འབྲོག་ཐང་།(ཞར་བཀོད་བཞི།)

རྩོམ་པ་པོ། : མདའ་བཙན་པོ།

དེ་རིང་སྤང་ཐང་ནས་ལྷོད་ཀྱིས་བསྡད་ན

བསིལ་རླུང་གི་སྐེ་རྒྱན་བཏེགས་པའི་དཔྱིད་ཀ་དེ

སྔོ་མའི་གླུ་ཚིག་སྒྲིག་གིན

ལུག་ཁྱུའི་བརྡ་སྤྲོད་དང་ལྷན་དུ་འགུལ་གྱིན་འདུག་ལ

མགོ་ཐོག་གི་ནམ་མཁའ་ཡང་ཅུང་ཙམ་དམའ་རུ་བཏང་འདུག


དེ་རིང་སྤང་ཐང་ནས་ལྷོད་ཀྱིས་བསྡད་ན

དགུན་ཁ་ཟེར་བའི་ཤུལ་དུ་འཁྱག་པ་ཐར་ཐོར་རེ

སྔ་དགོང་གཉིས་ཀྱི་རྔོག་རྩེ་ན་གཡོ་ཙམ་གཡོ་ཙམ་བྱེད


དེ་རིང་སྤང་ཐང་ནས་ལྷོད་ཀྱིས་བསྡད་ན

སྲང་ལམ་གྱི་ལབ་གླེང་དང

མི་ཚོགས་ཀྱི་ཡིག་ཆ་དང་འབྲེལ་བ་མེད་པའི་དཔྱིད་ཀ་དེ

གཉིད་ཁུགས་པའི་བེའུ་ཡི་རྨི་ལམ་ལ་ཁེན་ནས་འདུག་པས

ངས་འཚོ་བ་ལས་ཁོད་ཡངས་པའི་འབྲོག་ཐང་ཞིག་འདི་ལྟར་མཐོང་བྱུང


འཆར་སྒོ་གློག་ཞགས་མ།


ཞོགས་པ་ཟེར་བ་དེ་འདོད་པའི་ཕྲག་སྟེང་ནས

མ་འདང་བ་མང་པོ་ཞིག་གི་གོམ་པ་སྤོ་བཞིན

སྲང་དང འུ་ཚོའི་སེམས་ལ་སླེབས་དུས

ལག་པ་རེ་རེས་སྦྲུལ་གྱི་མཛུབ་མོ་སྲིང་གིན

རེག་བྱ་ཐམས་ཅད་དུག་ཏུ་བསྒྱུར་བྱུང

མིག་ཟུང་རེ་རེས་མཆེ་བའི་སྲེད་པ་སྤྲོ་བཞིན

གཟུགས་ཡོད་ཚད་བདུད་ཀྱི་གར་ཏུ་བསྒྱུར་བྱུང

སྣ་དང་རྣ་བ ལྕེ་ཟེར་བ་ཡང

སེམས་སུ་ཨི་ཁུང་བརྟོལ་བའི་འཛེར་མ་རེ་རེར་གྱུར་སོང


ཁ་བ་དཀར་པོ་བརྩེ་དུང་བཞིན་བབས་རུང

འུ་ཚོས་དེའི་གཞི་རུ་ཉོན་མོངས་པའི་རྐང་པ་སྤོ

མཁའ་རླུང་འཇམ་པོ་སྙིང་གཏམ་བཞིན་འཁྱིལ་རུང

འུ་ཚོས་དེ་ལ་མ་རིག་རྫས་ཀྱི་དུད་རྡུལ་བདུག

མུན་པ་གདུང་བ་ཆེན་པོས་འཐིབ་ན་ཡང

འུ་ཚོས་དེ་ལ་གཏི་མུག་གཉིད་ཀྱི་གཟེབ་དྲ་བཟོ


རྒྱུ་སྐར་སྨྲ་བ་ཁེགས་ནས་མཆི་མ་ཞག་གཅིག་ཡུན་ལ་བཞུར

དུས་ཀྱང་ཐབས་ཀྱིས་དབེན་ནས་སང་ཉིན་ཟེར་བའི་ཤོག་ངོར་ཅེར

འོན་ཀྱང འུར་དང་བྲེལ་བ་ཆེ་བའི་འུ་ཚོའི་འཚོ་བ་དེ

ཆང་གིས་བཟི་བའི་དོམ་ནག་ཅིག་དང་འདྲ་བར་སྙིང་ན་འགྲེ་ལོག་རྒྱག


བུ་མོ།

མུན་ནག་གིས་སྐྱ་ཐིག་བཏབ

རྒྱུ་སྐར་གྱིས་ཆེ་ཆུང་བཅལ

རྨི་ལམ་གྱིས་སང་ཉིན་བཟོས

དེ་ནས ང་རང་གི་སེམས་ཀྱིས་བརྩེ་དུང་དྲུད

ལུས་པོས་གྲིབ་མ་སྐྱེས་སུ་ཁྱེར


འོན་ཀྱང དེ་དག་དང་བུ་མོ་ལ་འབྲེལ་བ་མེད

བུ་མོ་ཟེར་བ་དེ་སྐྱེས་པ་ཚོའི་སྲང་ན་རང་རང་གི་གྲིབ་མ་དང་འགྲོགས་ཏེ

ཁྱིམ་ཞིག་འཚོལ་བཞིན་པ་འདྲ་ལ

ཁྱིམ་རེ་རེའི་མཆེ་བ་འདྲ་བའི་བྱིས་པ་ཚོར་གཞའ་བཞིན་པ་དང་ཡང་འདྲ


མཚན་མོ།

མཚན་མོ་ད་དུང་ཇེ་ནག་ཏུ་གཏོང་ཐུབ་བམ

འུ་ཚོ་ལ་འདི་ལས་ལྷག་པའི་ལྷིང་འཇགས་ཀྱི་ལྕགས་རི་ཞིག་གང་ན་ཡོད

རྒྱུ་སྐར་དག་ད་དུང་ཇེ་རིང་དུ་འགྲོ་ཐུབ་བམ

འུ་ཚོ་ལ་འདི་ལས་གཏིང་ཟབ་པའི་ས་བོན་ཞིག་གང་ན་ཡོད


གར་སྣ་ཚོགས་གཅེར་བུར་འཁྲབ་པའི་ཉིན་མོ་དེ་སྐམ་ཤུལ་ན

ཁེར་རྐྱང་གི་རི་རབ་གྲིབ་མའང་མི་དགོས་པ་ཞིག་ལ་མཚན་མོ་འདི་ལས་ཅི་ཞིག་ཡོད་དམ


ཆར་བ་བབས་པའི་ཉིན་དེར། 

ཡི་གེ་འབྲུ་རེ་རེ་འདོན་གྱིན་པ་བཞིན

དུས་ཚོད་ཀྱི་ལྕེ་ཐོག་ནས་བབས་ཏེ

སྙིང་དམར་པོའི་མེ་ལྕེ་རེ་རེ་འབར་བར་བྱས


མི་དང་མིའི་བར་གྱི་གཏམ་རྙོག་དག་བཀྲུས་ཤིང

ད་ལྟ་བའི་བློ་རབ་རིབ་དག་དྭངས་པར་བྱས


ཆར་བ་ལ་སྒྲིག་ལམ་མེད་པས་འཐོར་གྱིན་འདུག

བོད་ཡིག་ཟེར་བ་དེའི་ཚེག་རེ་རེའི་གསེབ་ཏུ་ཡང

ཆར་བ་ལ་འཆར་གཞི་མེད་པས་མཚམས་མེད་པར

བོད་སྐད་ཟེར་བ་དེའི་གདངས་རེ་རེའི་ཁུགས་སུ་ཡང


ངས མི་འུ་ཚོས་རང་གི་ལུས་པོར་བདག་རྒྱག་པ་བཞིན

རང་གི་གྲིབ་མ་བཏིངས་ནས་ཆར་ཐིགས་རེ་རེ་གསོག་ཨེ་ཐུབ་བལྟས


ཆར་བ་བབས་པའི་ཉིན་དེར

ང་རང་བོར་འགྲོ་བར་སྐྲག་པ་བཞིན

མི་མང་པོའི་གསེབ་ཀྱི་རེབ་གོང་ན་ཡོད

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号