གསེར་གྱི་གླེགས་བམ་དང་དངུལ་གྱི་ཡིག་འབྲུ།

ཀླུ་རྡེའུ་རྟ་མགྲིན་སྐྱབས།


ཨ་སྔོན་གྱི་གཞི་མ་ཐང་ལ་བརྡལ་ཡང་།
ས་ཆེན་གྱི་བློ་རྒྱ་དགུང་ལ་བཏེག་ཀྱང་།
བདག་ཅག་གི་མེས་པོའི་ཤེས་རབ་གནམ་ས་ལས་ཀྱང་དཀྱེལ་ཆེ་བ་ནི།
ཁོ་ཚོའི་བློ་གྲོས་ཀྱིས་བཞེངས་པའི་གསེར་གྱི་གླེགས་བམ་དང་།
དངུལ་གྱི་ཡིག་འབྲུ་དག་གིས་མངོན་པར་མཚོན་ནུས།

གངས་ཀྱི་ར་བ་ལ་བཏབ་པའི་དབྱངས་གསལ་གྱི་ཡིག་འབྲུ་ལ་གསོན་ཤུགས་རྒྱས་ཤིང་།
སྐྱེས་ཆེན་ཚོའི་རྣམ་དཔྱོད་ཀྱི་ཀློང་ལས་བརྡོལ་བའི་ཚིག་འབྲུ་ལ་མྱུ་གུ་འབུས་དུས།
ཤོག་དཀར་གྱི་ཞིང་ས་ལ་བློ་གྲོས་ཀྱི་ལོ་ཏོག་སྨིན་པའི་ལེའུ་རེ་རེ་ནི།
འཛམ་གླིང་ཡང་རྩེ་ན་གནས་པའི་མི་རིགས་ཤིག་གི་རྣམ་ཤེས་ཀྱི་རྐང་ཚུགས་པའི་བླ་སྲོག་ཏུ་གྱུར་ཡོད།

ང་ཚོས་གཙུག་ལག་ཆོས་བརྩིགས་རི་བོའི་གཏོས་དང་མཉམ་པ་ལྟ་བུ་མཐོང་དུས།
མེས་པོ་གོང་མ་རྣམས་ཀྱི་དཀའ་སྤྱད་འབད་རྩོལ་གྱིས་བཞེངས་པའི་ལོ་ཟླ་དྲན་འོང་ལ།
ང་ཚོས་གསེར་ལས་ལྷག་པའི་གླེགས་བམ་པོ་ཏི་རེ་རེ་ཡི་ལང་ཚོའི་གཟི་དཔལ་མཐོང་དུས།
རིག་པའི་དཔའ་བོ་དག་གིས་ཐོས་བརྩོན་ཤེས་རབ་ཀྱིས་བསྐྲུན་པའི་བློ་གྲོས་ཀྱི་འོད་སྣང་མཇལ་ཡོང་།
ང་ཚོས་རིན་ཐང་བྲལ་བའི་གླེགས་བམ་འདི་ཚོའི་འདས་མ་ད་གསུམ་གླེང་དུས།
མཁས་པའི་དབང་པོ་དག་གི་མཛངས་པའི་ཡོན་ཏན་དང་འགྱུར་མེད་ཀྱི་རང་ཚུགས་བརྟན་པོ་རྟོགས་ཡོང་།
ང་ཚོས་དད་འདུན་དང་བརྩེ་སེམས་ཀྱིས་བཞེངས་པའི་གླེགས་བམ་གྱི་ངོ་གདོང་མཐོང་དུས།
རླབས་ཆེན་སྐྱེས་བོ་དག་གི་ལྷག་བསམ་གྱི་རང་མདངས་དང་སྔོན་བྱུང་གི་གཏམ་རྒྱུད་མྱོང་ཐུབ།

དེ་ལྟར།
ང་ཚོས་མཆོད་སྟེགས་སྟེང་དུ་ས་རྡུལ་གྱིས་བསྣན་ཅིང་ངོམ་ཆོས་ལྟར་བཤམས་པའི་གླེགས་བམ་མཇལ་དུས།
གླེགས་བམ་གྱི་ཞལ་ཕྱེས་ཏེ་དེའི་ཚིག་འབྲུ་རེ་རེ་ཡི་གསང་བ་བརྟོལ་ན་བསམ་བྱུང་།
ཕ་ཡིག་ལ་ཐོས་བསམ་གནོངས་དང་།
རིན་ཐང་ཟེར་ན་དེ་རུ་གནས་ཡོད།
དེ་ལས་ང་ཚོས་མེས་པོ་གོང་མ་དང་ལྷན་དུ་ཁ་བརྡ་བྱེད་པ་དང་འདྲའོ། །

ང་ཚོས་ཕ་ཆོས་ཚོང་རྫས་ལ་བསྒྱུར་ཏེ་གྲོང་ཁྱེར་གྱི་ཚོང་ལམ་འགྲིམས་པའི་གླེགས་བམ་མཐོང་དུས།
གླེགས་བམ་དེ་པང་ལ་ཉར་ཏེ་མགོན་མེད་དྭ་ཕྲུག་ཏུ་གྱུར་བའི་པོ་ཏི་རེ་རེ་སྐྱོབ་ན་སྙམ་བྱུང་།
ཕ་ནོར་ལ་བདག་པོ་རྒྱོབས་དང་།
ཤུལ་ནོམ་ཟེར་ན་དེ་རུ་འདུས་ཡོད།
དེ་ལས་ང་ཚོའི་ཡང་མེས་ཀྱིས་ཕྱི་རབས་ཚ་རྒྱུད་ལ་བཞག་པའི་བསམ་བློ་དེ་མངོན་ཐུབ།

ང་ཚོ་ནི་གསེར་དང་འདྲ་བའི་གླེགས་བམ་འདི་དག་གི་བདག་པོ་ཡིན་ལ།
ང་ཚོ་ནི་དངུལ་གྱིས་བཞེངས་པའི་ཡིག་འབྲུ་འདི་དག་གི་ཀློག་མཁན་ཡིན།
ང་ཚོས་རང་ཉིད་ཀྱི་རྣམ་དཔྱོད་དང་ཤེས་རབ་ལ་བརྟེན་ནས།
མེས་པོ་ཚོའི་བློ་གྲོས་ལ་ཞལ་མཇལ་ཐེངས་ཤིག་གནོངས་དང་།
མི་ཚེ་ཡི་རིན་ཐང་སྙེག་པའི་ལམ་བུ་དེ་རུ་ཡོད་ལ།
བློ་གྲོས་ཀྱི་སྒོ་མོ་འབྱེད་པའི་ལྡེའུ་མིག་ཀྱང་དེ་ན་ཡོད།

གསེར་གྱི་གླེགས་བམ་རེ་རེ་ཡི་ཤ་གསེང་ན།
ཕ་ནོར་གཙུག་ལག་རིན་ཆེན་གྱི་རྣམ་ཤེས་བསྟིམས་ཡོད་ལ།
དངུལ་གྱི་ཡིག་འབྲུ་རེ་རེ་ཡི་རུས་གསེང་ན།
ཕ་ཡིག་ནོར་བུ་རིན་ཆེན་གྱི་གཟི་མདངས་མངོན་ཡོད་དོ། །

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号