དཀོན་ལོ་ཚང་གོང་མ་གྲོང་ཚོའི་ནས་བསྙལ་སྦི་རག་ལྕགས་ཀྲིན་ཁྲི་གསུམ་ལྷག་ཙམ་འཚོང་འགོ་ཚུགས་པ་རེད།

ཟླ7པའི་ཚེས6ཉིན་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་གྲོང་ཚོའི་བཅའ་སྡོད་ཧྲུའུ་ཅི་དང་པོ་ཀྲང་མིང་གིས་གསར་འགོད་པར་དཀོན་ལོ་ཚང་གོང་མ་གྲོང་ཚོའི་སྤུས་ལེགས་སྦི་རག་བཟོ་གྲྭས་ཐོན་སྐྱེད་བྱས་པའི“བག་དྲོ་ཡག”སྤུས་ལེགས་ནས་བསྙལ་སྦི་རག་ལྕགས་ཀྲིན་ཁྲི་གསུམ་ལྷག་ཐོན་སྐྱེད་སྒྲུབ་རིམ་ནས་ཐོན་ཏེ། དཀོན་ལོ་ཚང་གོང་མ་ཚང་གི་དྲ་རྒྱའི་ཐད་གཏོང་རྟེན་གཞི་དང་། ཧྲེང་ཆོན་ཝན་སྒར་རྒྱག་རྟེན་གཞི་སོགས་ཚོང་ར་དང་མཛེས་ལྗོངས་ཁུལ་དུ་ཕྱིར་ཚོང་བྱེད་འགོ་ཚུགས་པ་རེད།

 ངོ་སྤྲོད་བྱས་པར་གཞིགས་ན། དཀོན་ལོ་ཚང་གོང་མ་གྲོང་ཚོའི་སྤུས་ལེགས་ནས་བསྙལ་སྦི་རག་ཐོན་ལས་འཛུགས་སྐྲུན་རྣམ་གྲངས་ནི་ཧྲན་ཏུང་ཞིང་ཆེན་གྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གྲོང་གསེབ་ཐོན་ལས་ཀྱི་གཙོ་གནད་རོགས་སྐྱོར་རྣམ་གྲངས་ཤིག་ཡིན་པ་དང་། མ་དངུལ་བསྡོམས་འབོར་སྒོར་ཁྲི989བཏང་ཞིང་། སྤུས་ལེགས་ནས་བསྙལ་སྦི་རག་ཐོན་སྐྱེད་སྒྲིག་ཆས་ཆ་ཚང་དང་དེ་བཞིན་ཞོར་གཏོགས་སྒྲིག་ཆས་གཞན་དག་སྒྲིག་སྦྱོར་བྱས་པས་ལོ་རེར་སྦི་རག་ཏུན950ཐོན་སྐྱེད་བྱེད་བཞིན་ཡོད། “བག་དྲོ་ཡག”ནས་བསྙལ་སྦི་རག་ལ་ད་ཆ་སྦི་རག་དཀར་པོ་དང་སྦི་རག་ནག་པོ་རིགས་གཉིས་ཡོད། ས་གནས་དེ་གའི་དམིགས་བསལ་དུ་ཡོད་པའི་ནས་ཐོན་ཁུངས་དང་ས་བབ་མཐོ་བའི་སྦགས་བཙོག་མེད་པའི་ཆུ་མིག་རྒྱུ་ཆར་བྱས་ཏེ་སྤུས་ལེགས་ཀྱི་གྲོ་མྱུ་གུ་དང་སྦི་རག་མེ་ཏོག་སྤྱོད་ཀྱི་ཡོད། ཟུར་སྦྱོར་རྒྱུ་ཆ་གཞན་པ་གང་ཡང་བསྣན་མེད་པ་མ་ཟད། ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནི་འབུ་ཕྲ་མེད་པའི་མ་ལག་ནང་སྤེལ་གྱི་ཡོད་ལ། སྦི་རག་ནང་གི་འཚོ་རྒྱུ་སོགས་ཚ་སྐྱེན་དངོས་པོར་གཏོར་བཤིག་མི་ཕོག་པ་བྱེད་ཀྱི་ཡོད་དང་། སྦི་རག་ནང་གི་འཚོ་བཅུད་ཕུན་སུམ་ཚོགས་པོ་དང་བྲོ་བ་སོས་པ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་དཀོན་ལོ་ཚང་གོང་མ་གྲོང་ཚོའི“བག་དྲོ་ཡག”ནས་བསྙལ་སྦི་རག་ཐོན་ལས་ཀྱི་ཕན་འབྲས་དེ་གྲོང་ཚོ་རིམ་པའི་ཐོན་ལས་སྣ་ཚོགས་ཀྱི་ཕན་འབྲས་དང་རྩེག་སྣོན་བྱས་པས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་ལོ་འདིའི་ནང་སྒོར་ཁྲི་བརྒྱ་ལྷག་ལས་བརྒལ་བའི་རེ་བ་ཡོད། བྲིན་ཚོང་རྒྱ་ཆེར་གཏོང་ཆེད། འོམ་ཆུ་གྲོང་རྡལ་གྱིས་ཟླ7པའི་ཟླ་མཇུག་དང་ཟླ8པའི་ཟླ་སྟོད་དུ་རྐང་ཚ་དང་ཟི་ལིང་དུ་སོ་སོར“བག་དྲོ་ཡག”སྦི་རག་རོལ་དབྱངས་དུས་ཆེན་གཉེར་བས་ནས་བསྙལ་སྦི་རག་གི་སྐད་གྲགས་ཆོད་ཚད་མཐོ་རུ་གཏོང་བ་དང་། སྤུས་རྟགས་ཅན་གྱི་འཐབ་ཇུས་ལ་བརྟེན་ནས་ཐོན་ལས་མཐོ་རུ་གཏང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་རྒྱུན་མཐུད་ཁེ་བཟང་ནུས་པ་སྔར་བས་ཆེ་རུ་གཏང་རྒྱུ་རེད། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号