- ཨ་མྱེས་བྱ་ཁྱུང་། -

འོད། རྨ་ལྷོ།


རྫ་རྩེའི་སྤྲིན་པའི་ཤོམ་འགྲོས་མཁའ་རུ་བགྲོད་པའི། །

གཡའ་བྲག་ལང་ཚོའི་རྨུ་ཐག་མཐོངས་སུ་རྩིག་པའི། །

བསྐལ་བའི་དཔུང་བར་འཁྱུད་པའི་རི་ཆེན་ཁྱེད་ཀྱིས། །

གསེར་ལྗོངས་ཡུལ་ལྷའི་རྒྱལ་བོའི་སྙན་པ་བཞེས་ཡོད། །


གཡུ་སྔོན་ནམ་མཁའི་གཟི་མདངས་དབུ་ལ་གསོལ་ཞིང་། །

ཐང་ཆེན་གཡེར་མོའི་མཛེས་སྡུག་ཟིལ་གྱིས་མནན་ཏེ། །

ཞི་བའི་འཕྲིན་ལས་མཛད་པའི་དཀར་ཕྱོགས་ཡུལ་ལྷ། །

ས་བརྒྱད་ཐོབ་པའི་སེམས་དཔའ་ཁྱེད་ཉིད་ཡིན་སོང་། །


གཡས་སུ་མཛོད་འཛིན་ནོར་བུའི་དོ་ཤལ་འཁྲིགས་པ། །

གཡོན་དུ་རྟ་འཛིན་གཞོན་ནུའི་དཔའ་ཉམས་སྤྲས་པ། །

ཇ་འདྲེན་ཆང་འདྲེན་འཁོར་གྱི་སྤྲིན་པའི་འདུ་འགོད། །

བློན་ཚོགས་ལྷུན་པོའི་ཚུལ་འཛིན་ཚར་དུ་དངར་ཡོད། །


རི་ཤོད་ནེའུ་གསིང་ལྡུམ་རའི་བཞིན་ཁྱིམ་ཡངས་པོར། །

ཉམས་རྟོགས་མགུར་གླུས་ཆོས་ཀུན་དེ་ཉིད་སྟོན་པའི། །

གྲུབ་པའི་ཁྱུ་མཆོག་སྐལ་ལྡན་རས་པའི་མཚན་ཅན། །

གནས་འདིར་བྱ་བྲལ་ཁྱུང་ཆེན་མཁའ་ལ་ལྡིང་འདྲ། །


གངས་དཀར་མུ་ཁྱུད་ཟླུམ་པོས་གཡུ་རྭ་འཕྱོར་ཞིང་། །

སྤང་སྔོན་མར་གད་མཚོ་མོས་རྫ་དཔངས་བསྟད་པའི། །

འགྱིང་ཉམས་སྲིད་རྩེར་བསྙེགས་པའི་སེ་ཀུ་བྱ་ཁྱུང་། །

ལྷ་བསང་དུད་སྤྲིན་དཀར་པོའི་མཐོངས་ན་བརྗིད་པ། །


ནོར་འཛིན་དགའ་མའི་འཛུམ་ཁོང་སྙིང་ལ་བསྙལ་བའི། །

རི་སྐྱེས་སྲོག་ཆགས་བག་ཡངས་རྩེད་འཇོར་རོལ་ཞིང་། །

གཡུང་དྭགས་སྒོ་ཕྱུགས་ཚོམ་བུ་ཐང་མར་བརྡལ་བའི། །

ཁྱེད་ཀྱི་སྟོད་ཕྱོགས་འབྲོག་ཐང་སྦྲ་ཡིས་བརྒྱན་ཡོད། །


རི་སུལ་སྒེག་མོའི་མཚར་སྡུག་རླབས་རྩེར་འཕྱོ་ཞིང་། །

ལྷུང་ལྷུང་རྫ་ཆུ་འབབ་པའི་དབྱངས་འགྲོས་སྙན་མོས། །

གཡའ་སྤང་རྩེ་དགའི་མཚར་སྡུག་དལ་གྱིས་དཀྲོལ་ཏེ། །

རི་ཆུའི་སེམས་གཞས་ཁུ་ལོའི་གསུང་ལ་འཐིམ་ཡོད། །


རྣང་ཞིང་དགའ་མར་ལང་ཚོའི་ལོ་ལེགས་འཁྱིལ་བའི། །

འབྲུ་ལྔ་གཡུར་ཟའི་ཕོན་པོའི་མཛའ་བའི་བསུང་ཞིམ། །

དགུ་འདུས་གཙང་བོའི་རླབས་ཀྱི་སྙིམ་པར་བཏེགས་ཏེ། །

ཁྱེད་ཀྱི་སྨད་ཕྱོགས་རོང་ཡུལ་འབྱོར་བས་བརྟས་ཡོད། །


ངག་རྒྱུན་གཏམ་གྱི་ཆུ་མིག་ངང་གིས་བརྡོལ་བའི། །

ཅང་ཤེས་ལྷ་རྟར་བཅིབས་པའི་ཡུལ་ལྷ་གཞོན་ནུས། །

མཛེས་མཛངས་གྱོ་མོར་སྣང་བའི་མེ་ཏོག་བཞད་པ། །

བྱུང་རབས་གཏམ་གྱི་པདྨོའི་དགའ་ཚལ་འཁྲིགས་པ། །


དེ་ལྟར་སྙན་ཚིག་གླིང་བུའི་འགྱུར་ཁུག་དབྱངས་ཀྱིས། །

རི་ལྗོངས་སྒེག་མོའི་འཛུམ་དཀར་ཡིད་ལ་བརླན་པའི། །

ཕ་གཞིས་རིག་འབྱུང་སྟོད་ཀྱི་ཡུལ་ལྷའི་འདབས་སུ། །

སྨྱུག་རྩེ་ཚོར་བའི་འཇའ་གུར་དབྱིངས་སུ་སྤྲས་ཡོད། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号