མཐོ་སྒང་གི་མུ་ཏིག་སྟེ་གངས་རིའི་བུ་མོ་ཆོས་དབྱིངས་སྐྱིད།

ལཱ་མོ་ལུང་རྒྱམ།

གངས་རིའི་མཛེས་སྡུག་ཁུར་བའི་བོད་ཀྱི་ཁམས།།
གཡང་གི་འབྱོར་བ་རྒྱས་པའི་མདའ་བཞིའི་ཡུལ།།
དགོས་འདོད་དཔལ་དུ་འཇོ་བའི་མཚོ་ཆུང་སྡེ།།
ཁྱེད་ཉིད་ལང་ཚོ་འབུས་པའི་གྲུ་དང་ཟུར།།  

ལུས་དང་ངག་གི་རིག་བྱེད་ཐ་དད་ཅིང་།།
སེམས་དང་བསམ་པའི་འཆར་སྒོ་མི་གཅིག་པ།།
སྣ་མང་རིག་པའི་ཞིང་ས་འཛམ་བུའི་གླིང་།།
ཁྱེད་ཀྱི་སྙན་པ་འཕུར་བའི་མཁའ་དང་དབྱིངས།།

དལ་བྲེལ་སྙོམས་པའི་གོམ་ཆུང་འདེགས་འཇོག་གིས།།
ས་ཆེན་ཁྱོན་ལ་རི་མོར་བྲིས་པའི་ཤུལ།།
གསེར་དངུལ་ཟངས་ཀྱི་རྟགས་མ་ཁྱིམ་གང་དེ།།
ངོ་མཚར་མཛད་བཟང་མཚོན་པའི་དན་རྟགས་ཉིད།།

ཧི་མ་ལ་ཡི་རི་བོའི་གཟི་བརྗིད་དང་།།
ཁྲི་ཤོར་རྒྱལ་མོའི་གཡོ་མེད་རླབས་ཀྱི་ཕྲེང་།།
གསེར་དངུལ་ཐང་གི་སྙན་པ་འབྲུག་གི་སྒྲས།།
ཁྱེད་ཀྱི་མི་འགྱུར་སྙིང་སྟོབས་ཡངས་པོ་མཚོན།།

འཛམ་གླིང་ཨོ་རྩལ་གསེར་གྱི་རྟགས་མ་དེ།།
དཀའ་སྡུག་རྔུལ་ཆུ་དྭངས་མའི་རྩེ་དགའ་ཡིས།།
ཁ་བ་གངས་རིའི་ལྗོངས་སུ་དྲངས་པ་བོ།།
ཁྱེད་ནི་ས་ཡ་དྲུག་གི་གཟི་བརྗིད་ཉིད།།

དབྱངས་གསལ་སོ་བཞིའི་འོ་ཞོ་སྣུམ་པོ་ཡིས།།
ལང་ཚོའི་དཔྱིད་དཔལ་རྒྱས་པའི་གངས་ཕྲུག་ཚོའི།།
ཕུགས་བསམ་རྨི་ལམ་འཚོལ་བའི་དཔུང་ཡ་དེ།།
གངས་རིའི་བུ་མོ་ཁྱེད་ལས་གཞན་ན་གང་།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号