སྒེའུ་ཁུང་མདུན་གྱི་དམིགས་བསལ་ཡུལ་ལྗོངས།


རྩོམ་པ་པོ། ཚེ་རིང་དབྱངས་སྐྱིད།


དེ་རིང་ཞོགས་པ་ངའི་ཁང་པའི་ནང་གཞི་ནས་མགྲོན་པོ་ཞིག་སླེབས་བྱུང་། མགྲོན་པོ་དེ་ནི་ཟླ་བ་གཅིག་ལྷག་གི་རིང་ངའི་ཁང་པའི་ནང་སླེབས་པའི་མགྲོན་པོ་ཐོག་མ་དེ་རེད། མགྲོན་པོ་དེ་ནི་བྱིའུ་ཞིག་རེད། བྱིའུ་དེ་ཁང་པའི་ནང་འཛུལ་བའི་མཚམས་དེར་ང་རང་དགའ་ཡང་དགའ་ལ་སྐྱོ་ཡང་སྐྱོ། འོན་ཀྱང་ཁོ་ནི་སྣང་མེད་ངང་ཁང་པའི་ནང་འཛུལ་ནོར་ཤོར་བ་ལས་ང་ལ་ལྟ་བར་ཡོང་བ་མ་ཡིན་ལ། ང་ངོ་མི་ཤེས་པས་སོ་སོ་ཁང་པ་གུ་དོག་པོ་ཞིག་གི་ནང་འཛུལ་ནོར་ཤོར་བ་ཤེས་འཕྲལ་ཕྱི་ལ་དོན་རྩིས་ཀྱིས་དངངས་འཚབ་ཆེན་པོས་ཕར་འཕུར་ཚུར་འཕུར་བྱས་ཏེ་རང་ཉིད་དོན་ས་འཚོལ་བཞིན་འདུག དེ་ནི་ཟླ་བ་གཅིག་གི་རིང་ལ་ངའི་ཁང་པའི་ནང་འཛུལ་བའི་མི་དང་ཕན་ཚུན་བརྡ་སྤྲོད་ཐུབ་པའི་རྣམ་རིག་ཅན་གྱི་སྲོག་ཆགས་དང་པོ་དེ་ཡིན་ཞིང་།(དུག་སྦྲང་དང་སྦྲང་ནག་ལ་རྣམ་རིག་དེ་མེད་པས་ཁོང་ཚོ་དེའི་གྲས་སུ་མི་འཇོག) ངས་ཁོ་ངའི་འཁྲིས་སུ་ལྷོད་པོར་བསྡད་དེ་ང་ལ་སེམས་གསོ་འཚམས་འདྲི་ཞིག་ཐོབ་རེ་བྱས་ཀྱང་། མི་དང་བྱིའུ་དབར་ཕན་ཚུན་རྒྱུས་མངའ་ལོན་པར་དུས་ཡུན་རིང་པོ་དགོས་ལ། དེ་ཉིད་ཀྱང་དངངས་སྐྲག་ཆེན་པོ་བྱེད་པས་ངས་འཕྲལ་དུ་སྒོ་ཕྱེ་སྟེ་བྱིའུ་དེ་དོན་དུ་བཅུག དེས་ཀྱང་ངའི་བྱ་སྤྱོད་ཀྱི་དམིགས་ཡུལ་ཤེས་པ་བཞིན་བདེ་ལྕག་འཁྱུག་པོས་ཁང་ཆུང་གི་སྒོ་ལས་དོན་ཏེ་བར་ཁྱམས་ཀྱི་སྒེའུ་ཁུང་བརྒྱུད་ཡངས་པའི་མཁའ་དབྱིངས་སུ་འཕུར་སོང་། དེས་ང་ལ་སེམས་གསོ་འཚམས་འདྲི་བྱེད་ནུས་བྲལ་ཡང་དེ་ཉིད་ཅི་དགར་ནམ་འཕངས་བཅད་དེ་མཁའ་དབྱིངས་སུ་འཕུར་ཐུབ་པས་ངའི་སེམས་ལ་སྤྲོ་བ་ཞིག་སྟེར་བ་དང་སྦྲགས། བྱ་ཞིག་ཡིན་ན་བསམ་བྱུང་། བྱིའུ་ཞིག་ཡིན་ན་བསམ་བྱུང་ཞེས་པའི་དམངས་གཞས་དེ་ཡང་ཡིད་ལ་ལྷང་ལྷང་དྲན། དེ་མུར་སེམས་སུ་སྐྱོ་སྣང་ཞིག་དབང་མེད་དུ་སྐྱེས་ནས་ང་རང་བྱེའུ་དེ་དང་འདྲ་བར་རང་དབང་དང་སྤྲོ་བ་ལྡན་པའི་སྒོ་ནས་ནམ་མཁར་འཕུར་ཐུབ་སྟེ་འདི་ལོའི་དབྱར་དུས་ཀྱི་རྣམ་པ་མཐའ་མ་དེར་རོལ་བའམ། ཡང་ན་ཁང་པའི་ཕྱི་རུ་འགྲོ་རྒྱུ་བྱུང་ན་ཅི་མ་རུང་སྙམ། ངས་སླར་ཡང་སྒེའུ་ཁུང་ཕྱི་ཡི་གྲོང་ཁྱེར་ལ་རེ་བ་ཆེན་པོས་བལྟས་ནས་བསྡད།


ནད་ཡམས་ཀྱིས་རྐྱེན་པས་གནའ་བོའི་གྲོང་ཁྱེར་འདི་ཡི་ཞོགས་པ་ལངས་ཕྱི་བའི་ཁྱིམ་ཚང་བཞིན་འཇམ་ཐིང་ངེར་གནས། སྒེའུ་ཁུང་ནི་ཟླ་བ་གཅིག་རིང་གི་ཕྱི་ལ་ལྟ་བའི་ཁུང་པོ་ཉག་ཅིག་དེ་ལགས་ཤིང་། ཞོགས་པ་ལངས་ཏེ་མགྲོན་ཁང་ཆུང་ཆུང་འདིའི་སྒེའུ་ཁུང་ནས་ཕྱི་ལ་ལྟ་སྐབས། ཡངས་ཤིང་ཁོད་སྙོམས་པའི་གཞུང་ལམ་སྟེང་རླངས་འཁོར་ཐར་ཐོར་ཕར་འགྲོ་ཚུར་འོང་བྱེད་བཞིན་འདུག དེ་དག་ནི་ནད་ཡམས་སྔོན་འགོག་གི་ཞབས་ཞུའི་རླངས་འཁོར་རེད་འདུག དེ་དག་ནང་ཡོད་པ་ནི་ཞོགས་པ་སྔ་པོ་ནས་སྡེ་ཁུལ་དུ་གྲོང་མི་ཚོ་ལ་འཚོ་བའི་མཁོ་ཆས་སྐྱེལ་བ་དང་། འཚམས་འདྲིའི་ལག་རྟགས་ཁྱིམ་ཚང་རེ་རེ་དང་ཚོང་ཁང་གི་སྒོ་རེ་རེ་བྱས་ཏེ་སྐྱེལ་མཁན་དང་བླངས་པ་དང་གཞི་རིམ་དུ་སྐྱོད་པའི་ལས་བྱེད་པ་ཚོ་ཡིན་པར་ངེས། སྐབས་དེ་ཤེད་ནས་འགོ་ཚུགས་ཏེ་གོས་དཀར་གྱོན་པའི་སྨན་དོན་མི་སྣས་ལག་ཏུ་དུང་ཆུང་ཐོགས་ཏེ། ཧེ་སོན་ཅན་ཚ། ཧེ་སོན་ཅན་ཚ་ཞེས་སྐད་རྒྱག་པ་དང་། ཐེམ་པ་རེ་རེ་བཞིན་སྒོ་བརྡུངས་ཏེ་སྒོ་འགྲམ་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་འགོ་ཚུགས་ཤིང་། དེ་ལྟར་སྲང་ལམ་ནས་སྲང་ལམ་དང་། དུད་ཚང་ནས་དུད་ཚང་བྱས་ཏེ་བསྐྱོད་དགོས་པས། ཁོང་ཚོ་ཉིན་རེའི་ལས་ཀ་མཇུག་བསྒྲིལ་དུས་ནི་ས་རུབ་སྐབས་ཡིན་དང་ཡང་ན་ཉིན་གཉིས་པའི་ཐོ་རེངས་ཡིན་མིན་བརྗོད་པར་དཀའ།


ང་རང་འགོར་སྐྱིལ་ལུས་སའི་མགྲོན་ཁང་བདེ་ལེགས་ཁུལ་དུ་གནས་ཤིང་། སྐབས་དེར་སྒེའུ་ཁུང་བརྒྱུད་རྣ་བར་ལྷང་ལྷང་ཐོས་པ་ནི། ལུས་སྦྱོང་གནང་བར་ཕེབས་ལགས་སམ། ཞོགས་པ་སྔ་ཙམ་ཐོག་ཁའི་སྟེང་དོན་ཏེ་ལུས་སྦྱོང་བྱས་ན་ཉིན་གང་གཟུགས་པོ་བདེ་པོ་འདུག འོ་དེ་རང་རང་། ང་ཡང་ཞོགས་པ་ཐོག་ཁའི་སྟེང་ལུས་རྩལ་རྩེད་ཀྱི་ཡོད་ཅེས་གྲོང་པ་ཕན་ཚུན་རྒྱང་རིང་ནས་འཚམས་འདྲི་བྱེད་པའི་སྐད་ཐོས་པས། དེ་ནི་གྲོང་མི་དག་ཐོག་ཁའི་སྟེང་དོན་ཏེ་ལུས་སྦྱོང་བྱེད་ཀྱི་ཡོད་བཟོ་འདུག གལ་ཏེ་རང་ཁྱིམ་དུ་ཟླ་བ་གཅིག་གིས་མ་ཚད་དུས་ཚིགས་གཅིག་བཀག་སྐྱིལ་འཁེལ་ནའང་སྒོ་རྭ་དང་ཐོག་ཁར་རང་དབང་ངང་ཐོན་ཏེ་མཁའ་རླུང་སོས་པ་རྔུབ་པ་དང་ཉི་འོད་ཀྱི་བྱིན་རླབས་ཞུ་ཆོག་པས་རང་ཁྱིམ་གྱི་སྒོ་རྭ་དང་མེ་ཏོག་དག་ཀྱང་མིག་ལ་ལྷང་ལྷང་འཆར།


ཉེ་འགྲམ་གྱི་སྲང་ལམ་ནང་འཁྱམ་ཁྱི་ཁ་ཤས་ལྕེ་དམར་རིང་པོ་ནར་ནར་གྱིས་དམིགས་ཡུལ་མེད་པར་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་ངང་ཚུལ་ལ་བལྟས་ན་ཁོ་ཚོར་ལྟོ་རག་མེད་པ་འདྲ། ཅི་དྲག ནད་ཡམས་འདིས་མི་ཚང་མ་ཁང་པའི་ནང་སྡོད་དགོས་བྱུང་བས་ད་ཆ་ཁྱི་ལ་ཡང་ལྟོ་ཆས་མ་རག་པར་ལུས་འདུག་པས་གནོད་འཚེ་ཕོག་ཡུལ་གང་ཟག་ཙམ་མ་ཡིན་པ་རྟོགས། ང་སྔ་ཕྱིར་མགྲོན་ཁང་གསུམ་སྤོ་དགོས་བྱུང་བ་དང་། སྡོད་རོགས་ཁ་ཤས་བརྗེས་ནའང་སྟབས་ལེགས་པ་ཞིག་ལ་ནད་དུག་མ་འགོས་པར་མགྲོན་ཁང་ནང་ལྷོད་ལྷོད་ངང་སྡོད་ཆོག་པ་དང་ཉིན་རེའི་ལྟོ་ཐུན་གསུམ་དེ་སྒོ་འགྲམ་དུ་སྐྱེལ་གྱི་ཡོད་པས། ང་དང་ང་འདྲ་བའི་གཞིས་ཀ་རྩེར་འགོར་སྐྱིལ་ཐེབས་པའི་འགྲུལ་པ་དག་ལ་སྲིད་གཞུང་ནས་རིན་མེད་དུ་མགྲོན་ཁང་བཀོད་སྒྲིག་བྱས་པ་དང་ལྟོ་ཆས་ནར་གཏོང་བྱེད་པས། ང་ཚོའི་ལས་འགན་ནི་རྐང་པ་སྒོ་ཕྱིར་མ་ཐོན་པར་ནད་ཡམས་འགོག་བཅོས་ལ་གཞོགས་འདེགས་བྱ་རྒྱུ་ཙམ་ལགས་ཤིང་། དེ་ནི་ཁྱིམ་སྒོ་མ་ཐོན་པར་ཉལ་སྡོད་པ་དེ་ཡང་ལེགས་སྐྱེས་ཡིན་ཞེས་འབོད་སྒྲ་སྒྲོག་པ་ལྟར་རེད།


འོན་ཀྱང་ང་ཚོ་དང་མི་འདྲ་བར་ཉེན་ཁའི་མདུན་དུ་ཁྱིམ་ཆུང་བློས་གཏོང་དང་རང་ཉིད་བློས་གཏོང་གིས་ནད་ཡམས་འགོག་བཅོས་ཀྱི་འཐབ་ས་མདུན་མར་སྐྱོད་མཁན་དེ་དག་ནི་ངས་ཉིན་ལྟར་སྒེའུ་ཁུང་མདུན་ནས་མཐོང་བ་དང་མགྲོན་ཁང་གི་སྒོ་འགྲམ་ནས་འཕྲད་རྒྱུ་ཡོད་ཅིང་། ཁོང་ཚོའི་ལུས་ལ་འགོག་གོས་གྱོན་པ་དང་ངོ་གདོང་ཡོངས་རྫོགས་བཀབ་ནས་དཀར་པོ་རྡོག་རྡོག་ཅིག་ལས་སུ་ཡིན་ངོ་ཤེས་ཐབས་མེད་མོད། ངས་ཁོང་ཚོའི་དཀའ་ཚེགས་ལ་བསམ་ཤེས་ཐུབ་པ་དང་ཁོང་ཚོའི་སྙིང་སྟོབས་ལ་གུས་སེམས་འཆང་བཞིན་ཡོད།


ནད་ཡམས་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་བརྩེ་སེམས་ཀྱིས་ཁེངས། གཞིས་ཀ་རྩེ་ནི་ང་རང་སྐྱེ་སའི་ཕ་ཡུལ་ཡིན། མ་གཞི་རྐྱེན་ངན་ཞིག་ཡིན་ཡང་ད་རེས་ཀྱི་ནད་ཡམས་བརྒྱུད་དེ་ངའི་ཕ་ཡུལ་ལ་ངེས་ཤེས་གསར་པ་ཞིག་རྙེད་བྱུང་། སྲིད་གཞུང་གིས་ང་ལྟ་བུ་གཞིས་ཀ་རྩེའི་མགྲོན་ཁང་དུ་ལུས་པའི་མགྲོན་པོ་དག་ལ་ཟས་སྡོད་ཐག་གཅོད་ཡག་པོ་བྱས་པས་མ་ཚད། ང་ཚོར་ཁྱིམ་གྱི་དྲོ་སྐྱིད་ཚོར་དུ་འཇུག ད་དུང་ས་ཁུལ་མང་ཚོགས་ལ་ཚལ་སོས་པ་དང་། ཕག་ཤ །ཚགས་ཤ །བྱ་ཤ །སྒོ་ང་། ཤིང་འབྲས་སོགས་འབེལ་འབེལ་ལྷུག་ལྷུག་ཁྱིམ་ཚང་སོ་སོའི་སྒོ་ཁར་བསྐྱལ་འདུག གལ་ཏེ་གཅུང་མོས་དེའི་སྐོར་གྱི་བརྙན་ཐུང་མ་བསྐུར་ཚེ་ང་ཡང་ཡིད་ཆེས་ཡོང་བ་མི་འདུག གཅུང་མོས་ཟེར་ན་གཞིས་ཀ་རྩེའི་ལའོ་པན་སྦྱིན་བདག་ཚོས་ཞལ་འདེབས་བརྒྱབ་པ་རེད་ཟེར། གང་ལྟར་ཡང་དཀའ་ངལ་འཕྲད་སྐབས་ལྷག་བསམ་ཟོལ་མེད་ཀྱི་སྦྱིན་པ་དེ་ཡང་སྦྱིན་པའི་མཆོག་གྱུར་རེད་སྙམ།


ནད་ཡམས་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་བརྩེ་སེམས་ཀྱིས་ཁེངས། ང་རང་སྡོད་སའི་སྒེའུ་ཁུང་ཆེན་པོ་མེད་ནའང་འཇིག་རྟེན་གྱི་གནས་ཚུལ་མང་པོ་ཞིག་འདི་ནས་མཐོང་ཐུབ་སྟེ། ཁང་བདག་གིས་ཐོག་ཁ་ནས་ཚལ་སོགས་ཟས་རིགས་ཐག་པ་ལ་བཏགས་ཏེ་ཤོད་ཀྱི་ཁང་པའི་ནང་བསྡད་པའི་ནང་སའི་མི་ལ་ཐག་བཤུད་བཏང་བ་མཐོང་བྱུང་ལ། མཚན་མོའི་ཆུ་ཚོད༡༢ཙམ་ལ། ཨ་ཅག སྒོ་འགྲམ་དུ་ཀུ་ཤུ་བཞག་ཡོད། ལེན་རྒྱུ་མ་བརྗེད་པ་གྱིས་ཟེར་བ་ཐོས། ཉིན་པར་ཚོང་ཁང་ཟིན་མཁན་ཚོར་སྲིད་གཞུང་ནས་ཟས་རིགས་སྣ་ཚོགས་སྐྱེལ་བ་མིག་གིས་དངོས་སུ་མཐོང་ལ། ཁྱིམ་དུ་སྡོད་མཁན་གྲོང་མི་ཚོར་གོས་དཀར་གྱོན་པའི་ལས་བྱེད་མི་སྣ་ཚོས་ཐ་ན་མར་ཀྲོག་དང་། རྩམ་དོ་ཆུང་ཆུང་སྐྱེལ་བ་ཉིན་ལྟར་མཐོང་ཆོས་སུ་གྱུར།


ང་ནི་མགྲོན་ཁང་ནང་དུ་ཉལ་ཏེ་སྡོད་རྒྱུར་ཡང་ད་དུང་ཉི་མ་མི་འཁྱོལ་བའི་སྡུག་སྐད་ཤོར་གྱི་འདུག འོན་ཏེ་འཐབ་ས་མདུན་མར་ནད་ཡམས་དང་འཐབ་རྩོད་བྱེད་མཁན་ཚོས་ཕྱི་ཕྱོགས་སུ་ང་ཚོའི་ཆེད་དུ་ཉིན་མཚན་མེད་པར་དཀའ་ལས་ཚད་མེད་བསྐྱོན། མཐར་ཁོང་ཚོ་རང་ཉིད་ཀྱང་སྒྲོམ་ཚང་དུ་བསྐྱོད་དགོས་པའི་གནས་ཚུལ་ཤེས་དུས་སེམས་ནང་ནས་ཁོང་ཚོར་དགོངས་དག་ཡང་ཡང་ཞུ་བར་འདོད། དམངས་ཀྱི་བདེ་འཇགས་ཆེད་དུ་ཁྱེད་ཅག་སྐུ་ལས་ཁག་སོང་། ནད་ཡམས་མཇུག་བསྒྲིལ་རྗེས་ཁྱེད་ཚོ་སྐུ་ངལ་ལེགས་པར་གསོ་རོགས་ཞུ།


ནད་ཡམས་ལ་སྙིང་རྗེ་མེད་ཀྱང་། མི་ཡུལ་བརྩེ་སེམས་ཀྱིས་ཁེངས། ད་ཐེངས་ཕ་ཡུལ་གཞིས་ཀ་བསམ་གྲུབ་རྩེས་ཁྱིམ་དུ་སྡོད་མཁན་གྲོང་མིར་འཚོ་བའི་ལྟ་སྐྱོང་ལེགས་ལ། འདིར་ལུས་པའི་འགྲུལ་པ་ཚོར་ཡང་ཁྱིམ་གྱི་དྲོ་སྐྱིད་སྟེར། གྲོང་མིའམ་འགྲུལ་པ་དཀྱུས་མ་ཞིག་གིས་ངོས་ནས་བརྗོད་ན་གཞིས་ཀ་རྩེའི་གནང་སྟངས་ལའང་མངོན་པར་བསྟོད་པར་འདོད།


དེ་བཞིན་ང་རང་ལ་ཡིད་ཆེས་ཡོད་པ་ནི་ང་ཚོ་གོང་འོག་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་ལ་སྒྲིལ་ནས་ནད་ཡམས་དང་འཐབ་རྩོད་བྱས་ན། རྒྱལ་ཁའི་སྐྱ་རེངས་མྱུར་དུ་བསུ་ཐུབ་པར་ངེས།







གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号