འཛམ་གླིང་སྟེང་ཆེས་ཆེ་བའི་འོད་ཧྥུའི་གླིང་མཚོ་སྔོན་མཚོ་ལྷོར་ཡོད།

ཟླ6པའི་ཚེས17ཉིན། ཟམ་ཟིམ་སྦྲང་ཆར་གྱི་སྐྱེལ་མ་དང་འགྲོགས་ནས། ང་ཚོའི༼ཤེས་དཔལ་གྱི་ལམ། བདེ་སྐྱིད་ཀྱི་གཏམ༽ཞེས་པའི་བཅར་འདྲི་ཚོ་ཆུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ནས་ལམ་ལ་ཆས་ཏེ་བཏུལ་ཐང་གི་ཕྱོགས་སུ་བསྐྱོད། བཏུལ་ཐང་ཞེས་པའི་ས་ཆ་དེར་སྔོན་ཆད་རྩྭ་རྩི་ཤིང་མི་སྐྱེ་ཞིང་བྱེ་རླུང་རྟག་ཏུ་རྒོད་ཅིང་། མཚོ་སྔོན་གྱི་བྱེ་རླུང་གི་གནོད་འཚེ་ཆེས་ཚབས་ཆེ་བའི་ས་རྒྱུད་ཀྱི་གྲས་ཤིག་རེད།

ད་ལྟ། བཏུལ་ཐང་དུ་འོད་ཧྥུའི་པང་ལེབ་གྲལ་བསྟར་སྒྲིག་ཅིང་། ཡངས་ཤིང་རྒྱ་ཆེ་བའི་སྤང་ཐང་དུ་སྣག་ཚའི་རྒྱ་མཚོ་འཁྱིལ་བ་དང་གཉིས་སུ་མེད། བཏུལ་ཐང་འོད་ཧྥུའི་གློག་འདོན་གླིང་ཁུལ་དུ་འོད་ཧྥུའི་པང་ལེབ་ཁྲི700ལྷག་ས་བབ་ཀྱི་མཐོ་དམན་ལྟར་སྒྲིག་ཡོད་ལ། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་བསྡོམས་གྲངས་2.2GWཟིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བཏུལ་ཐང་དུ2011ལོ་ནས་བཟུང་འོད་ཧྥུའི་ཐོན་ཁུངས་གསར་སྤེལ་བྱས་ཤིང་། རིམ་བཞིན་འཛམ་གླིང་སྟེང་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེས་ཆེ་བའི་འོད་ཧྥུའི་གློག་འདོན་གླིང་ཁུལ་བསྐྲུན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། བཏུལ་ཐང་དུ་ཆར་པ་འབབ་ཚད་ཉུང་ཞིང་། ལོ་རེའི་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཡུན་ཆུ་ཚོད1800ལས་བརྒལ་བ། ས་བབ་ཅུང་སྙོམས་པ་ལ་སོགས་པའི་རང་བྱུང་ཆ་རྐྱེན་དེ་དག་འོད་ཧྥུའི་ཐོན་ལས་གོང་འཕེལ་གཏོང་བའི་དགེ་མཚན་དུ་གྱུར་ཡོད།

རྒྱལ་ཁབ་གློག་ཤུགས་མ་འཇོག་ཀུང་སི་མཚོ་ལྷོ་ཡན་ལག་ཀུང་སིའི་ཐོན་ལས་གླིང་རྣམ་གྲངས་པུའུ་ཚོ་ཆུང་དང་པོའི་འགན་འཁུར་བ་ཚའོ་ཅུན་ལ་བཅར་འདྲི་བྱེད་བཞིན་པ།

རྒྱལ་ཁབ་གློག་ཤུགས་མ་འཇོག་ཀུང་སི་མཚོ་ལྷོ་ཡན་ལག་ཀུང་སིའི་ཐོན་ལས་གླིང་རྣམ་གྲངས་པུའུ་ཚོ་ཆུང་དང་པོའི་འགན་འཁུར་བ་ཚའོ་ཅུན་གྱིས། ང་རང2013ལོར་འདི་གར་ཡོང་བ་ཡིན། སྐབས་དེར་གནས་འདི་ནི་མུ་མཐའ་མེད་པའི་མྱ་ངམ་ཐང་རེད། སྔོན་ཆད་རྩྭ་རྩི་ཤིང་ཁེབས་ཚད་ཧ་ལམ10%ཙམ་ལས་ཟིན་གྱི་མེད་ཅིང་། ད་ལྟ་གླིང་ཁུལ་དུ་རྩྭ་རྩི་ཤིང་ཁེབས་ཚད80%ཡན་ཟིན་ཡོད་ཅེས་བརྗོད།

གུང་ཧོ་རྫོང་ཐེ་གེ་ཞང་ཧོ་ལོ་སི་ཞོལ་མ་གྲོང་ཚོའི་འབྲོག་པ་ཡི་རྡོ་ལ་བཅར་འདྲི་བྱེད་བཞིན་པ།

གསར་འགོད་པར་རྒྱུས་ལོན་བྱུང་བ་ལྟར་ན། ཀུང་སི་དེས་ད་དུང་ས་གནས་དེ་གའི་འབྲོག་ཁྱིམ་གྱི་ལུག་ཁྱུ་གླིང་ཁུལ་དུ་འཚོ་རུ་བཅུག་པས། ལུག་ཁྱུས་གླིང་ཁུལ་གྱི་རྩྭ་བཟས་ཤིང་། རིལ་མ་ལུད་རྫས་སུ་གྱུར་བས། ས་རྒྱུ་སྔར་ལས་གཤིན་པོར་གྱུར་པ་དང་། ལུག་དེ་དག་ནི་ཚང་མའི་བཤད་སྒྲོས་ཁྲོད་ཀྱི་འོད་ཧྥུ་ལུག་ཟེར་བ་དེ་རེད། སྟེང་ནས་གློག་འདོན་པ་དང་འོག་ནས་ཕྱུགས་འཚོ་བའི་རྣམ་པ་འདི་བརྒྱུད་ནས་དྭངས་གཙང་ནུས་རྒྱུ་ཐོན་པ་དང་། འབྱུང་ཁམས་སླར་གསོ་བྱུང་བ། དམངས་ལ་ཡོང་འབབ་འཕར་བ་བཅས་མངོན་འགྱུར་བྱུང་ཡོད།

ཉིན་དེར་གསར་འགོད་པར་འོད་ཧྥུ་གློག་འདོན་གླིང་ཁུལ་དུ་ལུག་འཚོ་བཞིན་པའི་འབྲོག་པ་ཡི་རྡོ་འཕྲད་བྱུང་། ཡི་རྡོ་ནི་གུང་ཧོ་རྫོང་ཐེ་གེ་ཞང་ཧོ་ལོ་སི་ཞོལ་མ་གྲོང་ཚོ་ནས་ཡིན་ཞིང་། གྲོང་ཚོ་གླིང་ཁུལ་དང་ཐག་ཉེ་བས། ནམ་རྒྱུན་ལུག་ཁྱུ་དེད་ནས་གླིང་ཁུལ་དུ་ཡོང་གི་ཡོད། ཡི་རྡོ་ཡིས། སྔོན་ཆད་འོད་ཧྥུའི་པང་ལེབ་ཀྱི་མཐོ་ཚད་ཅུང་དམའ་བས་ལུག་ཁྱུ་པང་ལེབ་འོག་ནས་ཕར་ཚུར་རྒྱུ་ཁག་པོ་ཡོད། གླིང་ཁུལ་གྱིས་གནས་ཚུལ་དེར་དམིགས་ནས་བསྐྱར་དུ་པང་ལེབ་ཇེ་མཐོར་བཏང་བས། ད་ལྟ་ལུག་ཕར་ཚུར་ཅི་དགར་རྒྱུ་ཐུབ། དེ་བས་འདི་ནས་ལུག་འཚོས་ན་སྟབས་བདེ་བ་མ་ཟད། རྩྭ་རྩི་ཤིང་ཡང་འཛོམས་པས་ལུག་གི་ཤ་ཤེད་རྒྱས་སླ་ཞིང་། གཟན་ཆས་ཀྱི་འགྲོ་གྲོན་ཉུང་དུ་གཏོང་ཐུབ་ཀྱི་འདུག་ཅེས་བརྗོད།

ལྗང་མདོག་གི་འོད་ཧྥུའི་པང་ལེབ་ཕྲེང་བསྟར་རེ་རེ་ཡིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མདུན་ཕྱོགས་སུ་བསྐྱོད་རྒྱུ་དང་། ས་གནས་དེ་གའི་འབྱུང་ཁམས་སྲུང་སྐྱོབ་དང་ལེགས་བཅོས། དམངས་ལ་ལས་ཞུགས་འབབ་འཕར་ཡོང་བ་བཅས་ཀྱི་ཐད་དུ་ནུས་པ་བླ་ལྷག་བཏོན་དང་འདོན་མུས་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号