ཐ་མག་གི་གནོད་པ།
གློ་བ་བདེ་ཐང་ཡོང་བའི་བྱེད་ཐབས་ཆེས་བཟང་པོ་ནི་ཐ་མག་ཇེ་ཉུང་དུ་གཏོང་བ་དང་གཞན་བརྒྱུད་ཐ་མག་ལ་འབྲེལ་འདྲིས་བྱེད་ཚད་ཇེ་ཉུང་དུ་གཏོང་རྒྱུ་དེ་རེད། ཐ་མག་ཁྱབ་གདལ་དུ་འགྲོ་བ་ནི་འཛམ་གླིང་འདིར་ད་ལྟ་འཕྲད་པའི་སྤྱི་པའི་འཕྲོད་བསྟེན་གྱི་འཇིགས་སྣང་ཞིག་ཡིན་ལ། ལོ་རེར་འཛམ་གླིང་སྟེང་གི་མི་ཁྲི་ཚོ500ཐ་མག་ལ་འབྲེལ་བ་ཡོད་པའི་ནད་རིགས་ལས་ཤི་བ་རེད།
ཐ་མག་གི་གནོད་འཚེ།
ཐ་མག་གི་ནང་དུ་ཤེས་ཟིན་པའི་རྫས་འགྱུར་གྱི་རིགས་སྣ7000ལྷག་ཡོད་ལ། དེའི་ནང་དུ་གནོད་ལྡན་གྱི་རིགས250ཡོད་པ་དང་། འབྲས་སྐྲན་འབྱུང་རྐྱེན་དུ་གྱུར་པའི་རྒྱུ70ཡོད་པ་རེད། དུས་ཡུན་རིང་བོར་ཐ་མག་འཐེན་མཁན་ཁྲོད་ཀྱི་མི་ཕྱེད་ཀ་ནི་སྙིང་ནད་དང་དལ་གཤིས་གློ་ནད། འབྲས་སྐྲན་བཅས་ཐ་མག་འཐེན་པ་ལས་བྱུང་བའི་ནད་རིགས་ཀྱིས་ཤི་བ་རེད།
ཐ་མག་འཐེན་ན་གློ་འབྲས་དང་ཕོ་འབྲས། གྲིབ་སྐྱོན་ཕོག་པ། སྙིང་རྩ་འགགས་པ། དབུགས་འཚང་བ། འབྱིན་རྔུབ་དཀའ་བ། སོ་མཐའི་ནད། ཁ་སྦུག་གི་འབྲས་སྐྲན་སོགས་ནད་རིགས་མང་པོ་སློང་སྲིད། ཐ་མག་འཐེན་ན་ཀླད་ཁྲག་ཤོར་བ་དང་སྙིང་རྩ་འགགས་པའི་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ་དང་། དལ་གཤིས་དང་འགག་པའི་རང་བཞིན་གྱི་གློ་ནད། ན་གཞོན་ལོ་ཆུང་གི་དབུགས་འཚང་བ། དབུགས་ལམ་ལ་གཉན་ཚད་རྒྱས་པ་བཅས་ཀྱི་ཉེན་ཁ་ཇེ་མཐོར་འགྲོ་བ་རེད། རང་རྒྱལ་གྱི་ཐ་མག་འཐེན་མཁན་ལ་གྲིབ་ནད་ཕོག་པའི་ཉེན་ཁ་དེ་ཐ་མག་མི་འཐེན་པའི་མི་ལས་ལྡབ2ནས3.5ཡིས་མཐོ་བ་དང་། སྐྱེས་པར་གྲིབ་ནད་ཕོག་མཁན་གྱི་ནད་པའི90%ཡན་ནི་ཐ་མག་འཐེན་མཁན་རེད། ད་ལྟའི་ཐ་མག་འཐེན་མཁན་ཁྲོད་ཀྱི་ཕྱེད་ཀའི་ཡན་ནི་ཐ་མག་མི་འཐེན་མཁན་ལས་ཤི་སྔ་བའི་ཉེན་ཁ་ཡོད། ཐ་མག་འཐེན་མཁན་གྱི་ཆ་སྙོམས་ཚེ་ཚད་དེ་ཐ་མག་མི་འཐེན་པའི་མི་ལས་ཉུང་མཐའ་ཡང་ལོ10ཇེ་ཐུང་དུ་འགྲོ་བ་རེད། གནོད་པ་མེད་པའི་ཐ་མག་ཞིག་ཡོད་མི་སྲིད་པས་ཐ་མག་འཐེན་ཚེ་གནོད་པ་ཡོད་ཁོ་ཐག་ཡིན། “འཚིག་སྣུམ་ཉུང་བའི་ཐ་མག”དང“ཀྲུང་སྨན་རྩྭའི་ཐ་མག”གིས་ཐ་མག་འཐེན་མཁན་ལ་ཐེབས་པའི་གནོད་འཚེ་ཇེ་ཉུང་དུ་གཏོང་མི་ཐུབ་པ་མ་ཟད། ཐ་མག་འཐེན་པར་བསླུ་བྲིད་ཐེབས་ནས་ཐ་མག་འཐེན་མཁན་གྱིས་ཐ་མག་གཅོད་པར་གནོད་པ་ཐེབས་སྲིད།
ཐ་མག་གི་དུ་ཞག་གི་གནོད་སྐྱོན།
ཐ་མག་གི་དུ་ཞག་ནི་ཐ་མག་འབར་བའི་བརྒྱུད་རིམ་ཁྲོད་ཁོར་ཡུག་ཏུ་འཐུལ་བའི་དུ་བ་ལ་ཟེར་ཞིང་། དེའི་ནང་དུ་ཐ་མག་འཐེན་མཁན་གྱི་ཁ་ནས་ཕྱིར་བཏོན་པའི་དུ་ཞག་དང་ཐ་མག་འབར་བའི་བརྒྱུད་རིམ་ཁྲོད་ཕྱིའི་མཁའ་དབུགས་ཁྲོད་འཐུལ་བའི་དུ་ཞག་གཉིས་ཀ་འདུ། གྲུབ་ཆའི་ཐད་ནས་དུ་ཞག་དང་ཐ་མག་འཐེན་མཁན་གྱིས་རྔུབ་པའི་དུ་ཞག་གཙོ་བོ་གཉིས་ཀྱི་བར་ཁྱད་པར་མེད།
དུ་ཞག་གིས་མི་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་དེ། དེས་གློ་འབྲས་དང་སྙིང་རྩ་རེངས་པའི་ནད། ཀླད་པར་གཟའ་ནད་ཕོག་པ། གཞན་ནུ་མའི་འབྲས་སྐྲན་དང་སྣ་སྦུག་རུས་ཁུང་འབྲས་སྐྲན་བཅས་སློང་སྲིད་ལ། དུ་ཞག་གིས་ད་དུང་དར་མའི་མགྱོགས་གཤིས་དང་དལ་གཤིས་ཀྱི་དབུགས་ལམ་ནད་རྟགས་དང་གློ་བའི་ནུས་པ་ཇེ་ཞན་དུ་འགྱུར་བ། གློ་ཡུའི་ཡན་ལག་དབུགས་འཚང་། གཞན་དལ་གཤིས་དང་འགག་པའི་རང་བཞིན་གྱི་གློ་བའི་ནད་རིགས་བཅས་སློང་སྲིད། སྦྲུམ་མས་དུ་ཞག་རྔུབ་ཚེ་ཕྲུ་གུའི་ལྗིད་ཚད་མར་འབབ་པ་དང་། ཕྲུ་གུ་གློ་བུར་རྐྱེན་ལམ་དུ་ཤོར་བའི་ཕྱོགས་བསྡུས་ནད་འབྱུང་བ། ཟླ་ཁ་མ་གང་བར་སྐྱེ་བ། གཞན་གསར་སྐྱེས་ཕྲུ་གུའི་དབང་རྩ་ཡ་མ་གཟུགས་ཅན་དུ་འགྱུར་བ་དང་ཁ་ཤོ་ཅན་དུ་འགྱུར་ཡང་སྲིད། དུ་ཞག་གིས་བྱིས་པའི་གློ་ཡུའི་ཡན་ལག་དབུགས་འཚང་དང་གློ་བའི་ནུས་པ་ཇེ་ཞན་དུ་འགྱུར་བ་དང་། བར་རྣའི་གཉན་ཚད་ཀྱི་ནད་ཀྱང་བསྐྱེད་ངེས།
ཐ་མག་འཐེན་པ་དང་དུ་ཞག་གཉིས་ཀས་གཅིག་མཚུངས་སུ་མིའི་བདེ་ཐང་ལ་གནོད་སྐྱོན་ཚབས་ཆེན་ཐེབས་སྲིད་ལ། ཐ་མག་གི་དུ་ཞག་ཅུང་ཙམ་རྔུབ་པ་ཡིན་ནའང་དེས་མིའི་ལུས་ཕུང་ལ་གནོད་སྐྱོན་ཐེབས་ངེས། དུ་ཞག་ལ་བདེ་ཐང་ལ་ཕན་པའི་ཆ་ཅི་ཡང་མེད་པས། ཁང་པའི་ནང་དུ་ཐ་མག་འཐེན་པ་རྦད་དེ་གཏན་འགོག་བྱ་རྒྱུ་ནི་གནོད་སྐྱོན་སྔོན་འགོག་བྱེད་པའི་ནུས་ལྡན་ཐབས་ལམ་ཉག་ཅིག་ཡིན་ནོ། །
ཐ་མག་གིས་མི་ལ་ཐེབས་པའི་གནོད་འཚེ།
སྐྱེས་པས་ཐ་མག་འཐེན་ན་ཁུ་བ་ཇེ་ཉུང་དུ་འགྲོ་བ་དང་རོ་ཙ་ཉམས་པར་འགྱུར་ལ། དུས་ཡུན་རིང་པོར་ཐ་མག་འཐེན་པ་ནི་སྐྱེས་པའི་དབང་བོའི་ནུས་པ་ཇེ་ཞན་དུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། བུད་མེད་ཀྱིས་ཐ་མག་འཐེན་ན་སྐྱི་པགས་རྩུབ་མོར་འགྱུར་བ་དང་། རྒས་སླ་བ་དང་རུས་སོབ་ནད་འབྱུང་སྲིད། བུད་མེད་ཀྱིས་ཐ་མག་འཐེན་ན་མངལ་སྦྲུམ་ཚད་ཇེ་དམའ་དང་མངལ་ཤོར་བ། མངལ་ནས་ཤི་བ། ཟླ་ཁ་མ་ལོངས་པར་སྐྱེ་བ། ཕྲུ་གུ་སྐྱེ་དུས་སུ་ལྗིད་ཚད་མི་ལོངས་པ། ཕྲུ་གུ་གློ་བུར་རྐྱེན་ལམ་དུ་ཤོར་བ་སོགས་ཕྱོགས་བསྡུས་ནད་འབྱུང་ཉེན་ཇེ་ཆེར་འགྲོ་བ་དང་། ཐ་མག་འཐེན་ན་རིགསIIཔའི་གཅིན་སྙི་ཟ་ཁུའི་ནད་འབྱུང་སྲིད་པ་དང་། སྦྲགས་ནད་འབྱུང་བའི་ཉེན་ཁའང་ཇེ་ཆེར་འགྲོ་སྲིད།
ཐ་མག་བཅད་ན་བཟང་ཆ་མང་།
ཐ་མག་གཅོད་པ་ནི་ཐ་མག་གི་གནོད་པ་ཇེ་ཉུང་དུ་གཏོང་བའི་ཐབས་ལམ་ཉག་ཅིག་ཡིན་པས། ཐ་མག་བཅད་པ་ཇི་ལྟར་སྔ་ན་དེ་ལྟར་བཟང་ལ། ལོ་ཚོད་ནམ་ཡིན་རུང་ཐ་མག་བཅད་ན་ཕན་པ་ཡོད། ཐ་མག་བཅད་ན་ཐ་མག་འཐེན་མཁན་ལ་གློ་འབྲས་དང་ཏོག་དབྱིབས་འཕར་རྩའི་སྙིང་ནད། དལ་གཤིས་དང་འགག་པའི་རང་བཞིན་གྱི་གློ་ནད་སོགས་ནད་རིགས་མང་པོ་འབྱུང་ཚད་དང་ཤི་ཚད་མངོན་གསལ་གྱིས་ཇེ་དམའ་རུ་བཏང་ནས། གོང་གསལ་གྱི་ནད་རིགས་དེ་དག་འཕར་ཚད་ཇེ་དལ་དུ་གཏོང་བར་མ་ཟད་རྗེས་འབྲས་ལེགས་བསྒྱུར་བྱེད་ཐུབ། ཐ་མག་བཅད་ནས་ཟླ6འགོར་རྗེས་སྙིང་གི་ལྡིང་ཚད་ཇེ་དམའ་རུ་འགྲོ་བ་དང་ཁྲག་ཤེད་ཀྱང་ཇེ་དམའ་རུ་འགྲོ་ལ། དུས་ཚོད8ཀྱི་རྗེས་སུ་སྣོམ་ཚོར་དང་རོ་ཚོར་ཇེ་ལེགས་སུ་འགྲོ་མགོ་རྩོམ་པ་དང་། དུས་ཚོད72ཀྱི་རྗེས་སུ་ཁྲག་ཤེད་རྒྱུན་ལྡན་དུ་འགྱུར་བ་མ་ཟད། སྐྱེས་པའི་ཁུ་བའི་གྲངས་ཚད་དང་སྤུས་ཚད་གཉིས་ཀ་རྒྱུན་ལྡན་དུ་སླར་གསོ་འབྱུང་ཐུབ་ལ། བུད་མེད་ཀྱི་མངལ་སྦྲུམ་ཚད་ཇེ་མཐོར་འགྲོ་བ་དང་གློ་བའི་ནུས་པ་ཇེ་བཟང་དུ་འགྲོ་བ་རེད། ཟླ6གི་རྗེས་སུ་གློ་ལུ་བ་དང་སྣ་འཚུབ་པ། དབུགས་འབྱིན་རྔུབ་བྱེད་དཀའ་བ་སོགས་ཀྱི་ནད་རྟགས་ཇེ་ཉུང་དུ་འགྲོ་བ་རེད། ལོ1གི་རྗེས་སུ་ཐ་མག་འཐེན་པའི་སྐབས་ལས་སྙིང་ནད་འབྱུང་ཚད་ཀྱི་ཉེན་ཁ་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ། ལོ10ཡི་རྗེས་སུ་གློ་འབྲས་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
ཐ་མག་འཐེན་མཁན་གྱིས་ཐ་མག་གཅོད་པའི་གོ་རིམ་ཁྲོད་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་སྲིད་པས། དགོས་ངེས་ཀྱི་སྐབས་སུ་ཆེད་ལས་ཅན་གྱི་ཐ་མག་གཅོད་པའི་གསོ་བཅོས་ལ་བརྟེན་ཆོག ཐ་མག་འཐེན་མཁན་གྱིས་ཧུར་ཐག་གིས་ཐ་མག་གཅོད་པ་དང་། ཐ་མག་འཐེན་མཁན་རང་ཉིད་ཀྱི་འདོད་བློ་ནི་ཐ་མག་གཅོད་མཁན་གྱིས་ཐ་མག་ཆོད་པའི་རྨང་གཞི་ཡིན། ཐ་མག་གཅོད་པའི་སྒོ་བསྟེན་ཁང་དུ་ཐ་མག་གཅོད་མཁན་ལ་ཆེད་ལས་ཀྱི་ཐ་མག་གཅོད་པའི་གསོ་བཅོས་བྱས་ཆོག་གོ །
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注