བུད་མེད་ལ་དོན་ངོ་མར་ཅི་ཞིག་མཁོ་བ་རེད།


སྒྱུར་བ་བོ། སྨིན་དྲུག


སྐུ་ན་གཞོན་པའི་རྒྱལ་པོ་ཡཱ་སིན་ཁྱིམ་མཚེའི་རྒྱལ་ཁབ་ཀྱི་འཇབ་དམག་གིས་འཇུ་བཟུང་བྱས། ཡཱ་སིན་གྱི་ལང་ཚོ་དང་སྤྲོ་སྣང་གིས་རྒྱལ་ཁབ་དེའི་རྒྱལ་པོའི་ཡིད་སེམས་ཅིག་ཅར་དུ་འཕྲོགས། དེ་བས་ཁོ་ལ་སྲོག་ཁྲིམས་མ་བཏང་ཐོག དྲི་བ་དཀའ་མོ་ཁག་པོ་ཞིག་ལ་ལན་ཐེབས་ན། རྒྱལ་པོ་གང་དེས་ཡཱ་སིན་ལ་རང་དབང་སྟེར་བར་ཞལ་བཞེས་གནང་། དེ་བཞིན་ཡཱ་སིན་ལ་ལོ་གཅིག་རིང་བསམ་བློ་གཏོང་བའི་དུས་ཚོད་བྱིན། གལ་ཏེ་ལོ་ཧྲིལ་པོ་དེའི་ནང་དྲི་བ་དེར་ད་དུང་ལན་མ་ཐེབས་པ་ཡིན་ན། ཡཱ་སིན་སྲོག་ཐོག་གཏོང་རྒྱུ་རེད། དྲི་བ་ནི། བུད་མེད་ལ་དོན་ངོ་མར་ཅི་ཞིག་མཁོ་བ་རེད་ཅེས་པ་དེ་རེད།


དེ་ནི་མཐོང་ཐོས་ཅན་གྱི་མི་ཞིག་ལ་མཚོན་ནའང་། དྲི་བ་ཧ་ཅང་ཁག་པོ་མགོ་འཐོམས་དགོས་པའི་གནས་ཤིག་ཡིན་གཤིས། སྐུ་ན་གཞོན་པའི་ཡཱ་སིན་ནི་ལྟ་ཅི་སྨོས། ཡིན་ནའང་། འཆི་བ་ལས་ཤིན་ཏུ་ལེགས་པར་སྣང་བས། ཡཱ་སིན་གྱིས་ལོ་གཅིག་གི་ཆེས་མཐའ་མཇུག་གི་ཉི་མ་དེར་རྒྱལ་པོ་ལ་ལན་འདེབས་རྒྱུ་ཁས་བླངས་དམ་བཅས།


ཡཱ་སིན་རང་གི་རྒྱལ་ཁབ་ཏུ་ལོག་རྗེས་སྲས་མོ་དང་སྨད་འཚོང་མ། ཆོས་དཔོན། རྟོག་གེ་པ། ཕོ་བྲང་ནང་གི་ཨ་ཙ་ར་སོགས་མི་རེ་རེ་ལ་དྲི་བ་དེ་འདྲི་མགོ་བརྩམས་ཤིང་། ཁོས་མི་ཚང་མར་དྲིས་ཚར་ནའང་སུས་ཀྱང་ཁོ་ལ་ཡིད་ཚིམ་པའི་ལན་ཞིག་བྱིན་མ་སོང་། མི་རྣམས་ཀྱིས་མོ་མ་རྒན་མོ་ཞིག་ཡོད་པ་དེར་བློ་དྲིས་ན། ཁོ་མོས་ད་གཟོད་ལན་དེ་ཤེས་ངེས་ཤིང་། ཡང་མོ་མ་དེའི་རིན་ཡོན་ཤིན་ཏུ་མཐོ་བས་རྒྱལ་ཡོངས་སུ་མིང་དུ་གྲགས་འདུག་ཅེས་རྒྱལ་པོར་དྲན་སྐུལ་བྱས།


ལོ་གཅིག་གི་ཆེས་མཐའ་མཇུག་གི་ཉི་མ་སླེབས་ཉེ་འདུག ཡཱ་སིན་ཐབས་ཟད་འུ་ཐུག་སྟེ་མོ་མ་དེ་བཙལ་དུ་སོང་། མོ་མས་ཁོའི་དྲི་བ་དེར་ལན་འདེབས་པར་ཁས་འཆེས། ཡིན་ནའང་རྒྱལ་པོས་ཐོག་མར་ངེས་པར་དུ་ཁོ་མོའི་ཆ་རྐྱེན་དང་ལེན་བྱེད་དགོས་ཟེར། ཆ་རྐྱེན་ནི་ཡོན་ཀྲོའུ་རྒྱལ་ཁབ་ཀྱི་དཔའ་རྟུལ་ཞིག་སྟེ་རྒྱལ་པོ་ཡཱ་སིན་གྱི་གྲོགས་མཆོག་ཅ་བུན་དང་གཉེན་སྒྲིག་བྱེད་རྒྱུ་དེ་རེད། མོ་མ་དེ་ནི་ལུས་སྟོད་སྒུར་ཞིང་། གདོང་པ་བཙོག་འདྲེ་ལྟ་སྲོལ་མེད་པ། ཁ་ན་སོ་གཅིག་ལས་མི་འདུག་པ། ལུས་ཡོངས་དྲི་ངན་གྱིས་ཁྱབ་པ། ད་དུང་ངག་ལས་འཆལ་གཏམ་བར་མེད་དུ་འཛར་བ་མཐོང་ནས་རྒྱལ་པོ་ཡཱ་སིན་འཇིགས་སྣང་གིས་གཙེས། ད་ཕན་ཁོས་དེ་འདྲའི་མིག་ལ་མི་མཛེས་པའི་མི་ཡ་མཚན་ཞིག་མཐོང་མྱོང་མེད་པ་རེད།


ཁོ་པས་རང་གི་གྲོགས་པོ་བཙན་གྱིས་བུད་མེད་དེ་འདྲ་ཞིག་དང་གཉེན་བསྒྲིག་བཅུག་ན། རང་ཉིད་ཀྱི་རྒྱུ་འབྲས་བློ་མིག་གིས་མི་བཟོད་པར་དོགས་ནས་ཆ་རྐྱེན་དེ་དང་ལེན་བྱས་མ་སོང་།


ཅ་བུན་གྱིས་གནས་ཚུལ་དེ་ཤེས་རྗེས། ཡཱ་སིན་ལ། ཁོ་རང་མོ་མ་དེ་དང་གཉེན་སྒྲིག་པར་མོས་མཐུན་ཡོད་ཚུལ་བསྟན། རྒྱུ་མཚན། ཁོ་ལ་མཚོན་ན། ཡཱ་སིན་གྱི་སྲོག་སྐྱོབ་རྒྱུ་དང་། ཡོན་ཀྲོའུ་རྒྱལ་ཁབ་སྲུང་སྐྱོབ་བྱེད་རྒྱུ་ལས་གལ་འགངས་ཆེ་བའི་དོན་ཞིག་མི་འདུག་ཟེར། དེར་བརྟེན་གཉེན་སྒྲིག་མཛད་སྒོ་ཁྱབ་བསྒྲགས་བྱས་ལ། མོ་མས་ཡཱ་སིན་གྱི་དྲི་བར་ལན་བཏབ། དྲིས་ལན་ནི་འདི་ལྟ་སྟེ། བུད་མེད་ལ་མཁོ་ངོ་མ་ནི་རང་གི་ལས་སྐལ་ལ་རང་གིས་ཁ་ལོ་བྱེད་རྒྱུ་དེ་རེད་ཅེས་པ་དེའོ། །


མི་ཚང་མས་དེ་མ་ཐག་མོ་མས་རླབས་ཆེན་གྱི་བདེན་དོན་ཞིག་བཤད་སོང་བ་རྟོགས། ཡཱ་སིན་གྱི་ཚེ་སྲོག་ཉེན་ཁ་ལས་སྐྱོབ་ཐུབ་པ་བྱུང་། ཁྱིམ་མཚེའི་རྒྱལ་ཁབ་ཀྱི་རྒྱལ་པོས་རྒྱལ་པོ་ཡཱ་སིན་གློད་གྲོལ་བཏང་བར་མ་ཟད། ཁོ་ལ་དུས་གཏན་དུ་མི་ཚེའི་རང་དབང་བྱིན།


ཅ་བུན་དང་མོ་མའི་གཉེན་སྟོན་སྟེང་། རྒྱལ་པོ་ཡཱ་སིན་སེམས་སྡུག་གིས་མནར་ཏེ་ངུ་ཤུམ་བྱེད་ཀྱིན་འདུག ཅ་བུན་སྔར་ལྟར་ཁེངས་ཆུང་གཤིས་འཇམ་སྒོས་ལས་དེར་ཞུགས། ཡིན་ནའང་གསོལ་སྟོན་དུ། མོ་མས་ཟས་ནང་ལག་པ་བསྒྲེས་ནས་ཟ་བ་དང་། ཨིག་ཀ་རྒྱག་པ། འོག་རླུང་གཏོང་བ་སོགས་ཧ་ཅང་མི་མཛེས་པའི་སྤྱོད་པས་མི་ཚང་མར་སྐྱུག་མེར་སློང་བ་དང་། ཚོར་སྣང་མི་སྐྱིད་པ་བཟོས།


གཉེན་སྒྲིག་གི་དགོང་མོ་སླེབས་གྲབས་འདུག ཅ་བུན་གྱིས་སྔར་བཞིན་བློ་བརྟན་འགྱུར་མེད་སྒོས་འཇིགས་རུང་གི་མཚན་མོ་དེར་གདོང་གཏོད་ཅི་ཐུབ་བྱས། ཁོ་རང་བག་མའི་ཁང་བའི་ནང་དུ་འབྱོར་བ་ན། ཁོས་མཐོང་མ་མྱོང་བའི་མཛེས་སྡུག་ཡིད་འོང་གི་ཕྱུགས་ཆུང་མ་ཞིག་ཉལ་ཁྲིར་འཁྲེས་སྡོད་བྱས་འདུག ཅ་བུན་ཧང་སང་ཧོན་ཐོར་ཏེ་དོན་ངོ་མར་ཅི་ཞིག་བྱུང་བ་ཁོ་མོར་དྲིས། མཛེས་མ་དེས། ང་རང་ཧ་ཅང་སྣང་བར་མི་འགྲོ་ཞིང་། ཡིད་དུ་མི་སྡུག་པའི་མོ་མ་ཞིག་ཡིན་དུས་ཅ་བུན་ཁོ་མོར་ཤིན་ཏུ་བཟང་བས། ཉིན་ཞག་གཅིག་གི་དུས་ཡུན་གྱི་ཕྱེད་ཀར་མོ་རང་གི་མི་མཛེས་པའི་ཆ་དང་གཞན་དུ་མཛེས་པའི་ཆ་མངོན་པ་ཡིན་ཞེས་བཤད།


དེ་ནི་ཅི་འདྲའི་གདུག་རྩུབ་ཀྱི་དོན་ཞིག་རེད་ཨང་། ཅ་བུན་གྱིས་རང་གི་དཀའ་གནད་ལ་བསམ་གཞིགས་གཏོང་འགོ་བརྩམས། ཉིན་མོར་གྲོགས་པོ་ཚོར་བུད་མེད་མཛེས་མ་ཞིག་མངོན་པ་ཡིན་ན། མཚན་མོར་རང་ཉིད་བགྲེས་ཤིང་བཙོག་པའི་མོ་མ་ཞིག་དང་མཉམ་དུ་རོལ་དགོས་ལ། ཡང་ཉིན་མོར་མོ་མ་ཆུང་མ་བཙོག་འདྲེ་དེ་བདམས་པ་ཡིན་ན། མཚན་མོར་བུད་མེད་མཛེས་མ་ཞིག་དང་མཉམ་དུ་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ……


ཅ་བུན་གྱིས་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་མཐར། མཐའ་མར་ཁོས་གདམ་གསེས་གང་ཡང་མ་བྱས་པར་ཆུང་མ་ལ། བུད་མེད་ལ་མཁོ་ངོ་མ་རང་གི་ལས་སྐལ་ལ་རང་གིས་ཁ་ལོ་བྱེད་རྒྱུ་དེ་ཡིན་ན། ད་ནི་ཁྱོད་རང་གིས་ཐག་ཆོད་ཅེས་བཤད། དེ་ལ་མོ་མ་དེས་ཉིན་མཚན་དབྱེར་མེད་དུ་བུད་མེད་མཛེས་མ་ཞིག་བྱེད་རྒྱུའི་གདམ་གསེས་བྱས་པ་རེད།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号