རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་སྐྱིད་པའི་འཚོ་བ།

མཐོ་སྒང་གི་དབྱར་མགོར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་སོང་བ་ན། སྡེ་བའི་བགྲོད་ལམ་གསར་པ་རེ་རེ་ཕྱོགས་བཞི་མཚམས་བརྒྱད་དུ་འཐེན་ཞིང་། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་ཁང་ཆུང་རེ་རེ་གྲལ་སྟར་བསྒྲིགས་ཏེ་ཡི་གར་འོང་ལ། ཁྱད་ལྡན་ཐོན་ལས་རེ་རེ་དབྱར་མཚོ་རྒྱས་པ་ནང་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པས། གྲོང་ཚོ་མཛེས་ཤིང་སྡེ་དམངས་ཕྱུག་ལ། གྲོང་སྲོལ་ལེགས་པའི་མཛེས་རིས་ཤིག་མཚོ་ངོགས་བོད་མཁར་དུ་ལྷོད་ཀྱིས་བཀྲམ་ཡོད།

དཀོན་ལོ་གོང་མ་སྡེ་བས་དྲིན་ཚོར་འབད་འཐབ་བྱས་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པར་གྱུར།

ཟླ6པའི་ཚེས4ཉིན། དཀོན་ལོ་གོང་མ་སྡེ་བ་རུ་དལ་བུར་སྐྱོད་དུས། རླུང་བུ་བསིལ་མོ་ཞིག་གིས་མདུན་ནས་བསུས་པས་སྣང་བ་སྔར་ལས་སྐྱིད་པོ་ཞིག་བྱུང་། “གནམ་གཤིས་ཇེ་དྲོར་སོང་རྗེས། སྡེ་མི་ཚང་མའང་ཁོམ་ལོང་མེད་པར་གྱུར”ཞེས་དཀོན་ལོ་གོང་མ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཀྲང་མིང་གིས་གདོང་ལ་འཛུམ་ཞིག་ལངས་བཞིན་དེ་སྐད་བཤད། ཁྱིམ་དུ་ནོར་ལུག་ཡོད་པའི་སྡེ་མི་ཚོ་ཉིན་འདི་འགར་རུ་སྤོར་བར་བྲེལ་ཞིང་། གཞོན་པ་ཚོ་སྡེ་བའི་ཐོན་ལས་ཀྱི་བཟོ་གྲྭའི་ནང་ལས་ཚོགས་སུ་འགྲོ་བཞིན་ཡོད་པས། རང་རང་སར་རང་རང་གི་ལས་ལ་བྲེལ་བཞིན་འདུག

སྡེ་བའི་སྦྲ་གུར་སྒར་ས་རུ་སླེབས་པ་ན། སྡེ་མི་ཛམ་ལྷ་ཚེ་རིང་གིས་སྒར་སའི་སྒྲིག་བཀོད་དོ་དམ་བྱེད་ཀྱིན་འདུག ཟླ5པའི་ཟླ་མགོར། སྒར་ས་དངོས་སུ་སྒོ་འབྱེད་ཚོང་གཉེར་བྱེད་མགོ་བརྩམས། སྒར་ས་རུ་ལས་ཚོགས་སུ་ཡོང་བའི་ཛམ་ལྷ་ཚེ་རིང་གིས་ཟླ་རེར་གླ་ཕོགས་སྒོར3200རེ་ལེན་ཐུབ་ཀྱིན་ཡོད། “སྡེ་བའི་འཕེལ་རྒྱས་ཇེ་བཟང་ནས་ཇེ་བཟང་རེད། ང་ཚོ་སྒོ་ཁ་རུ་ལས་ཀར་ཞུགས་ཐུབ་སོང་། ཏང་གི་སྲིད་ཇུས་བཟང་གི་ཡ”ཞེས་སྡེ་བའི་འགྱུར་ལྡོག་གླེང་སྐབས། འཚེར་སྣང་ཆེ་བའི་ཛམ་ལྷ་ཚེ་རིང་གིས་ཀྱང་སྐད་ཆ་མང་པོ་ཞིག་བཤད་སོང་།

2013ལོའི་ཡར་སྔོན་དུ། སྡེ་མི་མང་ཆེ་བ་འབྲོག་ཁུལ་དུ་འཚོ་སྡོད་བྱས་ཡོད་པར་མ་ཟད་སྡོད་ཁང་ཕལ་ཆེ་བ་གྱིག་རྩེའི་ཁང་པ་ཡིན། འགྲིམ་འགྲུལ་དང་འཚོ་བ། བྱིས་པ་སློབ་གྲྭར་སྐྱེལ་བ། རྒན་པ་སྨན་ཁང་དུ་སྟོན་པ་སོགས་ཚང་མ་སྟབས་བདེ་མིན། འབྲོག་པ་བདེ་འགོད་སྡེ་གསར་དང་རོང་འབྲོག་ཁུལ་གྱི་ཉེན་ཁང་བསྒྱུར་བཀོད་ལས་གཞི་སོགས་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། སྡེ་མི་ཚོ་སོ་ཕག་དམར་པོའི་ཁང་པའི་ནང་དུ་སྤར་ཏེ། འཚོ་བ་སྐྱིད་པོ་རོལ་ཐུབ་བྱུང་།

“ས་ཁང་དང་བྲལ་རྗེས། ཆུ་སྒོ་ཕྱེ་མ་ཐག་འབབ་པའི་རང་འབབ་ཆུ་ཡོད་ལ། ཁང་པའི་ནང་དུ་ཆུ་བཤལ་གསང་སྤྱོད་ཁང་ཡོད། དེ་ལྟར་ནའང་དང་ཐོག་མི་མང་པོ་ཞིག་སྔར་བཞིན་ཕྱིར་རྩྭ་ཐང་དུ་ལོག་སོང་།” ཛམ་ལྷ་ཚེ་རིང་གིས་མགོ་བོ་གཡུག་གཡུག་བྱས་རྗེས། སྔོན་ཆད་སྡེ་བའི་ནང་དུ་ཁང་སྟོང་མང་པོ་ལྷག་ཡོད་པའི་རྒྱུ་མཚན་བཤད་བྱུང་། སྡེ་མི་ཚོར་ལས་ཀ་ལས་རྒྱུ་མེད་པས་ཕྱིར་རྩྭ་ཐང་དུ་ཕྱུགས་འཚོ་རུ་བུད་སོང་།

གྲོང་གསེབ་དར་སྤེལ་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱས་པ་དང་བསྟུན་ནས། ཐོན་ལས་གཅིག་འཕྲོར་གཅིག་བྱུང་ལ། སྡེ་མི་ཚོ་ཡང་བསྐྱར་རྩྭ་ཐང་ནས་སྡེ་གསར་དུ་ལོག་ཅིང་། དེ་སྔོན་སྟོང་འཇགས་སེར་གནས་པའི་སྡེ་བའང་འདུ་ལོང་འཁྲུག་པོར་གྱུར། “ཐོན་ལས་དར་སྤེལ་ནི་གྲོང་གསེབ་དར་སྤེལ་གྱི་བྱ་བ་གལ་ཆེན་ནང་གི་འགངས་ཆེན་ཡིན་ལ། དངོས་ཡོད་བྱ་བའི་འཇུག་གནས་ཀྱང་ཡིན། ཐོན་ལས་མེད་པའི་ཞིང་སྡེར་མི་ཚོགས་འདུ་རུ་འཇུག་དཀའ་ལ། འཇོན་མི་འགོག་རྒྱུ་ནི་དེ་བས་ཀྱང་ལྟ་ཞོག ཞིང་པའི་ཡོང་འཕར་གྱི་ཐབས་ལམ་རྒྱ་བསྐྱེད་མི་ཐུབ་ལ། རིག་གནས་བྱ་འགུལ་སྤེལ་རྒྱུའང་ཁག་པོ་རེད།”

“སྡེ་བས་འཇོན་མི་འགོག་བསམ་ན། ཐོན་ལས་འཕེལ་རྒྱས་ཡོང་དུ་འཇུག་དགོས།”    ན་ནིང་སྡེ་བ་རིམ་པའི་ཏང་ཡོན་བྱ་འགུལ་ཁང་དུ། ཐབ་མེ་ལྷོག་ལྷོག་ཏུ་འབར་ཞིང་འོ་ཇའི་དྲི་ཞིམ་སྣ་ལམ་དུ་གཤགས་ཡོང་ལ། བགྲོ་གླེང་བྱེད་པའི་སྐད་སྒྲ་ཁང་པ་ཡོངས་སུ་ཁྱབ། སྲིད་ཇུས་ཇེ་བཟང་ནས་ཇེ་བཟང་རེད། ཚང་མས་ནུས་ཤུགས་ཡོད་རྒུ་བཏོན་ནས་ཇི་ལྟར་འཕེལ་རྒྱས་གཏོང་བར་བསམ་བློ་གཏོང་བཞིན་པའི་སྣང་ཚུལ་དེ་ཀྲང་མིང་གིས་ད་དུང་གསལ་པོར་དྲན་བཞིན་ཡོད།

ལོ་ངོ་གསུམ་གྱི་སྔོན་དུ་མཉམ་ལས་ཁང་གསུམ་ལས་མེད་པ་ནས། ད་ལྟ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡེ་བ་དང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཞིབ་བསྙལ་ཝུ་ཆང་ཐོན་ལས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་བྱེད་ས་དང་དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་རྟེན་གཞི། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་བཅས་ཡོད། ལོ་ངོ་གསུམ་གྱི་རིང་ལ། དཀོན་ལོ་གོང་མ་སྡེ་བའི་ཐོན་ལས་ནི་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ཡོད།

“ལས་གཞི་འཛུགས་སྐྲུན་བྱས་ཚར་སོང་། ད་ལྟ་ང་ཚོས་མཛེས་སྤྲས་སོགས་ཀྱི་བྱ་བར་གྲ་སྒྲིག་བྱེད་སྒང་ཡིན། རྒྱལ་སྟོན་གྱི་སྔོན་དུ་དངོས་སྦྱོང་རྟེན་གཞིར་དངོས་སུ་ཚོང་གཉེར་བྱེད་འཆར་ཡོད”ཅེས་ཀྲང་མིང་གིས་བཟོ་ཁང་སྔོ་སྐྱ་དེ་སྟོན་བཞིན་དེ་ལྟར་བཤད། གནས་འདི་སྡེ་བའི་ཕྱུགས་ལས་ཐོན་རྫས་ཀྱི་ཐོག་མའི་ལས་སྣོན་དབྱེ་བགོ་འཁོར་ཁང་བྱས་པ་དང་ཆབས་ཅིག ད་དུང་དངོས་སྦྱོང་རྟེན་གཞི་བྱས་ནས། སྡེ་མི་ཚོའི་དེང་རབས་ཕྱུགས་ལས་ཀྱི་ངོས་འཛིན་གསོ་སྐྱོང་དང་སྡེ་མིའི་རྩལ་ནུས་ཇེ་མཐོར་གཏོང་རྒྱུ་ཡིན།

དངོས་སྦྱོང་རྟེན་གཞིའི་ཁ་གཏད་ནི་སྡེ་བའི་ཞིབ་བསྙལ་ཝུ་ཆང་བཟོ་གྲྭ་ཡིན། བཟོ་གྲྭའི་ལྟ་སྐོར་འཁྱམ་ར་བརྒྱུད་དེ་བལྟས་ན། གཞི་གྲངས་སྣ་ཚོགས་ཟིན་ཐོར་འགོད་པའི་ལས་ལ་བྲེལ་བཞིན་པའི་ལས་སྒྲུབ་མི་སྣ་མཐོང་ཐུབ། “ཁ་སང་ནས་འབྲུའི་ཞིབ་བསྙལ་ཝུ་ཆང་བསྙལ་མགོ་བརྩམས་པ་ཡིན་ལ། ད་སྔ་རོ་མྱོང་ཆང་གི་ཐོན་སྐྱེད་ཚོད་ལྟ་བྱེད་སྒང་ཡིན”ཞེས་ཀྲང་མིང་གིས་དེ་ལྟར་བཤད། ཞིབ་བསྙལ་ཝུ་ཆང་བསྙལ་བར་ཉུང་མཐའ་ཡང་ཉིན15དགོས་པ་རེད།

སྡེ་བས་ཞིབ་བསྙལ་ཝུ་ཆང་ཐོན་ལས་བདམས་པའི་རྒྱུ་མཚན་གླེང་དུས། ཀྲང་མིང་གིས་སྦ་གསང་གང་ཡང་མེད་པར་བཤད་རྒྱུར། རྐང་ཚའི་གནམ་གཤིས་ནི་ནས་དང་ལོག་དཀར་འདེབས་འཛུགས་བྱེད་པར་འཚམ་ཞིང་། རྟོག་ཞིབ་དང་སློབ་སྦྱོང་བྱས་པ་བརྒྱུད། རྫོང་གིས་དཀོན་ལོ་གོང་མ་སྡེ་བ་ནས་ཞིབ་བསྙལ་ཝུ་ཆང་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཐག་བཅད།

དཔང་རྟགས་ཡི་གེ་ཁ་ཚང་ལེགས་པར་བསྒྲུབས་ཚར་རྗེས། སྡེ་བས་ཐོན་སྐྱེད་བྱས་པའི་ཞིབ་བསྙལ་ནས་འབྲུའི་ཝུ་ཆང་དེ་སྡེ་བའི“ཨུ་ལྷན་གཉིས”དང་ཕྱོགས་གསུམ་པ་བཅས་ཀྱིས་མཉམ་དུ་འཁོར་སྐྱོད་ཚོང་གཉེར་དང་ཐོན་སྐྱེད་བྱས་ཏེ། རོགས་སྐྲུན་ལས་ཁུངས་ཀྱི་རོགས་འདེགས་འོག པེ་ཅིན་དང་ཧྲང་ཧའེ། ཧྲན་ཏུང་བཅས་སུ་ཕྱིར་འཚོང་བྱེད་འཆར་ཡོད།

ཉིན་འདི་འགར། སྡེ་བའི་སློབ་ཆེན་པ་བསོད་ནམས་སྒྲོལ་མས་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཡི་གེ་པའི་ལས་ཀ་བསྒྲུབས་ཚར་རྗེས། ཟས་རིགས་སྤུས་བརྟག་ལ་སློབ་སྦྱོང་བྱེད་མགོ་བརྩམས། མོས་སློབ་ཆེན་ནང་སྦྱངས་པའི་ཆེད་ལས་ནི་ཟས་རིགས་སྤུས་བརྟག་ཆེད་ལས་ཡིན་པས། སྡེ་བས་མོ་རང་ཞིབ་བསྙལ་ཝུ་ཆང་བཟོ་གྲྭའི་སྤུས་བརྟག་པར་གདན་ཞུ་བྱས་ཡོད། ཚང་མའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཆེད་དུ། མོར་ཁོམ་ལོང་ཏོག་ཙམ་བྱུང་ན་འབྲེལ་ཡོད་ཆེད་ལས་མི་སྣའི་གམ་དུ་སློབ་སྦྱོང་བྱེད་བཞིན་ཡོད།

“ངས་ཉིན་ཞིག་ལ་རང་ཁྱིམ་གྱི་སྒོ་ཁ་ནས་ཟས་རིགས་སྤུས་བརྟག་པ་ཞིག་བྱེད་ཐུབ་པ་ཡིད་ལའང་ཤར་མ་མྱོང་།” བསོད་ནམས་སྒྲོལ་མ་ནི་དཀོན་ལོ་གོང་མ་སྡེ་བ་རུ་སྐྱེས་ཤིང་དེ་ནས་འཚར་ལོངས་བྱུང་བའི་སྡེ་མི་ཞིག་ཡིན་པའི་ཆ་ནས། རང་གིས་སྦྱངས་པར་བརྟེན་ནས་སྡེ་བའི་འཕེལ་རྒྱས་ལ་ནུས་པ་ཕྲན་ཙམ་འདོན་ཐུབ་བྱུང་བས་མོ་དགའ་བ་འབུམ་གྱིས་མྱོས་ཡོད།

“2023ལོར་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི72ལ་སླེབས་ཡོད་དེ། ད་ལྟ་སྡེ་བའི་ཁྱད་ལྡན་ཐོན་ལས་རིམ་བཞིན་འཕེལ་རྒྱས་བྱུང་བཞིན་ཡོད། ནམ་ཞིག་གི་ཚེ་ན་སྡེ་མི་སྔར་ལས་མང་པོ་སྒོ་ཁ་ནས་ལས་ཞུགས་བྱས་ཏེ་ཡོང་སྒོ་འཕར་ཐུབ་ངེས་རེད”ཅེས་ཀྲང་མིང་གིས་བཤད། ཁོའི་ཡིད་ཆེས་ནི་ཏང་གི་སྲིད་ཇུས་བཟང་པོ་རེ་རེ་དང་ནུས་ཤུགས་གང་ཡོད་བཏོན་ནས་འཕེལ་རྒྱས་བརྩོན་བཞིན་པའི་སྡེ་དམངས་ལས་བྱུང་བ་རེད།

“དཀོན་ལོ་གོང་མ་སྡེ་བའི་སྡེ་དམངས་ཕྱོགས་བསྡུས་ལྟེ་གནས་དང་དམངས་སྲོལ་སྤྲོ་གསེང་དང་མང་ཚོགས་ཀྱི་གར་སྟེགས་ཆེན་མོ། མི་རིགས་གྲོང་ཚོ(དཔེ་སྟོན་སྡེ་བ)སོགས་ཀྱི་ལས་གཞི་མཇུག་བསྡུ་བའི་དུས་རིམ་དུ་སླེབས་ཡོད། ཉིན་འགའ་འགོར་རྗེས་འོམ་ཆུའི་ལྗང་མདོག་ཞིང་ཕྱུགས་དང་གཟུགས་འདས་ཤུལ་བཞག་རིག་གནས(རིག་གནས་གསར་གཏོད)ཐོན་རྫས་འོས་སྦྱོར་ཚོང་ཚོགས་ཀྱང་ང་ཚོ་སྡེ་བའི་མཐུན་སྒྲིལ་ཐང་ཆེན་དུ་བསྡུ་རྒྱུ་རེད། ”  ཀྲང་མིང་གི་སྐད་ཆ་དེ་ཐོས་རྗེས། དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་དགོད་ཞོར་དུ་ཁ་གསབ་བྱས་དོན། མ་འོངས་པར་ང་ཚོ་ཚང་མ་སེ་འབྲུའི་ཚི་གུ་བཞིན་དམ་པོར་སྦྲེལ་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་བརྩོན་པའི་ནུས་ཤུགས་གཅིག་སྒྲིལ་བྱས་ན། ང་ཚོའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་ངེས་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号