ཅིའི་ཕྱིར་དཔེ་ཀློག་མང་དུ་བྱེད་དགོས་སམ།


སྒྱུར་བ་བོ། གཞོན་ལམ།


ཅིའི་ཕྱིར་དཔེ་ཆ་མང་ཙམ་ཀློག་དགོས་སམ།

འདི་ནི་ངས་ཐོས་པའི་ཆེས་བཟང་བའི་དྲིས་ལན་ནོ། །

དཔེ་ཆ་ཅི་འདྲའི་མང་པོ་བཀླགས་ནའང་། མཐར་ཐུག་ང་ཚོ་ད་དུང་ཕལ་བར་ལུས་ཡོད་ན། ཅིའི་ཕྱིར་ངལ་བ་འདི་འདྲ་བསྟེན་དགོས་སམ་ཞེས་འདྲི་མཁན་རྒྱུན་ལྡན་དུ་འོང་། དེས་ན། མི་ཞིག་གིས་དཔེ་དེབ་བཀླགས་པའི་དོན་སྙིང་ངོ་མ་གང་ཡིན་ཐད་ལ་བཏབ་པའི་དྲིས་ལན་འདི་དག་གིས། གཅིག་བྱས་ན། ཁྱོད་ཀྱི་དོགས་པ་གཅོད་ཐུབ་ཀྱང་སྲིད་དོ། །


༡ དཔེ་ཀློག་གིས་བསམ་གཞིག་གཏོང་སྟངས་སློབ་འོང་།


དཔེ་ཀློག་བྱས་དང་མ་བྱས་ཀྱི་ཁྱད་པར་ཆེ་ཤོས་ནི། བསམ་བློའི་ཁྱད་པར་ཏེ། དཔེ་ཀློག་མ་བྱས་ན་ནི་ཟས་ཀྱིས་མ་འགྲངས་པ་དང་འདྲ་བར། རྣམ་ཤེས་བཀྲེས་སྐོམ་གྱིས་མནར་ཡོད་ལ། དཔེ་ཀློག་བྱས་ན་ནི། སེམས་ལྷོད་ལ་བབ་སྟེ་བསམ་གཞིག་གཏོང་ཐུབ་ཅིང་། དེས་ནི་སེམས་ཀྱི་ཡང་གཏིང་ན་གནས་པའི་བདེ་ཚོར་ཞིག་མྱོང་དུ་འཇུག་པར་བྱེད།


ང་ཚོས་རྒྱུན་ལྡན་དུ། མི་ཞིག་དཀའ་ངལ་གྱི་ཀློང་དུ་ཚུད་པ་ནི། ཤེས་རབ་ཀྱིས་མ་འདང་བ་ཡིན་ཞེས་ཤོད་ཀྱི་ཡོད་ལ། དཔེ་ཀློག་ནི་ཤེས་རབ་འཕེལ་ཞིང་མཐོང་རྒྱ་སྐྱེད་པའི་མྱུར་ལམ་ཡིན།


ཤེས་བྱ་འགའ་རེ་ནི། ཤེས་ཚར་ན་རང་གི་ཡིན་ལ། བསམ་བློ་ཁ་ཤས་ཀྱང་། མྱོང་ཐུབ་ན་རང་གི་ཡིན་པ་རེད། འཚོ་བའི་ཉམས་མྱོང་གིས་དཔེ་ཆ་ཀློག་ཅིང་། དཔེ་ཀློག་གི་བློ་སྐྱེད་ཀྱིས་འཚོ་བ་རོལ་དགོས། ནམ་ཞིག་ན། གནད་དོན་ཁ་ཤས་ལ་གདོང་ཐུག་པའི་ཚེ། ཟུར་སྣ་ཚོགས་པ་ནས་བསམ་གཞིག་བྱེད་ཐུབ་ཅིང་། དེ་ལ་བརྟེན་ནས་གནད་དོན་ཐག་གཅོད་ཀྱི་ཐབས་ལམ་ཡག་ཤོས་ཤིག་རྙེད་ཐུབ་པ་ཁྱོད་ཀྱིས་མཐོང་ངེས་ཡིན་ནོ། །

༢ དཔེ་ཀློག་གིས་སེམས་ཁམས་ཞི་འཇམ་བྱེད་འོང་།


དཔེ་ཆའི་ནང་ནས་ཁྱོད་ཀྱིས་མི་མི་འདྲ་བ་མང་པོ་ལ་ངོ་ཤེས་སྒྲིག་ཆོག་ཅིང་། འཚོ་བ་མི་འདྲ་བ་དུ་མ་ཞིག་ཀྱང་མཐོང་ཐུབ་པས། དེ་ལ་བརྟེན་ནས་ཚེ་སྲོག་གི་ཉམས་མྱོང་མི་འདྲ་བ་དུ་མ་ཞིག་ཀྱང་རྙེད་ཐུབ་པ་རེད། རྐང་པའི་འདེགས་འཇོག་མི་ཐུབ་ས་ན། ཡི་གེ་འགྲོ་ཐུབ་ཅིང་། མིག་གིས་མཐོང་ཐབས་མེད་ས་ན་ཡང་། ཡི་གེས་རེག་ཐུབ་པས། དཔེ་ཀློག་བྱེད་པ་ནི། སེམས་ཀྱི་ལྗོངས་རྒྱུ་ཆེས་ཡག་ཤོས་དེའོ། །


དཔེ་ཀློག་བྱས་པའི་འགྱུར་ལྡོག་ཆེ་ཤོས་ནི། སེམས་ཁམས་ཀྱི་འགྱུར་ལྡོག་ཡིན་ལ། དཔེ་ཆ་ཁ་ཤས་བཀླགས་པ་ལ་བརྟེན་ཏེ། ང་ཚོས་རང་ཉིད་སུ་ཞིག་ཡིན་པ་སྔར་ལས་ཀྱང་གསལ་པོར་ཤེས་པས་རྐྱེན་བྱས་ནས། དངོས་ཡོད་དུ་འགྱུར་ཐབས་མེད་པའི་སྟོང་བསམ་མང་པོ་ཞིག་བཞག་རྗེས། རང་ལ་ད་ལྟར་ཡོད་པ་ཐམས་ཅད་ལའང་གཅེས་སྤྲས་ལྷག་པོ་བྱ་ཐུབ་པ་འོང་བ་རེད། དེས་ན། དོ་དོ་དན་དན་གྱིས་དེ་རིང་གསོན་ཐུབ་པའི་མི་སུ་འདྲ་ཞིག་ཡིན་ནའང་། རྨད་དུ་བྱུང་བའོ། །

༣ དཔེ་ཀློག་གིས་མི་ཚེའི་དཀའ་རྙོག་སེལ་འོང་།


དཔེ་ཆ་ལ། “སེམས་ཀྱི་སྨན”ཞེས་འབོད་དོན་ནི། དེས་དོགས་པ་སེལ་ཞིང་། མྱ་ངན་འཇོམས་པས་རེད། སྐབས་མང་པོ་ཞིག་ཏུ། ང་ཚོ་གུ་དོག་པོའི་སྡུག་བསྔལ་དུ་ལྷུང་སྟེ། སུན་སྣང་རྒྱུན་མི་ཆད་པ་ནི། མཐར་གཏུགས་ན་དཔེ་ཀློག་ཉུང་དྲགས་པའི་རྐྱེན་གྱིས་ཡིན་ཏེ། ཚད་བཅས་ཀྱི་ཤེས་བྱ་དང་ཤེས་རབ་ཀྱིས་བཅིངས་ནས། ཕུན་སུམ་ཚོགས་པའི་ཤེས་རབ་ལ་བརྟེན་ཏེ་འཚོ་བའི་དཀའ་ཁག་སེལ་མ་ཐུབ་པར་ལུས་པ་རེད།


མི་ཞིག་ལ་ཆེས་གནད་ཆེ་བ་ནི། འབྱོར་ཕྱུག་ག་རེ་ཙམ་ལྡན་པ་དེ་མ་ཡིན་པར། གཏིང་ཟབ་པའི་ཤེས་ཡོན་དང་། རླབས་ཆེ་བའི་བསམ་བློ་ཡོད་མེད་དེ་རེད་ཅེས་ཁ་ཤས་ཀྱིས་གསུང་འདུག་ལ། ཤེས་ཡོན་དང་བསམ་བློ་ནི། དཔེ་ཀློག་ལ་བརྟེན་ནས་འོང་བ་ཞིག་ཡིན། རྨོངས་འཐོམས་སེལ་བ་དང་། འཁོས་ཞན་འཇོམས་པ་གང་ལའང་། དཔེ་ཀློག་ནི་སྟབས་བདེ་ཞིང་བེད་ཆོད་ཆེ་བའི་ཐབས་ལམ་ནང་གི་གཅིག་ཡིན་པ་རེད།

༤ དཔེ་ཀློག་གིས་དྲིན་ལན་བཟང་འཇལ་གནང་འོང་།


སྙན་ངག་གི་དཔེ་ཀློག་པ་ཞིག་ལ་མཚོན་ན། རང་གི་འཚོ་བ་དེ་ཉིད་ཟང་ཟིང་ཆལ་ཆོལ་ཙམ་གྱིས་བརྫད་མི་ཐུབ་ཅིང་། གནས་སྐབས་པའི་མི་ཚེའི་ཉམས་ཉེས་ཀྱིས་ཀྱང་འཆིང་མི་སྲིད། གཟབ་ནན་གྱིས་བཀླགས་པའི་དཔེ་དེབ་ཐམས་ཅད་ཀྱི་རྣམ་ཤེས་གཏིང་དུ་སིམ་ནས་ཤེས་རབ་ཏུ་གྱུར་ཏེ། སེམས་ཀྱི་དབྱིངས་སུ་ལྷོད་ཀྱིས་འདུག་པས། དེ་ཉིད་སྒུལ་ཙམ་ནས། སྟོབས་ཀྱིས་འཕྱུར་ཞིང་ཤེད་ཀྱིས་འབར་འོང་བ་རེད།


དཔེ་ཀློག་ལ་དགའ་མཁན་ནི། སེམས་པ་དྲོད་ཀྱིས་གཏམས་ཡོད་པས། ཚོར་འདུས་འཇིག་རྟེན་འདིའི་བྱ་དངོས་ཀྱི་རྣམ་འགྱུར་མཐའ་དག་ཤེས་པར་འདོད་ཅིང་། དཔེ་ཀློག་ལ་དགའ་མཁན་ནི། འཚོ་བ་མཚར་སྣང་གིས་ཁེངས་ཡོད་པས། འཇིག་རྟེན་གྱི་དོན་དག་ཕྲན་ཚེགས་ཙམ་ལ་བརྟེན་ནས་བསམ་གཞིག་གཏོང་རྒྱུ་བསྐྱུར་མི་སྲིད།


དཔེ་ཀློག་མང་དུ་སོང་རྗེས། ཁྱོད་ཀྱིས་རང་ཉིད་ལ་རྨང་ནས་འགྱུར་ལྡོག་སོང་ཡོད་པ་མཐོང་ངེས་ཤིང་། ཁྱོད་ཀྱིས་དཔེ་ཀློག་གི་སྟེང་ལ་བཏང་བའི་སྐར་མ་ཐམས་ཅད་ཀྱིས། མ་འོངས་པའི་དུས་སྐབས་ཤིག་ཏུ་དྲིན་ལན་འཇལ་ངེས་པ་ཡིན། ཀྱེ། དུས་ཚོད་བྱུང་ན། དཔེ་ཆ་མང་ཙམ་ཀློགས་ཤིག


༢༠༢༢.༡༠.༩ཉིན། གཞོན་ལམ་གྱིས་བསྒྱུར།




གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号