རྨ་ཆུའི་མགོ་ཁུངས་སྲུང་བ།

སྐྱེ་ཁམས་ལྟ་ཞིབ།

རྔམ་བརྗིད་ལྡན་པའི་རྨ་ཆུ་མཚོ་སྔོན་ནས་བཞུར་བ་དང་། དྲག་ཏུ་རྒྱུག་པའི་ཆུ་ཀླུང་གིས་བཞུར་རྒྱུད་དུ་ཐུན་མོང་མ་ཡིན་པའི་ས་ཁམས་ཁོར་ཡུག་བཏོད་ཏེ། ཀྲུང་ཧྭའི་དཔལ་ཡོན་སྦྲུམ་པའི་འབྱུང་གནས་སུ་གྱུར་ཡོད།

རྨ་ཆུའི་མགོ་ཁུངས་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་དགུ་གཡང་སྡེ་བའི་བ་ཡན་ཧ་རིའི་ཡོས་ཀྱི་སྩང་ལེབ་གཤོང་སར་གནས། ཆུ་ཕྲན་མང་པོ་གཅིག་ཏུ་འདྲེས་ཏེ་ཆུ་བོ་གྲུབ་པ་དང་། ཆུ་ཞེང་ཆེ་ལ་ཆུ་ཡི་གཏིང་མི་ཟབ། བཞུར་ཤུགས་དལ་བས། ན་འདམ་སྤང་ཐང་དང་ཆུ་འཁྱིལ་མང་པོ་གྲུབ། མཐོ་སར་འགོས་ནས་རྒྱང་ལ་བལྟས་ན། བགྲང་གིས་མི་ལང་བའི་ཆུ་འཁྱིལ་དག་ཉི་འོད་འོག་ཏུ་འོད་ཆེམ་ཆེམ་དུ་གནས་པས། རྨ་བྱའི་སྒྲོ་གུར་ཕུབ་པ་དང་གཉིས་སུ་མ་མཆིས།

ཆུ་དམར་ལེབ་རྫོང་ཁོངས་སུ་རྨ་ཆུ་བཞུར་ཁྱོན་གྱིས་སྤྱི་ལེ་གྲུ་བཞི་མ3194ཟིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ1127དང་། མཚོ་ངོས་ལས་མཐོ་ཚད་སྨི4624ཡོད་པ་དང་། རྨ་སྟོད་ཞང་དང་བར་ཐག་སྤྱི་ལེ46ཡོད། “རྨ་ཆུའི་མགོ་ཁུངས་བསྲུང་རྒྱུ་ནི་ང་ཚོའི་གཡོལ་དུ་མེད་པའི་འགན་འཁྲི་ཡིན”ཞེས་པ་དེ་ནི་ཆུ་དམར་ལེབ་རྫོང་གི་མི་དམངས་བཞི་ཁྲི་བདུན་སྟོང་ལྷག་གི་སེམས་སྒྲ་དང་གཅིག་མཐུན་གྱི་ལྟ་བར་གྲུབ་ཡོད།

ལོ་འདི་དག་གི་རིང་ལ། ཆུ་དམར་ལེབ་རྫོང་གིས“ཆེ་ཤོས་གསུམ”གྱི་ཞིང་ཆེན་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གོ་གནས་སྟེང་འགྲེངས་ཏེ། མགོ་ཁུངས་སྲུང་སྐྱོབ་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཅིང་། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་བྱ་རྒྱུ་གོ་གནས་དང་པོར་བཞག་པ་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་ཀླུང་བཅས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཆུ་དཔོན་དང་མཚེའུ་དཔོན་རྩྭ་དཔོན་ལམ་ལུགས་བཅས་ཀྱི་མ་ལག་འཐུས་ཚང་དུ་བཏང་ཞིང་། གཏེར་ཆུའི་མགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཚོད་ལྟ་བྱས་ཏེ། “གཙང་ཆབ་རིང་མོ་ལྷུང་ལྷུང་ཤར་དུ་བཞུར་བ”ལ་ཁག་ཐེག་བྱས།

དགེ་ཆོས་ནི་ཆུང་དུས་ནས་རྨ་ཆུའི་མགོ་ཁུངས་སུ་འཚར་ལོངས་བྱུང་བ་ཡིན་པས། རྨ་ཆུ་ལ་གཞན་དང་མི་མཚུངས་པའི་བརྩེ་བ་ཟབ་མོ་ཡོད། “ལོ་མང་པོ་ཞིག་གི་སྔོན་དུ། གནས་འདིའི་སྐྱེ་ཁམས་ཉམས་ཞན་དུ་གྱུར་པ་ཚབས་ཆེན་ཡིན། རྨ་ཆུའི་མགོ་ཁུངས་སུ་གནས་ནའང་མི་མང་པོ་ཞིག‘ཆུ་མགོ་སྲུང་ཡང་འཐུང་ཆུ་མེད་པ’ཡི་དཀའ་ངལ་ལ་ཕྲད་ཅིང་། ངེད་ཚང་ཡང་དེ་ལས་མ་འདས། སྒོ་ཁའི་རྩྭ་ས་ཉིན་རེར་ཇེ་སྡུག་ཏུ་ཕྱིན་པ་དང་། ཆུ་མགོ་ཡང་རིམ་གྱིས་བསྐམས། གནས་ཚུལ་ཆེས་ཚབས་ཆེན་ཡིན་པའི་སྐབས་ཤིག་ལ། འཐུང་ཆུ་ཞིག་གི་དོན་དུ་སྤྱི་ལེ2ཀྱི་ཕ་རོལ་དུ་ཆུ་མགོ་འཚོལ་དུ་སོང་བ་དེ་ད་ལྟ་ད་རུང་དྲན་གྱིན་འདུག”ཅེས་ཆུ་མགོའི་སྐྱེ་ཁམས་ཀྱི་སྐོར་གླེང་དུས། སྨྲ་བརྗོད་ལ་དེ་འདྲ་འཇོན་པོ་མིན་པའི་དགེ་ཆོས་ལའང་གླེང་མི་ཚར་བའི་ཁ་བརྡ་ཡོད།

དེ་འདྲའི་བརྒྱུད་རིམ་ཞིག་ཡོད་པའི་རྐྱེན་གྱིས་སྐྱེ་ཁམས་ཁོར་ཡུག་བསྲུང་རྒྱུ་དེ་ནི་དགེ་ཆོས་ཀྱི་ཤ་གསེང་རུས་གསེང་དུ་ཐིམ་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་ཏུ་གྱུར།

2016ལོར། “ཁྱིམ་ཚང་གཅིག་ལ་ལས་གནས་གཅིག་ཡོད་པ”ཡི་སྐྱེ་ཁམས་བདག་སྐྱོང་སྤྱི་ཕན་ལས་གནས་ལག་ཏུ་བསྟར་པ་དང་བསྟུན་ནས། དགེ་ཆོས་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར། དེའི་ཡར་སྔོན་ལ་རྟག་ཏུ་འོས་འགན་དང་དུ་བླངས་ནས་སྐྱེ་ཁམས་ཁོར་སྲུང་ལ་ཞུགས་ཀྱིན་ཡོད་ཀྱང་། སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་པ་ནས་བཟུང་ཁོའི་བསམ་པར་རྨ་ཆུའི་མགོ་ཁུངས་ལ་ལྟ་སྲུང་བྱེད་པའི་འགན་འཁྲི་དང་འོས་འགན་སྔར་ལས་ཇེ་ལྕིར་སོང་ཡོད་པའི་སྣང་བ་ཞིག་སྐྱེས་བྱུང་།“འདི་ནི་བུ་རབས་ཚ་རྒྱུད་ཀྱི་དོན་དུ་གཞིས་ཁྱིམ་སྲུང་བ་རེད། ”

ནངས་ཇར་འོ་ཇ་ཕོར་བ་གང་དང་། རྩམ་རྡོག་ཁམ་བུ་འགའ་ཟོས་རྗེས། དགེ་ཆོས་ཀྱིས་སྐོར་སྲུང་གི་ཟིན་བྲིས་དང་རྒྱང་མཐོང་། བྲོ་ཁ་སོགས་དགོས་ངེས་ཀྱི་ཅ་ལག་དག་ཁྱེར་ཏེ། ཉིན་དེའི་སྐོར་སྲུང་བྱ་བའི་མགོ་བརྩམས།

སྐབས་དེར། ཕྱི་རོལ་དུ་ཁ་བའི་འདབ་མ་གང་སར་འཐོར་བཞིན་འདུག “གནས་འདིར་སྡོད་པའི་མི་ཚང་མས་སྐྱེ་ཁམས་ཁོར་ཡུག་གི་གལ་ཆེན་རང་བཞིན་རྟོགས་ཡོད་པས། ལྟ་སྐུལ་བྱེད་མཁན་མེད་ཀྱང་། རང་རྟོགས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་རེད།”དགེ་ཆོས་ཀྱི་མིག་མདངས་ལས་ཆོད་སེམས་ཀྱི་མདངས་ཤིག་མངོན་བཞིན། འཕྲུལ་རྟར་ཞོན་ཏེ་ལམ་ལ་ཆས་སོང་།

མགོ་ཁུངས་ལ་སྐོར་སྲུང་བྱ་རྒྱུ་ནི་དེ་འདྲའི་ལས་སླ་མོ་ཞིག་ག་ལ་ཡིན། རི་བོ་མཐོ་ཞིང་གྲང་རླུང་རྒོད་ལ་དབྱང་རླུང་དཀོན་པའི་ཁོར་ཡུག་དེའི་ཁྲོད་དུ། རྒྱུན་ལྡན་གྱི་མྱུར་ཚད་ལྟར་སྐོར་སྲུང་བྱེད་ན། ལུས་ཕུང་བཟང་པོ་ཞིག་དགོས་པ་ནི་མ་མཐའི་ཚད་གཞི་ཡིན་ལ། དེ་ནི་ཆུང་དུས་ནས་གནས་དེར་འཚར་ལོངས་བྱུང་བའི་དགེ་ཆོས་ལ་མཚོན་ན་གླེང་མ་དགོས་པ་ཞིག་རེད།

དགེ་ཆོས་ཀྱིས་ཉིན་ལྟར་རྨ་ཆུའི་མགོ་ཁུངས་སུ་སྤྱི་ལེ་བཅུ་གྲངས་ཤིག་ལ་ལྟ་སྲུང་བྱེད་དགོས་པར་མ་ཟད། ཟིན་བྲིས་སུ་རི་སྐྱེས་སྲོག་ཆགས་ཀྱི་འགུལ་སྐྱོད་དང་། སྐྱེ་དངོས་ཀྱི་འཕར་འཕྲིའི་གྲངས་ཀ་དང་སྐྱེ་སྟངས། འཁྱགས་རོམ་དང་གངས་ཐིག་མཚམས་ལ་འགྱུར་བ་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཐོ་རུ་འགོད་དགོས་ལ། ལེགས་སྒྲིག་བྱས་རྗེས་འབྲེལ་ཡོད་ལས་ཁུངས་ལ་སྙན་སེང་ཞུ་དགོས།

“ལོ་འདི་འགར། ཆར་ཆུ་དུས་སུ་བབས་པས། རྨ་ཆུའི་མགོ་ཁུངས་ཀྱི་ཆུ་བོ་རྒྱས་ཤིང་། རྩྭ་ཡི་སྐྱེ་སྟོབས་བཟང་། སྲོག་ཆགས་ཇེ་མང་དུ་ཕྱིན་ཏེ། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པ་དེ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད”ཅེས་དགེ་ཆོས་ཀྱིས་ཟིན་ཐོ་འགོད་ཞོར་དུ་དེ་ལྟར་བཤད།

མགོ་ཁུངས་ཀྱི་ཆུ་བོ་སྲུང་ཞིང་། ས་ཁུལ་དབྱེ་སྟེ་སྒོ་ཕྱུགས་འཚོ་སྐྱོང་བཀག ཡུལ་གཞན་ལ་གནས་སྤར་བ་དང་གད་སྙིགས་མེད་པར་བཏང་བ་དང་། ས་ནག་གྲམ་ཐང་ལ་བཅོས་སྐྱོང་བྱས་ཏེ། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་། ལོ་བཅུ་ཕྲག་འགའི་རིང་། དགེ་ཆོས་ནི་དངོས་བརྒྱུད་མཁན་ནས་ཟབ་ཞུགས་མཁན་དུ་གྱུར་ཏེ། རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་ལ་བདེན་དཔང་བྱས།

སྐོར་སྲུང་བྱ་བ་མཇུག་རྫོགས་ནས་ཡུལ་དུ་ལོག་པ་ན། དགེ་ཆོས་ཀྱིས་པར་དུ་བཏབ་པའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་འདྲ་པར་དག་ཆུང་མ་དང་བུ་མོར་མཉམ་རོལ་བྱེད། དགེ་ཆོས་ཀྱིས་རྟག་པར་བུ་མོར་བཤད་རྒྱུར། “འུ་ཚང་ཕ་མེས་ཡང་མེས་རིང་ནས་ཡུལ་འདིར་འཚོ་བ་རོལ་བ་རེད་ལ། གནས་འདིར་འཚོ་བ་རོལ་ཐུབ་པ་ནི། རྐང་འོག་གི་ཆུ་ཁུངས་ལེབ་མོ་འདི་ལ་བརྟེན་པ་རེད།   རྨ་ཆུའི་སྨད་རྒྱུད་ཀྱི་འགྲམ་གཉིས་སུ་འཚོ་བའི་མི་རྣམས་ཀྱང་ཆུ་བོ་འདི་ལ་བརྟེན་ནས་འཚོ་དགོས་སྟབས། ང་ཚོས་ངེས་པར་རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས།”

དགེ་ཆོས་ལ་མཚོན་ནས་བཤད་ན། རྨ་ཆུའི་མགོ་ཁུངས་ལ་སྲུང་སྐྱོབ་བྱེད་པ་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་རེད་ལ། དེ་བས་ཀྱང་སྤོབས་པ་སྐྱེ་འོས་པའི་བྱ་བ་ཞིག་རེད། དེའི་སྟབས་ཀྱིས། ད་དུང་སློབ་ཆུང་འགྲིམ་བཞིན་པའི་བུ་མོའི་སེམས་ཀྱི་རྣང་ཞིང་གྲུ་བཞིར་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ས་བོན་ཤེས་མེད་ཚོར་མེད་ངང་བཏབ་དང་འདེབས་བཞིན་ཡོད།

དགེ་ཆོས་ཀྱིས་བཤད་རྒྱུར། “ང་ཚོས་བརྟན་སྲུང་བྱས་པར་བརྟེན་ནས་རྨ་ཆུའི་མགོ་ཁུངས་ཀྱི་དྭངས་གཙང་ཆུ་རྒྱུན་རྟག་ཏུ་འབབ་ཐུབ་པའི་རེ་བ་བཅངས་ཡོད།”

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号