང་བའི་ཁྲོད་དུ་ཡོང་སྒོའི་གྲུབ་ཚུལ་ལ་འགྱུར་ལྡོག་མངོན་གསལ་བྱུང་བར་མ་ཟད། ལྟ་བ་དང་རིག་ལམ་ལའང་ཉིན་རེ་བཞིན་འགྱུར་ལྡོག་བྱུང་བ་དང་། ལྗང་མདོག་འཕེལ་རྒྱས་ནི་རྟག་བརྟན་གྱི་བརྗོད་དོན་དུ་གྱུར་ཡོད།

མཉམ་དུ་སྲུང་སྐྱོབ་བྱས་པ་ལས་སྒོ་འབྱེད་རྒྱ་ཆེར་མི་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གུས་ཞེད་ཀྱི་བསམ་པས་སྐྱེ་ཁམས་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་ལུགས་མཐུན་གྱིས་ཡུལ་སྐོར་འཕེལ་རྒྱས་གཏོང་བ། ཡང་དག་གི་རིག་ལམ་གྱིས་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་བ་བཅས་བྱེད་དགོས། མ་འོངས་པའི་འཆར་འགོད་ཁྲོད། རྟ་ནག་མ་གྲོང་རྡལ་གྱིས་ས་ཁོངས་དང་ཐོན་ཁུངས། ཐོན་ལས་གསུམ་གྱི་དགེ་མཚན་བསྟུད་མར་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་དང་སྐྱེ་ཁམས་ཚན་རིག་ཁྱབ་གདལ་གཏོང་བ་གཉིས་མཉམ་དུ་འཛིན་པ། སྲོལ་རྒྱུན་གྱི་ལྟད་མོར་ལྟ་སྟངས་ནས་གཅིག་བསྡུས་དང་རྒྱུན་སྐྱོང་ཐུབ་པའི་སྐྱེ་ཁམས་ཡུལ་སྐོར་ལ་སྤུས་འདེགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལག་ལེན་སྔར་ལས་གསོན་ཉམས་ལྡན་དུ་འཇུག་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号