འཛམ་གླིང་དཔེ་ཀློག་ཉིན་མོར་དེབ་ཡག་འོས་སྦྱོར་ཞུ།
ཉེ་ལམ། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་ཀྱིས་བརྩམས་གནང་བའི་དེབ་གསར«བོད་ཀྱི་ཉེ་རབས་སྒེར་པའི་ལོ་རྒྱུས»ཞེས་པ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་གནང་མ་ཐག་ཡིན་མོད། ཉིན་འདི་ཚོར་བོད་ཀྱི་ཤེས་ཡོན་པའི་སྡེ་རུ་དེབ་ལ་འདི་ལ་དོ་སྣང་དང་བཀླག་འདུན་གྱི་ཚ་རླབས་ཤིག་ག་ས་གང་དུ་འཕྱུར་བཞིན་འདུག
ནང་དོན་མདོར་བསྡུས།
བརྩམས་ཆོས་འདི་ཡི་ནང་དོན་གཙོ་བོ་རྣམས་ངོ་སྤྲོད་ཞུས་ན་འདི་ལྟར་ཡིན་ཏེ། གཅིག་ནི་ཁོ་བོས་ལོ་ངོ་བཞི་བཅུ་ཙམ་གཅེས་ཉར་བྱས་པའི་བཀའ་ཤག་གི་སྒེར་པའི་ཁྱིམ་ཚང་གི་ཐོ་གཞུང་འདྲ་བཤུས་ཤིག་མཚམས་སྦྱོར་དང་དེ་ལ་བརྟག་ཞིབ་ཅུང་ཞིབ་ཙམ་བྱས་པ་དེ་ཡིན། གཉིས་ནི་རབ་བྱུང་བཅུ་གཅིག་པའི་ཆུ་རྟ1642ལོ་ནས་རབ་བྱུང་བཅུ་དྲུག་གི་ས་ཕག1959ལོའི་བར་དགའ་ལྡན་ཕོ་བྲང་སྲིད་དབང་གི་ལོ་ངོ317རིང་གི་སྒེར་པའི་ཁྱིམ་རྒྱུད་ཀྱི་འབྱུང་ཁུངས་དང་། ཡབ་གཞིས་དང་། སྡེ་དཔོན། མི་དྲག སྒེར་པ་ཞེས་པའི་སྒེར་པ་རིམ་གྲས་དྲག་འབྲིང་དཀྱུས་གསུམ་ལ་འགྲེལ་པ་ཞུས་ཡོད། གསུམ་ནི་བཀའ་ཤག་དང་ཡིག་ཚང་ལ་སོགས་པའི་སྲིད་དབང་སྒྲིག་གཞི་དང་། སྡེ་སྲིད། སྲིད་སྐྱོང་། སྲིད་བློན། བཀའ་བློན། མདའ་དཔོན། རྩིས་དཔོན། ཕོགས་དཔོན། སྤྱི་ཁྱབ། བཀའ་མགྲོན། བཀའ་དྲུང་སོགས་པའི་དཔོན་གནས་དང་། ཝང་། གུང་། ཛ་སག ཐའི་ཇི། པའི་ལེ། པའི་སི་སོགས་པའི་མི་དྲག་གི་མཚན་གནས་སོགས་པ་ངོ་སྤྲོད་བྱས་པ་དེ་ཡིན། བཞི་ནི་སྒེར་པའི་ཁྱིམ་རྒྱུད་ཡབ་གཞིས་དྲུག་དང་སྡེ་དཔོན་བཞི། མི་དྲག་བཅོ་བརྒྱད། བཀའ་བློན་ལས་ཞབས་སུ་འཁོད་པའི་སྒེར་འབྲིང་དཀྱུས་ཀྱི་ཁྱིམ་རྒྱུད་བཅུ་གཉིས། རྩིས་དཔོན་གསུམ། མདའ་དཔོན་གསུམ། སྒེར་འབྲིང་དཀྱུས་ཁྱིམ་རྒྱུད་སུམ་ཅུ་བཅས་བསྡོམས་སྒེར་པའི་ཁྱིམ་རྒྱུད་བདུན་ཅུ་དོན་དྲུག་གི་དར་རྒུད་འཕེལ་རིམ་རྒྱས་མིན་ལ་མ་བལྟོས་པར་མཚམས་སྦྱོར་བྱས་ཡོད། ལྔ་ནི་སྒེར་དྲག་འབྲིང་དཀྱུས་གསུམ་གྱི་གཞིས་ཀའི་དབྱེ་བ་དང་། གཞིས་ཀའི་ས་ཞིང་རྒྱ་ཁྱོན། གཞིས་ཀའི་ལོ་རེའི་ཡོང་འབབ་དང་འགྲོ་སོང་། གཞིས་ཀ་སྩོལ་བའི་ལམ་སྲོལ། གཞིས་ཀ་གཞུང་བཞེས་ཀྱི་ལམ་སྲོལ་སོགས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཡོད། དྲུག་ནི་སྒེར་དྲག་འབྲིང་དཀྱུས་གསུམ་གྱི་གཉེན་སྒྲིག་གི་སྤྱིར་བཏང་འགྲོ་ལུགས་དང་། བག་མ་ལེན་སྲོལ། མག་པ་ལེན་སྲོལ། དམིགས་བསལ་གཉེན་སྒྲིག་གི་ལམ་སྲོལ་སོགས་ཀྱི་སྐོར་ལ་རང་གི་ལྟ་བ་ཚང་ཚིང་རྣམས་སྨྲ་བརྗོད་བྱས་ཏེ་གྲོས་སུ་འདེབས་པའི་ཚུལ་དུ་བྲིས་ཡོད། བདུན་ནི་སྲིད་དོན་དང་འབྲེལ་བའི་གཞས་ཚིག་སྟེ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་སྲིད་དོན་ཐོག་ལ་གནས་ཚུལ་འདྲ་མིན་བྱུང་ཚེ་སྤྱི་ཚོགས་ནང་དམངས་གཞས་སམ་ཁྲོམ་གཞས་ཀྱི་རྣམ་པའི་ཐོག་ནས་ཟུར་ཟ་དང་། རྒྱག་གཏམ། འཕྱ་སྨོད། དམའ་འབེབས་སོགས་ཅི་རིགས་བྱས་པའི་སྐོར་རྣམས་བཀོད་ཡོད།འོས་སྦྱོར་ཞུ་བའི་རྒྱུ་མཚན། གཅིག་ནས་བོད་རྙིང་པའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནས་སྟངས་ཞིབ་འཇུག་གཏིང་ཟབ་ཏུ་གཏོང་རྒྱུ་དང་། གཉིས་ནས་རྒྱ་ཆེའི་ཀློག་པ་པོ་ཚོས་ཉེ་རབས་བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་ཕྲན་བུ་ཡོང་རྒྱུ། གསུམ་ནས་བོད་ཀྱི་ཤེས་རིག་དང་ལོ་རྒྱུས་ལ་སོགས་པའི་བོད་རིག་པའི་ཞིབ་འཇུག་བྱ་གཞག་མ་ཉམས་གོང་འཕེལ་ལ་སྨན་པ་གྱུར་ཅིག
རྩོམ་པ་པོ་ངོ་སྤྲོད།
པ་ཚབ་པ་སངས་དབང་འདུས། གཞིས་རྩེ་ཞོལ་ནས་ཡིན་ཞིང་། པ་ཚབ་པ་ཞེས་པའི་ཁྱིམ་དུ་འཁྲུངས། པ་ཚབ་ཅེས་པ་ནི་ཁྱིམ་ཚང་གི་མིང་དེ་ལྟར་ཐོགས་པ་ལས་རུས་ཀྱི་མིང་ཡིན་མིན་རྩད་ཁུངས་མ་ཆོད་གསུངས། བྱིས་པའི་དུས་ནས་མེས་པོ་ཕུར་བུ་ཚེ་རིང་དང་ཡབ་དམ་ཆོས་གཉིས་ཀྱི་བཀའ་དྲིན་ལས་ཡི་གེ་འབྲི་ཀློག་སྦྱངས། དེ་ནས་གཞིས་ཀ་རྩེ་གེ་སར་ལྷ་ཁང་སློབ་ཆུང་དང་། གཞིས་རྩེ་དམའ་རིམ་སློབ་འབྲིང་རིམ་བཞིན་འགྲིམས། སྤྱི་ལོ1966ལོར་ལྷ་ས་མཐོ་རིམ་སློབ་འབྲིང་ནས་སློབ་ཐོན་བྱུང་། སྤྱི་ལོ1969ལོའི་ཟླ9པ་ནས་ལོ་གཅིག་དང་ཟླ་བ་གསུམ་རིང་གཞོན་ནུ་ཤེས་ཡོན་ཅན་གྱི་མིང་ཐོག་ནས་སྟོད་ལུང་ལམ་པ་གྲོང་ཚོར་ཞིང་ལས་གནང་། དེ་རྗེས་ལོ་དགུའི་རིང་ལྷ་ས་གྲོང་ཁྱེར་ཆུ་བེད་ལས་ཁུངས་ཀྱི་ཚན་རིག་ལག་རྩལ་མི་སྣ་ཞེས་པའི་ལས་གནས་བཞེས། སྤྱི་ལོ1980ལོར་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་མི་སྣ་བསྡུ་བའི་རྒྱལ་ཡོངས་གཅིག་གྱུར་གྱི་རྒྱུགས་ལེན་ལ་ཞུགས་པས་རྒྱུགས་འཕྲོད་ནས་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་དངོས་སྦྱོང་ཞིབ་འཇུག་པའི་ལས་གནས་བཞེས། དེ་ནས་བཟུང་སྐུ་ཚེའི་ལོ་དུས་ཕལ་ཆེ་བར་བོད་ཀྱི་གནའ་རབས་ལོ་རྒྱུས་དང་། རྡོ་རིང་གི་ཡི་གེ་དང་བང་སོ། ཡིག་རྙིང་བྲིས་མ། ལོ་རྒྱུས་ས་མིང་། ཉེ་རབས་དབུས་གཙང་སྒེར་པའི་ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་དང་སྦྲགས་རྩོམ་འབྲི་གནང་དང་གནང་མུས་ཐོག བོད་རྒྱ་ཡིག་རིགས་གཉིས་ནས་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་བརྩམས་ཆོས་དང་དཔྱད་རྩོམ་འབོར་ཆེན་སྤེལ། ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་སློབ་དཔོན། སི་ཁྲོན་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་རིག་གཞུང་ལྷན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་སོགས་ཀྱི་ལས་གནས་བཞེས་མུས་ཡིན།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注