བྱིས་སྒྲུང་དང་འབྲེལ་བའི་ལོ་མཇུག་གི་སྐད་ཆ་ཚིག་གཉིས།
རྩོམ་པ་པོ།:འབྲོང་ཕྲུག་ལྷ་ཆེན་རྒྱལ།
ནམ་རྒྱུན། ལོ་མཇུག་ལ་ཐོན་མ་ཐག་ཏུ་ལོ་མཇུག་གི་སྐད་ཆ་བཤད་རྒྱུ་དེ་ཁོ་བོའི་གོམས་གཤིས་ཤིག་ཏུ་གྱུར་ཟིན། གོམས་གཤིས་ནི་བསྒྱུར་དུ་མི་རུང་བ་ཞིག་མིན་ནའང་། ཅིས་ཀྱང་བསྒྱུར་དགོས་དོན་ཀྱང་ཅི་ཡོད་ཨང་།
ད་ལོ་ནི་དོན་ཆེན་མི་འགྲུབ་པའི་ལོ་ཞིག་རེད་མོད། དོན་ཆུང་ཞོར་དུ་འགྲུབ་པའང་ཡོད་དེ། ལོ་སྟོད་ལ་མི་དམངས་སྨན་ཁང་དུ་ནད་གསོ་བའི་ཞོར་དུ་རིག་ལྡན་རྒྱ་མཚོའི«སྐད་ཆ་བཤད་ཤེས་པའི་བྱ་ཕོ»སོགས་བྱིས་སྒྲུང་ཁག་བཞི་ཅན་གྱི་དཔེ་ཚོགས་ཤིག་བཀླགས་ཚར་ཞིང་། བཀླགས་བྱང་ཀྱང་རིང་ལ་ཐུང་བ་ཞིག་ཁ་པར་དུ་གཏགས་ཐུབ་པ་བྱུང་། དབྱར་གནང་དུའང་བྱ་གཞུང་དབྱངས་བྷའི«སྙན་ངག་གི་རྣམ་གཞག་གཡུང་དྲུང་ལག་འཁྱུད»བཀླགས་ཤིང་། སྙན་གཞུང་འདི་འོས་སྦྱོར་གྱི་རྩོམ་ཐུང་ཞིག་རྨ་ལྷོ་བོད་ཡིག་ཚགས་པར་སྟེང་དུ་བཀོད་དེ། སྙན་ངག་གི་ལས་དང་པོ་བ་རྣམས་ལ་ཕན་པའི་རྒྱུ་རུ་རེ་ཞིང་སྨོན་མྱོངས། དེ་བཞིན་དུ་ད་ལོ་གཅིག་པུར་སི་ཕེན་གྱི་རྩོམ་པ་པོ་གྲགས་ཅན་རྒ་ཞི་ཡ•མཱར་རྒི་ཟིའི་སྒྲུང་རིང«ལོ་བརྒྱའི་ཁེར་རྐྱང»གི་རྒྱ་འགྱུར་མ་དང་བོད་འགྱུར་མ། ཐ་ན་ལེའུ་བརྒྱད་ཅན་གྱི་བརྙན་འཕྲིན་ཟློས་གར་ལའང་ལྟ་ཐུབ་པ་བྱུང་བས་ཅུང་དགའ་ཡང་དགའ་ལ་སྐྱིད་ཀྱང་སྐྱིད་པར་འདུག་གོ ། ཡིན་ནའང་། དེ་དག་གཙོ་བོ་མ་ཡིན་པར་ངས་བརྗོད་པའི་སྐད་ཆ་ཚིག་གཉིས་ནི་བྱིས་སྒྲུང་དང་འབྲེལ་བ་ཡོད།
སྐད་ཆ་དང་པོ། «ཉི་ཆོས་བཟང་པོའི་གཏམ་རྒྱུད་རིས་སྒྲུང་དཔེ་ཚོགས»
«ཉི་ཆོས་བཟང་པོའི་གཏམ་རྒྱུད་རིས་སྒྲུང་དཔེ་ཚོགས»ཞེས་པ་འདི་ནི་རི་མོ་པ་ཀླུ་ཚང་བསོད་ནམས་འབུམ་དང་ངེད་གཉིས་ཀྱིས་མཉམ་འབྲེལ་སྒོས་ཇུས་འགོད་དང་བཅོས་སྒྲིག ཡིག་རིས་སུ་ཕབ་པ་ཡིན་ལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གི1980ལོའི་པར་གཞི་དང་པོ་གཞིར་བཟུང་བ་དང་། གཏམ་རྒྱུད་ཀྱི་དགོས་མཁོ་དང་ཡིག་རིས་དེབ་ཀྱི་ཁྱད་ཆོས་མངོན་པར་དོད་ཆེད་འཕྲི་སྣོན་གང་འཚམ་ཞིག་ཀྱང་བྱས་ཡོད་ལ། རྒྱ་ཆེའི་རོང་འབྲོག་མང་ཚོགས་གཙོ་བྱས་རང་རེའི་སྐྱེས་བུ་རྒན་དར་གཞོན་ཆུང་ཀུན་གྱིས་གོ་ཐུབ་པའི་སྐད་ཆའི་སྦྱོར་བ་ཁོ་ན་བེད་སྤྱད་པར་མ་ཟད། རྒྱ་ཆེའི་ཀློག་པ་པོའི་སློབ་སྦྱོང་གི་ཁོར་ཡུག་ལ་བསྟུན་ནས་བོད་རྒྱ་ཡིག་རིགས་གཉིས་ཀ་ཤན་སྦྱར་དུ་བཀོད་ཡོད།
ཁོ་བོས་བརྩམས་ཆོས་འདིའི་ངོ་སྤྲོད་དུ། “ཉི་ཆོས་བཟང་པོ་ནི་བོད་ལྗོངས་ལྷོ་ཕྱོགས་ཀྱི་སྣེ་གདོང་རྒྱལ་པོའི་བློན་པོ་བློ་རྣོ་བ་ཞིག་ཡིན་པ་དང་། «ཉི་ཆོས་བཟང་པོའི་གཏམ་རྒྱུད»དུ། ཉི་ཆོས་བཟང་པོ་ནི་རང་ཉིད་ཀྱི་བློ་དང་རིག་པ། ཐབས་དང་ཤེས་པ་ལ་བརྟེན་ནས་འབངས་མི་སེར་གྱི་བདེ་སྡུག་བསམ་མཁན་ཞིག་དང་། འབངས་མི་སེར་གྱི་ཆེད་དུ་དབང་སྒྱུར་གྲལ་རིམ་གྱི་ཁ་གཏད་དུ་ལངས་ཐུབ་པའི་དཔའ་མཛངས་གཉིས་ལྡན་གྱི་མི་སྣ་ཞིག་ཏུ་བཞེངས་ཡོད་པ་རེད། དེ་ནི་སྐབས་དེའི་ཞིང་བྲན་མང་ཚོགས་ཀྱི་བསམ་བློའི་རེ་འབོད་ཅིག་ཡིན་ངེས་པས། བཙན་པོའི་གཉའ་གནོན་མི་འཁུར་ཞིང་གཉོམ་ཆུང་མཐའ་ནས་སྐྱོང་མཁན་དེ་འདྲ་ཞིག་ལ་རེ་ལྟོས་བྱེད་པ་ནི་སྐབས་དེའི་སྤྱི་ཚོགས་སུ་དཔེ་སྲིད་པ་ཞིག་སྟེ། དེ་བས། «ཉི་ཆོས་བཟང་པོའི་གཏམ་རྒྱུད»ཀྱང་རང་རེའི་བོད་ཀྱི«ཨ་ཁུ་སྟོན་པའི་གཏམ་རྒྱུད»དང་སོག་རིགས་ཀྱི«དཔལ་ལྷ་ཀུན་བཟང་གི་གཏམ་རྒྱུད» ཡུ་གུར་རིགས་ཀྱི«ཨ་ཧྥན་ཐུའི་གཏམ་རྒྱུད»ནང་བཞིན་དམངས་ཁྲོད་དུ་དར་ཁྱབ་ཆེན་པོ་ཡོད་པ་རེད།”ཅེས་སུ་བཀོད་ཡོད། གང་ལྟར་དཔེ་ཚོགས་འདི་ད་ལྟ་བོད་ཁུལ་གྱི་དཔེ་ཁང་སོ་སོར་བཀྲམས་ཟིན་པས། ད་ནི་རང་གི་བུ་ཆུང་གཉིས་ཀ་གཙོ་བྱས་བོད་སྐད་བོད་ཡིག་གིས་དཔེ་ཀློག་བྱེད་མཁན་ཆུང་ཆུང་དག་ལ་དགུན་གནང་འདིར་བསམ་པའི་རྒྱགས་ཕྱེ་ཕྲན་ཙམ་གྱིས་ཕན་འདོགས་ཐུབ་སོང་སྙམ་པའི་ང་རྒྱལ་དང་སྤོབས་པ་ཆེར་འདུག་གོ །
སྐད་ཆ་གཉིས་པ། «ཞི་ལའི་མིང་ལ་སྟག་ཁྲ་ཟེར»
ད་ལོའི་ལོ་སྨད་ལ། ཁྱོན་སྔ་གཞུག་ལོ་གཉིས་རིང«གངས་རྒྱན་ན་ཆུང་ཚགས་པར»སྟེང་དུ་མུ་འགོད་བྱས་པའི«ཞི་ལའི་མིང་ལ་སྟག་ཁྲ་ཟེར»ཞེས་པའི་བྱིས་སྒྲུང་དེར་གཞི་ནས་རྫོགས་ཚིག་བཀོད་ཅིང་། དགེ་གྲོགས་ཀུན་མཚོ་སྐྱིད་ཀྱི་བར་བཅུག་རི་མོའང་འགྲུབ་ལ་ཉེ་བར་ཡོད་དེ། ཁོ་བོའི་ཐོག་མའི་འཆར་གཞི་ལྟར་ན། མུ་འབྲེལ་བྱིས་སྒྲུང་རིང་མོ་འདི་ནི་ལོ་གཅིག་གི་དུས་ཚོད་ལ་འདང་བརྒྱབ་ཡོད། ཡིན་ནའང་། སློབ་ཆུང་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་གསོ་སློབ་ཁྲིད་ཀྱི་ཞར་དང་ཞོར་ནས་ད་དུང་གཞུང་སྒེར་གྱི་བྱ་བའི་དོན་དག་མང་པོ་ཞིག་བསྒྲུབ་དགོས་ལ། དེ་དག་ཕུད་པའི་དུས་ཚོད་ལྷག་མ་བཙལ་ནས་གསར་རྩོམ་བྱ་དགོས་པ་ཞིག་ཡིན་པས་ན། བྱིས་སྒྲུང་འདིའང་སྔ་གཞུག་གི་ལོ་ངོ་གཉིས་ཡུན་ལ་བསྲིངས་དགོས་སོང་།
ཞི་ལ་ཞིག་གི་གཏམ་རྒྱུད་འབྲི་རྒྱུ་དེ་ནི་ཁོ་བོའི་ཆུང་དུས་ཀྱི་དཔེ་ཀློག་ལ་འབྲེལ་བ་དམ་དུ་ཡོད་དེ། ཁོ་བོ་ནི་ཆུང་དུས་ནས་སྲོག་ཆགས་ཀྱི་གཏམ་རྒྱུད་ཀློག་རྒྱུར་དགའ་བོ་ཡོད། སྲོག་ཆགས་ཀྱི་གཏམ་རྒྱུད་ཅེ་ནའང་དེ་འདྲའི་མང་པོ་ཞིག་མེད་པར། «རི་བོང་ཁ་ཤོ་དང་དྲེལ་ཕྲུག་རྒྱ་རིལ»དང«སྤྱང་ཀི་དང་ལུ་གུ» «ཁྭ་ཏ་དང་ཝ་མོ»སོགས་རེ་འགའ་ལས་དྲན་རྒྱུ་མི་འདུག རྗེས་སུ། དམའ་འབྲིང་ནས་བཟུང«རྫ་ཙིག་གཏམ་རྒྱུད»དང«བྱ་སྤྲེལ་གཏམ་རྒྱུད»ལྟ་བུའང་རིམ་པར་བཀླགས་པ་ཡིན་ངེས། ད་ལྟ་ད་དུང་ཡང་ཁོ་བོའི་སྲོག་ཆགས་ཀྱི་གཏམ་རྒྱུད་བཀླག་འདུན་ཉམས་མེད་པ་དེ་ཡང་ཆུང་དུས་ཀྱི་དཔེ་ཀློག་ལ་འབྲེལ་བ་དམ་དུ་ཡོད་ངེས་རེད།
ཁོ་བོར་མཚོན་ན་གཏམ་རྒྱུད་ཅིག་བློས་བསླངས་བྱེད་རྒྱུ་དེ་ནི་དེ་འདྲའི་དཀའ་མོ་ཞིག་མ་ཡིན་ནའང་། གཏམ་རྒྱུད་ཀྱི་འཕེལ་རིམ་དང་འཚམ་པའི་མི་སྣ་གསར་བསྐྲུན་བྱ་རྒྱུ་དེ་ནི་ཅུང་ཁག་པོ་འདུག ལྷག་པར་རང་གཤིས་ཅན་གྱི་མི་སྣ་ནི་དེ་བས་ཀྱང་བསྐྲུན་མི་ཐུབ་པར་འདུག དེ་བས། བྱིས་སྒྲུང་འདི་ཡང་བྲིས་ཀྱིན་བྲིས་ཀྱིན་བྲི་རྒྱུ་མེད་པ་ལྟ་བུ་ཞིག་ཆགས་ཏེ། མུ་མཐུད་དུ་རྒྱུན་སྐྱོང་བ་ལ་བར་ཆད་རབས་དང་རིམ་པར་བྱུང་སོང་།
བྱིས་སྒྲུང་འདི་ཐོག་མར་བློས་བསླངས་བྱེད་དུས་སུ། གཏམ་རྒྱུད་ཀྱི་གཞུང་རྟ་མི་གཙོ་བར་གཏམ་རྒྱུད་ཀྱི་བར་གསེང་དུ་བཅུག་པའི་བོད་ཀྱི་བྱིས་པའི་སྲོལ་རྒྱུན་རྩེད་མོ་དེ་དག་ལ་དམིགས་པ་ཡིན་མོད། རང་ཉིད་ལ་ཆ་རྒྱུས་ཆེ་ཞིང་ཆུང་དུས་ནས་རྩེད་ལོབས་སུ་སོང་བའི་བྱིས་པའི་རྩེད་མོ་དེ་འདྲ་མང་པོ་མི་འདུག་པས། གཏམ་རྒྱུད་རེ་རེར་བྱིས་པའི་རྩེད་མོ་རེ་རེ་བཀོད་སྒྲིག་བྱེད་པའི་འཆར་གཞིར་འགྱུར་བ་གཏོང་དགོས་བྱུང་བར་མ་ཟད། གཏམ་རྒྱུད་ཀྱི་དགོས་མཁོར་དམིགས་ཏེ་གླུ་དང་གཏམ་དཔེ་སོགས་དམངས་ཁྲོད་ཀྱི་སྒྱུ་རྩལ་རེ་འགའ་ཡང་ཁ་སྣོན་བྱ་དགོས་བྱུང་། དེ་ནི་ཁོ་བོ་ཆུང་དུས་ཀྱི་བག་ཆགས་དང་འབྲེལ་བ་དམ་པོར་ཡོད་དེ། ཁོ་བོ་ནི་སྟབས་ལེགས་ཏེ་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ཆེས་ཆེར་དར་ཁྱབ་འབྱུང་གིན་པའི་དུས་རབས་ཤིག་ལ་སྐྱེས་ཤིང་། ཁོར་ཡུག་དེ་འདྲ་ཞིག་ནས་ནར་སོན་པ་ཡིན་པས་ངའི་བག་ཆགས་མཐུག་པོ་དེ་ཡང་དམངས་ཁྲོད་སྒྱུ་རྩལ་གྱིས་ཇེ་མཐུག་ཏུ་བཏང་ཡོད། ད་ནི་ཁོ་བོས་རང་གི་བློ་ཁོག་གི་གླུ་དང་གཏམ་དཔེ་ལྟ་བུ་དེ་དག་མི་རབས་རྗེས་མའི་ཀློག་སྐལ་དུ་འཇོག་དགོས་པ་མིན་ནམ།
གང་ལྟར། ལོ་གཅིག་འདི་ལྟར་རིང་ཡང་རིང་ལ་ཐུང་ཡང་ཐུང་བའི་ངང་ནས་མཇུག་རྫོགས་ལ་ཉེ་དུས་འདིར། ཁོ་བོས་ད་དུང་ཅི་ཞིག་གི་འདོད་བློ་མ་ཁེངས་པའི་ཕྱིར་མིག་ཡང་ཡང་བལྟ་བསམ་དུས། སྙིང་དང་འདྲ་བའི་སྙིང་གི་ཀློག་པ་པོ་དག་ལ་རྩིས་སྤྲོད་བྱེད་རྒྱུ་མང་དུ་མེད་པའི་ནོངས་འགྱོད་ལས་ཅི་ཡང་མི་རྙེད་པར་འདུག་ན། སང་ལོ་ང་ཚོ་ཁོ་བོའི་བློས་བསླངས་ཁྲོད་ཀྱི་བྱིས་སྒྲུང་རིང་མོ«བློ་ལྡན་བཀྲ་ཤིས་དང་བློ་མང་དོན་གྲུབ»ལས་མཇལ་འཛོམས་བྱའོ། །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注