བྲག་དཀར་རྩྭ་ཐང་གི“སྐལ་བཟང་མེ་ཏོག”

——2024ལོའི་དུས་ཚིགས་དང་པོའི“ཀྲུང་གོའི་མི་བཟང”ཀུན་བཟང་སྒྲོལ་མའི་གནས་ཚུལ་རགས་བཀོད།

ཞོགས་པའི་ཉི་ཟེར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་བྲག་དམར་སྡེ་བར་འཕྲོས་ཤིང་། སྡེ་མི་རྣམས་ད་རུང་སྒོར་མ་བུད་པའི་སྐབས་དེ་དང་བསྟུན་ནས། ཀུན་བཟང་སྒྲོལ་མས་རང་འགུལ་སྒོས་ཞིན་ཧེ་རྫོང་མི་དམངས་ཁྲིམས་ཁང་དང་འབྲེལ་གཏུག་བྱས་ཏེ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་ལ་འགྲེལ་བཤད་བརྒྱག་པའི“དཔེ་དབྱིབས་ཁྲིམས་ཁང་སྡེ་བ་དང་ཧྲེ་རུ་བསྐྱོད་པ”ཡི་ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་སྤེལ།

ཀྱག་ཀྱོག་གི་རི་ལམ་དེའི་ལམ་ངོས་མི་སྙོམས་ལ་ས་རྡུལ་གྱིས་ཁེངས་ཡོད་པས། རྫོང་མཁར་ནས་སྤྱི་ལེ30ཙམ་མ་གཏོགས་མེད་ནའང་དུས་ཚོད་གཅིག་ལྷག་འགོར་སོང་བས། སྡེ་བའི་ཨུ་ཡོན་ལྷན་ཁང་དུ་ཐོན་རྗེས། མྱུར་བ་མྱུར་དུ་རྒྱང་སྒྲོག་སྒྲ་དུང་སྤྱད་དེ་སྡེ་མི་རྣམས་མཉམ་དུ་འཛོམས་དགོས་པའི་བརྡ་བརྒྱབ། འབྲོག་པ་མང་ཚོགས་སྡེ་བའི་ཐང་ཆེན་དུ་འདུས་ཏེ་ཀུན་བཟང་སྒྲོལ་མའི་མཐའ་བསྐོར་འདུག་ལ། དུས་རྒྱུན་གྱི་ངལ་རྩོལ་སྐབས་ཀྱི་ཀུ་རེ་དང་འུར་སྒྲ་གང་ཡང་མེད་པར་ཚང་མའི་གདོང་ལ་གཟབ་ནན་གྱི་མདངས་ཤིག་ཤར་འདུག

ཀུན་བཟང་སྒྲོལ་མས་བྱིས་པ་ཚོ་དང་མཉམ་དུ“དྲུག་གཅིག”ལ་རོལ་བ། 

ཀུན་བཟང་སྒྲོལ་མས་གློག་འཕྲིན་དང་དྲ་ལམ་གྱི་མགོ་སྐོར་ཇི་ལྟར་སྔོན་འགོག་བྱེད་ཚུལ་དང་། བུད་མེད་ཀྱི་ཁེ་དབང་ཇི་ལྟར་སྲུང་ཚུལ་སོགས་ཀྱི་ཐད་ནས་བཅའ་ཁྲིམས་དྲིལ་སྒྲོག་གི་ཞབས་ཞུ་བསྒྲུབས། ཚང་མ་རྐུབ་སྟེགས་སྟེང་དྲང་མོར་བསྡད་དེ་མཚམས་རེར་མགོ་བོ་དགྱེ་སྟེ་ཞིབ་ཏུ་ཉན་པ་དང་མཚམས་རེར་མགོ་ལྕོག་ལྡེམ་བཞིན་གོ་བའི་བརྡ་སྟོན།

“གཞི་རིམ་གྱི་ཁྲིམས་འཛིན་ལས་བྱེད་པ་ཞིག་ཡིན་ན། འབྲོག་པ་མང་ཚོགས་ཀྱི་སེམས་འདུན་རྟོགས་དགོས། བརྩེ་བ་དང་དྲོད་ཁོལ་སེམས་སུ་ཉར་ཏེ་ཆེས་རྒྱང་ཐག་རིང་བའི་སྡེ་བ་དང་ཧྲེ་རུ་སོང་ན། ད་གཟོད་མང་ཚོགས་ཀྱིས་ཅི་ཞིག་བསམ་པ་དང་ཅི་ཞིག་ལ་རེ་བ། ཅི་ཞིག་སྒྲུབ་ཀྱིན་པ་ཚོར་ཐུབ”ཅེས་ཀུན་བཟང་སྒྲོལ་མས་རང་གི་ཉམས་མྱོང་ལྟར་བཤད།

ཞིན་ཧེ་རྫོང་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་གཙོ་གནད་ཁུལ་དུ་གནས་ཤིང་། རྫོང་ཁོངས་སུ་རི་བོ་མང་ལ་རྩྭ་ས་ཁོད་ཡངས་ཤིང་། རྨ་ཆུས་རི་བོ་འཕྲེད་ཀྱིས་བཅད་དེ་རྫོང་ཁོངས་ནས་བརྒལ་བས། ས་གནས་ཀྱི་དགེ་མཚན་དང་སྐྱེ་ཁམས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད་མོད། འོན་ཀྱང་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་དཔལ་འབྱོར་འཕེལ་རྒྱས་རྗེས་ལུས་ཡིན་པས། ཁྲིམས་འཛིན་གྱི་དགོས་མཁོ་ནི་ས་ཆ་གང་ཞིག་དང་དུས་ཡུན་གང་ཞིག་ལས་ཀྱང་ཆེ་བ་རེད།

མང་ཚོགས་ཀྱི་དོན་ལ་དོན་ཆུང་མེད། བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ་ནི་མི་དམངས་མང་ཚོགས་ཀྱི་བར་ལ་འགལ་ཟླ་དང་རྩོད་གཞི་འབྱུང་བ་དང་ཉེས་བསགས་བྱ་སྤྱོད་འབྱུང་བའི་རྩ་བ་ཡིན་པས། འགལ་ཟླ་དང་རྩོད་གཞི་རྩ་བ་ནས་མེད་པར་གཏོང་དགོས་ན་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི“སྤྱི་ལེ་གཅིག”ཤར་གཏོང་ཡོང་བར་བྱེད་དགོས་པ་ཀུན་བཟང་སྒྲོལ་མས་གསལ་པོར་རྟོགས་ཡོད། དེ་བས་མོ་རང་འགུལ་གྱིས་མང་ཚོགས་དང་ཉེ་བར་བཅར་ཏེ། ཁྱིམ་ཚང་དང་ཁྱིམ་མཚེས། གཉེན་འབྲེལ། རྩྭ་ས་སོགས་ཀྱི་དམངས་དོན་རྩོད་གཞི400ལྷག་འདུམ་འགྲིག་བྱས་ཤིང་། འདུམ་འགྲིག་ལེགས་འགྲུབ་བྱུང་ཚད99%ལ་སླེབས་ཡོད། མོས་དཀའ་ཁག་ལ་མགོ་མི་སྒུར་བའི་ངར་ཤུགས་དང་བཟོད་ཤུགས་ཀྱིས་ཉེ་འགྲམ་གྱི་མང་ཚོགས་ལ་ཞབས་ཞུ་བསྒྲུབས་ཏེ། དུས་རབས་གསར་པའི་ཁྲིམས་འཛིན་ལས་གཉེར་པ་ཞིག་གི་འགན་འཁྲི་དང་ཁག་ཁུར་དང་དུ་བླངས་ཡོད།

2022ལོའི་ལོ་མཇུག་ཏུ། བུད་མེད་ཅིག་ཁྲིམས་འཛིན་ཁང་དུ་ཡོང་ནས་མོ་དང་མོའི་ཁྱོ་ག་སྔོན་མ་གཉིས་བཟའ་འཐོར་བྱུང་རྗེས་མོ་གཅིག་པུས་ཟི་ལིང་དུ་བུ་ཕྲུག་སྙོར་སྐྱོང་བྱེད་ཀྱིན་ཡོད་པ་དང་། བྱིས་པས་མཐོ་འབྲིང་དུ་སློབ་གཉེར་བྱེད་ཀྱིན་ཡོད་ལ། སློབ་ཡོན་དང་འཚོ་བའི་འགྲོ་གྲོན་སོགས་ཅུང་མཐོ་བས། མོས་ཁུར་བོ་དེ་མི་ཐེག་པ་དང་། ཁྱོ་ག་སྔོན་མར་ཐེངས་མང་པོར་སྙོར་སྐྱོང་གྲོན་དངུལ་སྟེར་རྒྱུའི་རེ་བ་བཏོན་ནའང་ཁ་ཡ་མི་བྱེད་པའི་གནས་ཚུལ་དེ་ཁོ་ཚོར་ཡར་ཞུ་བྱས།

གནས་ཚུལ་རྒྱུས་ལོན་བྱས་རྗེས། ཀུན་བཟང་སྒྲོལ་མས་རང་འགུལ་གྱིས་བུད་མེད་དེའི་ཁྱོ་ག་སྔོན་མར་འབྲེལ་གཏུག་བྱས་པ་དང་། སེམས་ཞིབ་མོས་བཅའ་ཁྲིམས་དང་གནས་ལུགས་བཤད་དེ་ཁ་བརྡ་ཡང་ཡང་བྱས་མཐར། ཁྱོ་ག་སྔོན་མ་དེ་གཞི་ནས་ཟླ་རེར་སྙོར་སྐྱོང་གྲོན་དངུལ་སྟེར་རྒྱུར་འཐད་པ་བྱུང་བར་མ་ཟད་སྔོན་ཆད་ཁས་བླངས་པའི་སྒོར500ནས་སྒོར2000དུ་སྤར་རྒྱུ་ཁས་བླངས།

“མང་ཚོགས་ཀྱིས་སྐྱོ་སྣང་གིས་དཀའ་ཁག་བཤད་དེ་སྐྱིད་སྣང་ངང་ཕྱིར་འགྲོ་བའི་སྐབས་སུ།སེམས་ལ་སྨྲ་མི་ཤེས་པའི་བདེ་སྣང་ཞིག་གིས་ཁྱབ་འགྲོ”ཀུན་བཟང་སྒྲོལ་མས་སེམས་ལ་མོས་འདུམ་འགྲིག་བྱས་པའི་རྩོད་གཞི་རེ་རེ་ནི་བཅའ་ཁྲིམས་ཀྱིས་མི་ལ་སློབ་གསོ་གཏོང་བ་དང་གནས་ལུགས་ཀྱིས་ཁས་ལེན་ཐོབ་པར་བྱེད་ལ། བརྩེ་བ་ཡིས་སེམས་འགུལ་ཐེབས་སུ་བཅུག་ཡོད།

ཀུན་བཟང་སྒྲོལ་མའི་བྱ་བ་གླེང་སྐབས། སྡེ་ཁུལ་ཡོ་བསྲང་གི་བྱ་བ་མི་གླེང་ཐབས་མེད་གྱུར་ཡོད། སྡེ་ཁུལ་ཡོ་བསྲང་བྱེད་པའི་བྱ་བ་ནི་ཕྱི་ར་མེད་པའི“བཙོན་ཁང”དུ། ཁྲིམས་ལུགས་བརྗོད་པའི་སྤྱི་ཚོགས་ཁྲོད་ལོག་ལམ་དུ་སོང་བའི་དམིགས་བསལ་མང་ཚོགས་ཡོ་བསྲང་བྱེད་རྒྱུ་དེ་ཡིན་པས། དེའི་དཀའ་ཚད་ནི་བརྗོད་མ་དགོས་པ་ཞིག་རེད། ཁྲིམས་འཛིན་སའོ་ཡི་བུད་མེད་སའོ་ཀྲང་ཞིག་ཡིན་པའི་ཆ་ནས། ཀུན་བཟང་སྒྲོལ་མས་ཞི་དྲག་མཉམ་སྤྱོད་དང་ཁྲིམས་ལུགས་དང་བརྩེ་བ་མཉམ་འདྲེས། དོ་དམ་དང་རོགས་སྐྱོར་མཉམ་འཛིན་བྱེད་ཀྱིན་ཡོད།

2021ལོའི་ལོ་སྟོད་དུ། སྡེ་ཁུལ་ཡོ་བསྲང་བྱ་ཡུལ་གྱི་ལི་ཆེ་གེ་མོས་འཁོར་བགེགས་ཉེས་བསགས་བཟོས་པའི་རྐྱེན་གྱིས་ཁྲིམས་ཆད་ཕྱིར་འགྱངས་བྱས། ཡོ་བསྲང་བྱེད་པའི་སྐབས་སུ། ལི་ཆེ་གེ་མོ་འགྲོ་སྐྱོད་མི་བདེ་བར་མ་ཟད་སེམས་ཁམས་ཀྱང་བདེ་ལ་འབབ་མ་ཐུབ་པར་ཡོད། ཀུན་བཟང་སྒྲོལ་མས་རྒྱུས་ལོན་ཞིབ་མོ་བྱས་པ་ན། ལི་ཆེ་གེ་མོ་བཟའ་ཟླ་གཉིས་ཀྱི་འབྲེལ་བ་མི་བཟང་བ་དང་ཁྱིམ་ཚང་གི་འབྱོར་བ་ཞན་པའི་ཁར། སྒོར་ཁྲི25ཡི་དཔལ་འབྱོར་གྱོང་གསབ་འཇལ་དགོས་པས། མ་གཞི་ནས་རྨང་གཞི་ཞན་པའི་ཁྱིམ་ཚང་དེར་མུ་གེའི་སྟེང་ལ་ཟླ་ལྷག་གི་ཚུལ་དུ་སོང་ཡོད།

ཀུན་བཟང་སྒྲོལ་མས་ཕྱོགས་མང་མཐུན་སྦྱོར་བྱས་རྗེས། ལི་ཆེ་གེ་མོའི་སྡེ་ཁུལ་སྤྱི་པའི་ཞབས་ཞུ་མེད་པར་བཟོས་པ་དང་ཆབས་ཅིག ཞང་གྲོང་རྡལ་དམངས་སྲིད་སྡེ་ཁག་གིས་ལི་ཆེ་གེ་མོར་གནས་སྐབས་ཀྱི་རོགས་སྐྱོར་བྱས་པ་རེད། དེ་ནས་གནོད་ཐེབས་མཁན་ལ་ཡང་ཡང་ཁ་བརྡ་དང་གྲོས་མོལ་བྱས་ཏེ་འཇལ་དངུལ་སྒོར་ཁྲི12ལ་ཇེ་དམའ་རུ་བཏང་། དེས་མི་ཚད་ད་རུང་ལི་ཆེ་གེ་མོའི་ཆུང་མར་རྫོང་ཁྱིམ་སྡོད་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་གཙང་སྦྲ་བྱེད་མཁན་གྱི་བྱ་བ་ཞིག་བཙལ་རོགས་བྱས་པས། ལི་ཆེ་གེ་མོའི་ཁྱིམ་ཚང་གི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་བཏང་ཞིང་བཟའ་ཟླའི་འབྲེལ་བའང་ཉིན་རེ་བཞིན་ཇེ་བཟང་དུ་སོང་།

ཁྲིམས་ལ་ཁྲིམས་ཚད་ཡོད་ལ་ཞབས་ཞུ་ལ་དེ་བས་དྲོད་ཁོལ་ལོས་ཡོད། ཀུན་བཟང་སྒྲོལ་མས་རང་ཉིད་ཀྱི་བརྩེ་བ་འཛོམས་པོ་དང་སེམས་ཞིབ་མོ་ལ་བརྟེན་ནས། བྱ་བའི་འགན་འཁྲིའི་འདུ་ཤེས་ཡོངས་རྫོགས་གཞི་རིམ་གྱི་ཁྲིམས་འཛིན་བྱ་བའི་སྟེང་བཀོལ་བས། མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་མི་འདྲ་བ་སྣ་ཚོགས་བསལ་ཞིང་། དོན་དག་རེ་རེར་གཞིར་འཛིན་ས་ཡོད་པ་དང་རེ་རེར་གྲུབ་འབྲས་ཡོད་པ། རེ་རེ་དངོས་འབེབས་ཡོང་བ་དང་རེ་རེར་ཨ་ལན་ཡོད་པར་བྱས།

“དཔེ་དབྱིབས་ཁྲིམས་ཁང་སྡེ་བ་དང་ཧྲེ་རུ་བསྐྱོད་པ”ཡི་ཡུལ་དངོས་དང་མཚུངས་པར། བྲག་དམར་སྡེ་བའི་མཐའ་འཁོར་གྱི་རྩྭ་ཐང་དུ་སྐལ་བཟང་མེ་ཏོག་མང་པོ་རྣམ་པར་བཞད་ཅིང་། མང་ཚོགས་ཀྱིས་མཐའ་བསྐོར་བའི་དཀྱིལ་དབུས་སུ་ཀུན་བཟང་སྒྲོལ་མ་ཡང་ཆེས་མཛེས་པའི་སྐལ་བཟང་མེ་ཏོག་ཞིག་གོ །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号