ཛངས་མ་ཆོས་དབྱིངས་སྐྱིད་ལ་བསྟོད་པའི་ཚིགས་སུ་བཅད་པ་བཀྲ་ཤིས་རྟགས་བརྒྱད་མ།

རླུང་ནག་འཚུབ་མ། (ཀན་ལྷོ)

གངས་ཀྱི་རྒྱལ་མོ་གངས་རིའི་ཏོག་ལྟར་མཛེས།།

གངས་ཅན་ཡུལ་ལ་དྲོ་སྐྱིད་གྲིབ་བསིལ་འགྱེད།།

གངས་ཅན་མཛངས་མ་གདུགས་དཀར་མཆོག་གྲུབ་མ།།

གླིང་ལྔ་མཚོ་བཞིར་དཔལ་དུ་རོལ་པ་ཡིས།།

མྱུར་འཁྱུག་གོམ་པའི་འདེགས་འཇོག་ཨེ་མ་ཧོ།།

གསེར་གྱི་རྟགས་མ་གསེར་མདོག་སྤྱན་གཉིས་འདྲ།།

གངས་ཅན་མཛངས་མ་གསེར་གྱི་ཉ་མོ་འདྲ།།

རྒྱལ་ཁའི་མིག་ཆུ་འཆི་མེད་བདུད་རྩི་གང་།།

ཡང་ཡང་བཞུར་བས་ཡིད་ཀྱི་མཚོ་མོ་བསྐྱོམས།།

རླབས་ཀྱི་ཕྲེང་བས་རིགས་ཀྱི་ང་རྒྱལ་བསླངས།།

འདོད་པ་འཇོ་བ་གསེར་གྱི་བུམ་བཟང་འདྲ།།

ཕར་ལ་འགྲོ་དུས་ཡུ་མོ་ཁེར་འགྲོ་འདྲ།།

ཚུར་ལ་ལོག་དུས་བསུ་མཁན་རྟ་བ་བརྒྱ།།

རྒྱལ་ཁའི་འཛུམ་མདངས་རྒྱས་པའི་ཉི་གཞོན་གྱིས།།

གངས་ཅན་འགྲོ་བའི་པད་འདབ་ལྷུག་པར་གྲོལ།།

ཨོ་རྩལ་འགྲན་ཚོགས་ཟེར་བ་ཁ་སྟོང་མིན།།

ཡ་གླིང་འགྲན་ཚོགས་ཟེར་བ་ཚིག་སྟོང་མིན།།

གསེར་གྱི་རྟགས་མ་བཞེས་པ་སྔོན་ཆད་མིན།།

ཁ་སང་དེ་རིང་དུང་དཀར་གཡས་སུ་འཁྱིལ།།

གངས་ཅན་བོད་མིའི་ནང་ནས་འཛམ་གླིང་གི།

མཐོ་ཚད་གཞལ་བའི་དཔང་རྟགས་གསེར་མདོག་ཅན།།

གངས་ལ་འཕྲོས་པས་བཀྲ་ཤིས་དགེ་མཚན་གྱི།།

མཚན་དཔེའི་གཟི་བྱིན་ནོར་བུ་དགའ་འཁྱིལ་འདྲ།།

མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་གྱི།།

མཚན་མ་མངོན་དུ་ཤར་པས་རང་ཅག་ཀུན།།

བཀྲ་ཤིས་དགེ་མཚན་དཔལ་ལ་ལོངས་སྤྱོད་ཅིང་།།

ཕུན་ཚོགས་སྡེ་བཞིའི་ཕྱྭ་གཡང་དགུང་དུ་འཕྱོ།།

ཉིན་མོ་བཀྲ་ཤིས་སྐུ་གཟུགས་གསལ་ཐང་ཤོག།

མཚན་མོ་བཀྲ་ཤིས་དོན་གཉིས་ལྷུན་འགྲུབ་ཤོག།

ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཀྱི།།

མཛད་འཕྲིན་འཁོར་ལོ་རྩིབས་སྟོང་རྒྱས་གྱུར་ཅིག།

2023ལོའི་ཟླ10པའི་ཚེས10ཉིན་སྦྱར།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号