དྲན་པ་ཚོམ་བུ།


རྩོམ་པ་པོ། ར་རྫ་འཇམ་དབྱངས་སྐྱིད།


ཉིན་དེར་ཕྱི་གླིང་གི་གྲོགས་མོ་ནང་ཚགས་ཤིག་གི་མངག་བཅོལ་ལྟར་ང་རང་སེ་ར་དགོན་པར་འདས་པོ་ཞིག་ལ་བསྔོ་སྨོན་ཞུ་རུ་སོང་། ཏག་ཏག་སྐབས་དེར། བུ་མོ་གཡང་འཛོམས་བཟང་མོས། ཨ་མ། གཞས་འདི་སྙན་པོ་ཞེ་དྲག་འདུག་ཅེས་ངའི་སྐད་འཕྲིན་ནང་ལ་བོད་གླུ་ཞིག་བསྐུར་འདུག མོ་རང་དབྱིན་ཇིའི་གཞས་ལ་ཉན་རྒྱུར་དགའ་ཞིང་ཡུལ་ལྗོངས་དང་མི་སྣ་པར་དུ་ལེན་པའི་རྩལ་དང་སེམས་ཚོར་འདྲ་ཞིག་འདུག་པ་ངས་སྔ་མོ་ནས་ཤེས་ཡོད་མོད། སྔོན་ཆད་ཙོང་ཁ་དང་དེང་སང་གནའ་མཁར་ཟི་ལིང་དུ་འབོད་པར་འཚར་ལོངས་བྱུང་བ་ཞིག་ཡིན་གཤིས། རང་གི་སྐད་ཡིག་སློབ་པའི་གོ་སྐབས་ཤོར་ནས་བོད་ཡིག་ཀློག་འགྲོ་ཙམ་ལས་མི་ཤེས། བྱས་ཙང་བོད་གཞས་ལ་མྱོང་རོལ་ཤེས་མིན་ངས་ཀྱང་ཧ་གོ་གི་མེད། ཤེས་ཀྱང་ཐང་།


དགོན་པའི་རུང་ཁང་དུ་བསྔོ་སྨོན་དང་འཕྲིན་བཅོལ་ཞུ་མཁན་ཁ་ཤས་འདུག་པས་ཅུང་ཟད་སྒུག་དགོས་བྱུང་། སྐབས་དེར་མི་དཀར་པོའི་ཁྲོད་ནའང་འདས་པོར་དགེ་རྩ་སྒྲུབ་མཁན་ཡོད་འདུག་ག་ཞེས་ཁ་སང་གི་དྲན་ཚུལ་དེ་ཡིད་ལ་འཁོར། ནང་ཆོས་ལ་དད་མཁན་ཡོད་དང་ཡོད་ས་རེད་དེ། རིམ་གྲོ་སྒྲུབ་མཁན་ནི་ད་རེས་ཙམ་ལས་མཐོང་ཐོས་མེད་པས་མཚར་སྣང་ཞིག་ཀྱང་སྐྱེས། གཅིག་བྱས་ན། ང་ཚོའི་རིག་གནས་ལ་བྱང་ཆ་ལྡན་ཞིང་དད་པ་ཡོད་པའི་ངའི་གྲོགས་མོ་དང་འབྲེལ་བ་ཡོད་སྲིད། སྔུན་གྱི་མི་གསུམ་བཞི་དེས་སྐུ་ཞབས་ལ་ཞུས་ཚར་ཞིང་རེ་རེ་བཞིན་བང་གྲལ་ནས་ཐོན། འདོན་པའི་ཞལ་བྱང་དང་མཚན་མིང་ཟིན་བྲིས་འདེབས་མཁན་སྐུ་ཞབས་ལགས་ཀྱི་དྲུང་དུ། བོད་ཡིག་ཏུ་ཕབ་པའི་ཕྱི་རྒྱལ་འདས་པོའི་མིང་དེ་ལྕེ་རྩེ་ནས་མི་འཁྱོང་ལ་བྱས་པས་ང་ལ་འཚེར་སྣང་ཞིག་སྐྱེས། གྲོགས་མོའི་ངག་བཀོད་ལྟར་འབུལ་བ་སྒོར་བརྒྱ་ཕྱེད་གཅིག་ལས་འཐོལ་པ་མ་ཕུལ། སེ་འབྲས་དང་བཅས་པའི་དགོན་པར་བསྐང་གསོ་འཕྲིན་བཅོལ་རྐྱེན་སེལ་རིམ་གྲོ་གང་རིགས་ཞུ་དུས། མི་སེར་གྱིས་ལྟེབ་རྩེག་མང་དུ་བརྒྱབ་པའི་ལྔ་ལོར་བཅུ་ལོར་འདྲ་བ་ཕུལ་རུང་། མང་ལོད་ལ་ཡ་མི་བྱེད་པར་རྩིས་ཐོ་འགོད་མཁན་སྐུ་ཞབས་ཚོས་འཛུམ་གྱིས་བཞེས། གུས་མོས་དེ་རིང་སྐད་འཕྲིན་ལས་འབུལ་བ་ཉུང་ཉུང་དེ་ཕུལ་བར་ཡང་དགའ་བཞིན་སྤྲོ་བཞིན་འབྱོར་ཐོ་བྲིས། གནང་སྟངས་དེ་ཧ་ཅང་བག་དྲོ་བ་ཞིག་འདུག དེ་འདྲའི་ཕྲ་ཞིང་ཕྲ་བའི་གཏམ་རྒྱུད་མང་པོ་གཅིག་ཏུ་འདྲེས་ནས་སྐམ་ཤས་ཆེ་བའི་སྐྱིད་ཤོད་ཀྱི་མཁའ་དབུགས་རླན་ཤིག་ཤིག་ཏུ་བཏང་།


ད་ཞག[2]ལྷ་སར་ཡང་བོད་ལབ། བོད་ཞོག བོད་དེའི་སྒོ་ང་། སྔོ་ལྡུམ་ཤིང་ཏོག་སོགས་གྲོང་གསེབ་ཀྱི་རྒྱུ་གཙང་སྤུས་གཙང་གི་ཐོན་རྫས་ས་གེ་སོག་གེའི་ཐང་ཁྲོམ་གཤོམ་མཁན་ནས། ཆེན་པོ་སྣམ་བུའི་ཕྱུ་པ་དང་ཚེ་རིང་སྐྱིན་ཁེབས། རྒྱ་གར་ཞྭ་མོ། གོས་ཆེན་ཕུ་མེད། དར་གོས་འོག་འཇུག ཤད་མའི་པང་གདན། ལྷམ་མགོ་ཟོན་པ་སོགས་བཙོང་སའི་ཚོང་ཁང་དྲག་གྲས་རིགས་སྨོས་ཅི་དགོས་ཏེ་དགོན་པར་ཡང་སྐད་འཕྲིན་ནས་དངུལ་སྤྲོད་རྐྱང་ཡིན་པས་སྟབས་བདེ་བོ་བྱུང་། ཡིན་དང་ཡིན། སྐད་འཕྲིན་གྱི་བྱེད་ནུས་དེ་སྤྱད་ན། སིལ་མ་མེད་པའི་དཀའ་ལས་དང་ཤོག་ཆག་ཡིག་སྐོགས་ཉོ་བ། ཉོ་ཆ་རྒྱག་དུས་དངུལ་སྨར་ལ་ལག་པས་ཡང་ཡང་འཆང་མི་དགོས་པས་གཙང་སྦྲ་དང་ནད་རིགས་སྔོན་འགོག་ལའང་ཕན། ད་དུང་། སྔོན་ཆད་ཕ་ཡུལ་དུ་མི་སེར་ཚོས་ལུག་ཚོང་དང་དངོས་ཚོང་རྒྱག་དུས། གཡོ་ཟོལ་གྱིས་སྒོར་མོ་རྫུན་མ་སྤྲད་པའི་གྱོང་དང་བུབ་ཁ་ལྟ་བུ་ཡང་རག་མི་དགོས། དེ་ལྟ་ནའང་དོན་དག་གང་ཡིན་ལ་ཡག་ཉེས་དང་ཁེ་ཉེན་གཉིས་ཆ་མེད་པ་མིན་ཏེ། སྐད་འཕྲིན་གྱི་སྨར་ཁུག་ནང་དུ་དངུལ་ཕོན་ཆེ་བ་བསོགས་པ་དང་ཡང་ན་དངུལ་བྱང་སྐད་འཕྲིན་དང་སྦྲེལ་རྐྱང་བྱས་ན་ནི་ག་འདྲ་ཡིན་ན།


ང་རང་དགོན་པའི་རུང་ཁང་ནས་ཐོན་ཏེ་མདུན་གྱི་ཐང་སྡེར་དེར་འབྱོར་དུས། དགོན་པའི་དཔེ་ཚོང་ཁང་ནས་ཡར་ཡོང་བཞིན་པའི་བྱང་སྐར་དང་སྟབས་ཁེལ་བྱུང་། དགོན་པ་ནས་ལོག་ཡོང་ཁར། བུ་མོ་རྒན་པས་བསྐུར་བའི་གཞས་དེར་མཛུབ་མོས་ཤིག་མནན། ཐེངས་གཅིག་ཉན་པས་ངའི་ཁྲག་རྒྱུན་འཁྱགས་སིབ་སིབ། ལུས་པོ་མྱོས་སིམ་སིམ་དུ་བཏང་། ཨེ་བདེན་ན། གཞས་དེས་ཡུན་རིང་གཏི་མུག་གིས་ཟིན་པའི་མི་ཞིག་བཙན་གྱིས་དཀྲོགས་པ་ལྟར། རང་སེམས་ལ་བདག་སྤྲོད་མ་ཐུབ་པར་རོལ་མོ་དང་གླུ་ངག་གི་འགྲོས་དང་བསྟུན་ནས་ང་ནི་གཡོ་ཞིང་སྐྱོམ་པར་བྱས། དེ་ལྟར་གང་འཚམ་ཞིག་ཡོང་། དགོང་ཁར་མཆོད་མཇལ་གྲུབ་སྟེ་ཐར་ཐོར་དུ་ཕྱིར་ལོག་འགྲོ་བའི་དད་ལྡན་པ་དང་དགོན་པའི་ཤར་ཞོལ་དུ་བོད་ཀྱི་ཚོང་ཟོག་འདྲ་མིན་འཚོང་མཁན་ཁེ་པ་དག་གིས་ཀྱང་ཚོང་སྒོ་གཏན་མེད་པ་ལྷང་གིས་མཐོང། དེ་མུར་རྟོག་པ་འཕྲོ་བ་ནང་ལ་བསྡུས་ཏེ་ང་འདྲའི་རྒན་མོ་ཞིག་གིས་ཉམས་འགྱུར་བསྟན་བཤིག་ཚ་བོ་དེ་འདྲ་བསྟན་ན། སྨྱོན་མའམ་འཆལ་མོ་ཞིག་ཏུ་མཐོང་ཤག་ཤག་ཡིན་པ་རང་མི་རང་ལ་གསལ་བས། རང་གི་ལུས་པོར་བཙན་གྱིས་སྟངས་འཛིན་དང་ཁ་ལོ་བསྒྱུར་ནས་ཕྱག་རྒྱ་དང་སྟངས་སྟབས་ཅམ་གྱིས་བཞག གཞས་མཚམས་བཅད་དེ་ཁ་པར་ལྟོ་ཕད་ནང་ལ་བཅུག


གཞས་དེ་ཡིན་པ་གངས་ལྗོངས་དཔལ་གྱི་ས་ཆེན་པོ་འདིར་འཁྲེང་བའི་བརྩེ་གླུ་ཞིག་ཡིན་འདུག གདངས་ལ་དེང་རབས་ཀྱི་ཤས་ཆེ་ཞིང་། མགོ་རྩོམ་དུས་ཀྱི་རམ་འདེགས་རོལ་མོར་འདོན་དབྱངས་ཀྱིས་ཕྲ་བཏབ་པ། འགུགས་ལུགས་འགྱུར་ཁུགས་མཉེན་ལྕུག་ལྡན་པ། ཡོན་ཏན་ཆེ་ཤོས་ནི་གཞས་པའི་སེམས་པ་གཞས་ཀྱི་ནང་ལ་ཐིམ་ཞིང་གདངས་དང་ཚིག་གཉིས་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་འདྲེས་པ་དེ་རེད་སྙམ། ངའི་སེམས་ལ་རེག་ཚོར་ཁྱད་པར་བ་ཞིག་བྱུང་བའང་ཞིབ་ཏུ་འདང་བརྒྱབ་ན་དེ་ཡིན་འདུག


ལོ་ན་གཞོན་དུས། སྒྲ་ཕབ་ཁང་དུ་གཞས་ཁ་ཤས་སྒྲ་ལེན་དུས་སུའང་ངའི་ཁྲག་རྒྱུན་གྲང་ཤུར་ཤུར་དུ་བཏང་མྱོང་། དཔེར་ན། འདས་པོ་བསྟན་པ་ཆུང་བ་ལགས་ཀྱིས་བརྩམས་གནང་བའི་གཞས《ང་ཡི་ཕ་ཡུལ》ལྟ་བུ། དེའི་གཞས་མགོ་དམའ་ཞིང་གཉོམ་པ་ནས་བརྩམས། ཆུང་དུས་ཕ་མས་གསུངས་པ་ལ། གངས་རི་དཀར་པོ་ངའི་ཕ་ཡུལ། གངས་ཆུ་འཐུངས་ནས་འཚར་ལོངས་བྱུང་། གངས་རིའི་དབུས་སུ་འཚོ་བ་བསྐྱལ། གངས་རི་དཀར་པོ་ཏེ་སེ། ཁྱེད་ནི་ང་ཡི་ཕ་ཡུལ…… ཞེས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་དེ་ཡུན་གྱིས་མངོན་མཐོར་བསྟད། ཚིག་གི་སྡེབ་སྦྱོར་དང་དབྱངས་ཀྱི་འགྲོས་ལ་འགྲོགས་ནས་ལེན་མཁན་རང་དབང་མེད་པར་ཁྲིད་འགྲོ། སྙིང་ཆུང་དམར་པོ་ལྷེམ་ལྷེམ་ལྡིང་ཞིང་རུས་པའི་རྐང་ལ་སིབ་སིབ་གཏོང་བ། དབྱངས་ཀྱི་ནང་ལ་ཐིམ་པའི་གཞས་ཀྱིས་ནི་ཉན་མཁན་ལ་ཡང་ཚོར་བ་ཆ་འདྲ་བ་སྟེར་གྱི་ཡོད་པ་འདྲ།


བྱང་སྐར་མདུན་ན་དལ་གྱིས་འགྲོ་བ་ངས་དོ་སྣང་བྱུང་། ཁོའི་དྲན་པའི་ངོགས་སུ་ཐིམ་པའི་བག་ཆགས་དེ་བྲང་ནས་ལྷོག་སེ་ཐོན་གྱི་ཡོད་ན་ཐང་མོད། ནམ་རྒྱུན་ལྟར་མངོན་གསལ་གྱིས་ང་ལ་ཇུས་གཏོགས་མ་བྱས། གཤིས་ཀྱི་ངང་ལ་བབ་པའི་ཚོར་བར་ཚོད་འཛིན་སྒོས་རང་གཅུན་རང་སྡོམ་དགོས་པའི་དམིགས་བསལ་གྱི་གནས་བབ་དེ་འདྲ་ལ། ངའི་སེམས་སུ། ཨ་རེ་སྐྱོ། སྨན་ཤར་གང་མང་ཞིག་གི་རྒྱུད་ལས་འབུས་བཞིན་པའི་སྒྱུ་རྩལ་གྱི་མྱུ་གུ་སྟོན་ཐོག་སྡུད་སྡུད། བཙས་མ་རྔ་རྔ་བྱེད་ཀྱི་མེད་ཨང་སྙམ་ལ། དྲན་རྒྱུ་རྒོད་ཅིང་གཤིས་ཀ་འཚུབ་པོའི་ང་ལ་ཨ་སྟག་ལྷ་མོ་ཞེས་མཚང་མིང་ཐོགས་པའི་ཆུང་དུས་ཀྱི་དྲན་པ་དེའང་སོས། གལ་སྲིད། དྲིན་ཆེན་མ་ལོའི་བྱམས་བརྩེའི་གཤོག་འོག་གི་དྲོད་དེ་མེད་ན…… ཞེས་པ་ད་ལྟ་ཡིན་རུང་ངའི་བློ་ལ་ཤར་ཤར་བྱེད། རང་ཉིད་ཀྱང་བུ་མོར་ཙག་དང་བསེར་བུའི་རེག་ཚོར་འགོག་སྲུང་གི་གོ་ཆ་བཙན་པོ་ཞིག་བྱེད་འདོད་ཆེ།


ངེད་གཉིས་སྔ་རྟིང་དུ་དགོན་པའི་རླངས་འཁོར་འཇོག་སར་འབྱོར། རླངས་འཁོར་ཐོན་སྒོ་ནས་འབུད་དུས་བཞག་གླར་སྒོར་མོ་གསུམ་ཤོར་འདུག ཁ་ལོ་བའི་གམ་ན་སྡོད་པའི་ངས་ཐོན་སྒོའི་གཡོན་ངོས་སུ་སྦྱར་བའི་བཤེར་རིས་ལ་ལག་པས་མི་སྙོབ་བཞིན་བཤེར་ཞིང་སྐད་འཕྲིན་ལས་སྒོར་གསུམ་པོ་དེ་སྤྲད་པར་ཏུའུ་ཞེས་བཞུར། དུས་ཚོད་རེ་ལ་སྒོར་གསུམ་ལས་མི་དགོས་པའི་རིན་གོང་ཁེ་པོ་འདི་འདྲ་གཞན་ན་ཨེ་ཡོད། དགོན་པའི་འགབ་ནས་མྱུར་ལམ་དུ་བུད་དེ་རྔ་ཆེན་ཤར་ལམ་ཕྱོགས་ཀྱི་ཁྱིམ་དུ་ལོག་རྩིས་བྱས། ལམ་རྒྱུད་དེར་རླངས་འཁོར་མི་ཁེགས་པས་ནམ་རྒྱུན་སྐར་མ་བཅུ་གྲངས་ཤིག་གིས་སླེབ་ཐུབ་པ་ཡོད། ལམ་དུ་ཞུགས་མ་ཐག ཟས་སྐོམ་གྱིས་གདུང་བའི་མི་ཞིག་བཟའ་བཏུང་ལ་རྔམ་པ་ལྟར། མཐུད་སྐུད་བཙལ་བཙལ་སློག་སློག་གིས་ཁ་པར་རླངས་འཁོར་གྱི་སྒྲ་སྒམ་ལ་སྦྲེལ་ཞིང་སྒྲའི་གདངས་ཇེ་མཐོར་བཏང་། ང་ཚོའི་མོ་ཊ་དེ་ནཱེ་སང་རྙིང་སོང་ཐེབས་ཆག་ཅིག་ཡིན་རུང་སྒྲ་སྒམ་གྱི་སྤུས་ཀ་ཨའོ་ཙམ་འདུག་པས་གཞས་དེ་སྔར་ལས་སྙན་པོར་སྣང་། མོ་ཊའི་ནང་དུ་སེམས་ཀྱི་མདུད་པ་རྣམ་པར་བཀྲོལ་ཏེ་གཞས་ལ་ཉན་ཞིང་ཟློ་བཞིན་རང་སྣང་གིས་ལུས་པོ་རྡེབ་སིག་བྱེད་ཀྱིན་ཡོང་། ངས་མཉམ་ཞིག་འཇོག་དུས། བྱང་སྐར་ལ་དགའ་སྣང་སླེབ་ཀྱི་མི་འདུག ཁོས་སྣ་གླུ་ཟ་ཟི་དེ་ཡང་འཐེན་གྱི་མི་འདུག ཨ། ཁྱད་མཚར། རྒྱུན་པར་ཡིན་ན་སྙན་འཇེབས་ཀྱི་གཞས་འདྲར་ཐུག་ཚེ་ང་ལས་ཁོ་དབྱིངས་ཆེ་བ་ཡོད་དེ། ད་ལན་ཁོས་ངག་བསྡམས་ཤིང་མིག་གིས་ང་ལ་འཁྱུག་ཙམ་ཡང་མི་ལྟ་བར་མདུན་སར་ཅེར་ཏེ་མྱུར་ལམ་དང་ཕུག་ལམ་ནས་མོ་ཊ་ཤར་ཤར་དུ་གཏོང་། ད་གིན་གྱི་ངའི་བྱ་སྤྱོད་ལ་ཁོ་ཡི་མ་རང་བ་ཡིན་ནམ། ཡིན་གྱི་མ་རེད། བྱང་སྐར་དེ་འདྲའི་མི་ཅོལ་ཆུང་ཞིག་མིན། ཡིན་ཚེ་འཚོ་བ་མཉམ་དུ་སྐྱེལ་ཐུབ་ཁག་པོ་རེད། ཕྱི་ནང་གཉིས་ཆ་ནས་འཛེམ་འཛེམ་དོགས་དོགས་ངང་སྡོད་དགོས་པའི་སྟབས་ཀྱིས་མང་པོ་ཞིག་གི་སེམས་ཁམས…… ང་ལ་སེམས་འགྱུ་རྣམ་རྟོག་ཕྲ་མོ་དེ་འདྲ་ཞིག་ཀྱང་བྱུང་། ཕུག་ལམ་ཐུང་ཐུང་དེ་བརྒྱུད་དུས་ཕུག་ཁུང་གི་འུར་སྒྲས་རླངས་འཁོར་ནང་གི་གླུ་སྐད་ཧྲིལ་གྱིས་མནན། ལག་རྩལ་མེད་པའི་ང་ཕུག་ལམ་དུ་རླངས་འཁོར་གཏོང་བར་སྐྲག་སྣང་ཆེ། གཙོ་བོ་སྐད་ངན་དེ་ལན་ནི་ཡིན་གྱི་རེད། མ་གཞི་ལོ་འདི་ཚོར་བྱང་སྐར་ཨ་མདོའི་དམངས་གླུས་ཕྱུག་པའི་གླུ་དང་དབུས་གཙང་དང་ཁམས་ཀྱི་དམངས་གླུའི་འགྱུར་ཁུགས་ཅན་ལ་མ་གཏོགས་དར་སོ་ཆེ་བའི་དེང་རབས་གཞས་ལ་ཉན་སྙིང་བྲོ་གི་མི་འདུག ཁོ་ལ་ཚོར་སྣང་མེད་པ་ཡང་རྩ་བ་དེ་ལ་ཐུག་མེད་འགྲོ། ང་ཡང་སྤྱིའི་ཆ་ནས་དོ་ཞག་གཞན་རིགས་ལ་ལད་མོ་མིན་ཞིང་རང་རེའི་ཁྱད་ཆོས་ཤ་ཐོན་རུས་ཐོན[3]ཡིན་པའི་གཞས་ལ་མ་གཏོགས་དགའ་པོ་ཞེ་དྲག་མེད་མོད་ཀྱི། ད་རེབ་ཚུལ་དེ་ལས་འགོངས། སྐར་མ་གསུམ་དང་སྐར་ཆ་བཅུ་དགུ་ཅན་གྱི་གཞས་དེར་ཡང་ཡང་ཉན་བཞིན་སྣང་ངོར་ཇ་སྦྱོར་གཅིག་གི་ཡུན་ལ་གཞིས་ཁུལ་དུ་སླེབས།


དང་ཐོག སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་གཏོགས་པ་ནི་འཇིམ་སྐུ་དང་བརྐོས་སྐུ། རི་མོ་བཅས་ལས་མེད་ཚོད། ད་ཆ་རོལ་མོ་དང་ཞབས་བྲོ། ཟློས་གར། གློག་བརྙན། ཨར་རྩིག བརྩམས་སྒྲུང་དང་ལྷུག་རྩོམ། སྙན་ངག་སོགས་རྩོམ་རིག་ཀྱང་སྒྱུ་རྩལ་གྱི་གྲས་སུ་ཚུད་ཡོད་འདུག དེ་ལས་གློག་བརྙན་དང་ཞབས་བྲོ། ཟློས་གར། རོལ་མོ་སོགས་ནི་མཐོང་བྱེད་མིག་དང་ཐོས་བྱེད་རྣ་བ་སྟེ་མིའི་དབང་པོའི་ཚོར་ཤེས་ལ་བརྟེན་ནས་མྱོང་རོལ་བྱེད་པའི་སྒྱུ་རྩལ་གྱི་གྲས་སུ་གཏོགས།


རྩོམ་རིག་ནི་གཙོ་བོ་སྐད་ཆའི་སྒྱུ་རྩལ་ལ་གོ་ཞིང་། དེ་ཉིད་སྐད་དང་ཡི་གེ་ལས་གྲུབ་པ་ཞིག་ཡིན་འདུག ཡང་རྩོམ་རིག་ནི་ཡིད་བརྙན་དང་འཆར་སྣང་དང་ཐབས་རྩལ་སོགས་ལ་བརྟེན་ནས་དཔེར་མཚོན་དུ་འོས་པའི་མི་སྣ་བཞེངས་བསྐྲུན་སྒོས་སྤྱི་ཚོགས་འཚོ་བ་སྐད་ཆའི་སྒྱུ་རྩལ་གྱི་ལམ་ནས་སྟོན་པ་ཞིག་ཡིན་པ་ལས། རྣམ་གྲངས་གཞན་པའི་སྒྱུ་རྩལ་ལྟར་མིག་དབང་དང་རྣ་དབང་སོགས་ཀྱིས་ཐད་ཀར་ཚོར་ཞིང་རྟོགས་ཐུབ་པ་ཞིག་མ་ཡིན། གང་དེ་ངེས་པར་བྱེད་པོ་རང་གི་འཆར་ཡན་ལ་བརྟེན་ནས་མྱོང་རོལ་དང་ཉམས་ལེན། མཛེས་པའི་ཡིད་བརྙན་ག་གེ་མོ་བློས་བསླངས་བྱེད་པ་བརྒྱུད་ནས་འཇུག་དགོས་པ་ཞིག་ཡིན་ས་རེད།


གླུ་གཞས་ཀྱང་རྩོམ་རིག་ལྟར་དུ་སྒྱུ་རྩལ་གྱི་ཁོངས་སུ་འགྲོ་གི་འདུག དེ་འདྲ་ཡིན་ཚེ་འགྲིག་མེད་པ[4]། སྤྱིར་ན་སྒྱུ་རྩལ་ནི་ཚོར་ཤུགས་དྲག་ཀྱང་གློག་དམར་བཞིན་འཁྱུག་སྐྱེན་པ། སྣང་བར་སིམ་ཡང་འཇའ་ཚོན་ལྟར་ཡལ་སླ་བ་ཞིག་ཨེ་ཡིན། དེ་ཡང་། ལོ་ངོ་བཅོ་ལྔ་ལྷག་གི་ཡར་སྔོན་ཞིག་ལ། ལྷ་བྱམས་རྒྱལ་ལགས་ཀྱི《སྒྲོལ་མའི་རྨི་ལམ》དང་། ཅོ་ནེ་ཡུམ་ཚེ་རིང་ལགས་ཀྱི《རྣམ་སྨིན》ཞེས་པའི་བརྩམས་སྒྲུང་གཉིས་སྦྲང་ཆར་དུས་དེབ[5]ཅིག་ཏུ་བཀོད་པ་ལ་ལྟ་དུས། ང་ནི་རང་དབང་མེད་པར་སྒྱུ་རྩལ་གྱི་བྲོ་བག་སྣུམ་པོ་ཞིག་གིས་སིམ་པར་བྱས། སྙན་པོ་ཡག་པོ་ཞིམ་པོའི་རིགས་ལ་དགའ་བ་མིའི་གཉུག་གཤིས་སུ་གྲུབ་ཙ་ན། བསླུ་བྲིད་ཀྱི་ཆོ་འཕྲུལ་དེ་ཟློག་མ་ཐུབ་པར་ཕྱིས་སུ་ཡང་གཅིག་ཀློག་དུས། ཨ་རེ་ཕངས། དང་མའི་ཚོར་བ་དེ་འདྲ་མ་བྱུང་།


《དམག་མི་རོས་ཨིན་སྐྱོབ་པ》ཞེས་པའི་ཨ་རིའི་གློག་བརྙན་དེ་སྟོན་དུས་གློག་བརྙན་ཁང་ཞིག་ཏུ་བལྟས། གློག་བརྙན[6]རིག་གནས་དར་བ་ལྟོས་བཅས་སུ་སྔ་བའི་རྐྱེན་གྱིས་བརྙན་མིག་སྒྱུ་རྩལ་དང་སྒྲའི་བྱེད་ནུས། འཁྲབ་རྩལ་ལ་བྱང་ཆ་ལྡན་པ་སོགས་ཀྱི་ཡོན་ཏན་དུ་མས་ཕྱུག ཤ་དར་རུས་དར་གྱི་དམག་མིའི་རུ་ཡི་དཔུང་། གདོང་གི་ཉམས། དབུགས་ཀྱི་འབྱིན་རྔུབ། མིག་གི་འཛུམ་མདངས[7]། ལུས་ཀྱི་སྟངས་ཀ་གང་དང་གང་ཡིན། རང་བཞིན་གྱིས་བབས་པ་ལས་བཅོས་བཅོས་དང་ཚུལ་འཆོས་ཀྱི་གཡའ་བག་བསྒོས་པ། ལྷག་ཏུ་ཕོ་མིན་མོ་མིན་གྱི་མ་ནིང་ལྟ་བུའི་བཟོ་ལྟ་རྣམ་རྟོག་ཟ་བྱེད་མ་མཐོང་། དཔའ་བོ་སྟག་འདྲ་དག་གིས་འཐབ་རར་གཡུལ་འགྱེད་ཅིང་། སྡར་མ་ཝ་འདྲ་རེས་ནི་བཤོལ་ཞིང་བསྐུངས། ཚུལ་དེའང་མིའི་རང་བཞིན་དང་མི་མཐུན་པ་ཞིག་རྟོག་བཟོ་བྱས་པ་མིན་པས་སེམས་ལ་འགྲོ། སྒྱུ་རྩལ་གྱི་འབྱུང་ཁུངས་འཚོ་བ་ཡིན་རུང་འཚོ་བ་ལས་འཕགས་ཞེས་པ་ལྟར། འཚོ་བ་དང་འཚོ་བའི་རུ་མ་གང་ཞིག་གཞིར་བཟུང་ནས། ར་རིས་དྲི་མས་མ་སྦགས་པའི་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་འཚོ་བའི་བསྡུས་གཟུགས་བརྙན་རིས་སུ་ཕབ། རྣམ་པ་དང་མངོན་སྟངས་དུ་མ་བསྡོངས་ཏེ་ངའི་ཚོར་ཤེས་ཀྱི་དབང་པོ་བཟི་ཡོམ་ཡོམ་དུ་བཏང་། གློག་བརྙན་དེ་དང་འཛམ་གླིང་རྐང་གྲུག་འགྲན་བསྡུར་གྱི་སྟེགས་བུ་ལས། ཤ་ཁྲག་གདོས་བཅས་སུ་གྲུབ་པ་གཅིག་མཚུངས་ཡིན་རུང་། ང་ཚོའི་ལུས་པོའི་གྲུབ་སྟངས་དང་ཤ་ཚུགས། གཟུགས་དབྱིབས་ཐ་དད་ཡིན་པའི་ལུས་ཀྱི་སྟོབས། གཟུགས་ཀྱི་སྒྲོམ། ཤ་ཡི་གནད། གདོང་གི་དཔལ། རྫིག་པའི་ཉམས་ཀྱིས་ཕྱུག་པའི་སྐྱེས་པའི་མཐར་ཐུག་གི་མཛེས་པའང་རྟོགས།


ལོ་དུས་གང་ཡིན་མི་ཤེས་པའི་ཡུན་རིང་ཕྱིན་པའི་རྐང་གྲུག་འགྲན་བསྡུར་སྐབས་གཅིག་མཇུག་རྫོགས་དུས་ཤིག་ལ། གཞུང་ལས་ཁང་དུ་རང་གིས་སྐྱེས་པར་ལྟ་བའི་ཚུལ་དེ་ལྷུག་པར་བརྗོད་པ་ན། ང་ཚོའི་ཀྲུའུ་རིན་ཞིག་གིས་ཟུར་ཟའི་ཚུལ་དུ་གད་མོ་འཚེར་འཚེར་དུ་བགད། གམ་གྱི་ལས་གྲོགས་དེ་ཚོའི་ཧང་སང་མདོག་གི་མིག་མདངས་བསྡེབས་ཏེ་ངའི་སྟེང་ལ་མེ་དབལ་ལྟར་འཕྲོས། ཡང་ན་ནི་གནས་སྟངས་ལ་འགྱུར་བ་གཏོང་དགོས། ཡང་ན་ནི་བཟོད་སྒོམ་བྱེད་དགོས་ཞེས་པ་ལྟར། ངས་ནི་འོག་མ་དེ་མ་འདེམས་རང་འདེམས་འདྲ་ཆགས། དེ་ནས་བཟུང་། མངོན་ཆུང་གིས་མ་གཏོགས་སྤྱི་པའི་འདུ་རར་སྐད་ཆ་དེ་རིགས་བརྗོད་པའི་སྤོབས་པ་ཞུམ། མ་གཞི་དེ་ནི་ང་ཚོ་སྐྱེས་མར་མི་དབང་བའི་རྒྱས་སྤྲོས་ཀྱི་ཐ་སྙད་ཅིག་ཡིན་པ་བསྐྱར་དུ་རྟོགས། སྐྱེས་མས་ཕ་རོལ་པོ་གླེང་ན། འཛེམ་བྱ་དང་མངན་མཚང་དུ་འགྲོ་བའི་འདུ་ཤེས་འཛིན་སྟངས་དེ་རིག་གནས་སེམས་ཁམས་གཅིག་གིས་བསྐྱེད་པའི་འུ་ཅག་གི་རྒྱུད་ལ་ཨ་འཐས་སུ་འབྱར་འདུག དེ་བཞིན། སྐྱེས་མའི་འཆར་ཡན་དང་མངོན་འདོད། བསམ་བློ། འཁྱེར་སོ། འདོད་བརྩེ་སོགས་གཤིས་སུ་གྲུབ་ཅིང་ལྷུན་གྱིས་བབ་པ་གང་ཡིན་ངག་ལམ། ཡིག་ཐོག ཟློས་གར། རྩོམ་རིག གློག་བརྙན[8]སོགས་ལས་ལེགས་པར་མཚོན་པར་འགོག་རྐྱེན་བཟོ་བ་དེ་ནི་སྤྱི་ཚོགས་ཐང་ཐང་མིན་པའི་ལམ་ཁ་ཞིག་ཏུ་འཁྲིད་པའི་རྒྱུ་ངན་པ་ལྟ་བུར་འགྱུར་གྱི་ཡོད།


དེ་ཡང་། ཡིག་རྩལ་དང་འབྲི་རྩལ་གཉིས་ཀ་ལྡན་པ། བྱུང་རིམ་ལ་ཞིབ་ཆ་དང་གསོན་ཉམས་དོད་པ། ཚིག་ལ་ཡན་ལག་དང་ཉིང་ལག་འཛོམས་པ། འཚོ་བའི་ཐ་སྙད་ཀྱིས་ཕྱུར་བུར་གཏམས་པ། བསམ་གཟས་ནས་ཤེས་བྱ་མང་པོ་བར་དུ་བཅུག་པ། སྐབས་རེར་གད་མོ་དབང་མེད་དུ་འཆོར་བའི་ལེགས་རྩོམ་བྲོ་བ་ཅན། ཉེ་ལམ་དྲྭ་སྒང་དུ་སྐད་གྲགས་ཆོད་པའི་དབྱངས་ཅན་ལྡིང་ཁང་ལགས་ཀྱི་ལྷུག་རྩོམ《བདེ་སྐྱིད་ལས་ཀྱི་དཔལ་མོ》ཞེས་པས་ཀྱང་། བདག་གིས་ཉེ་སྔོན་བཀླགས་པའི《ཁྱེད་ཀྱི་ལོ་རྟགས་ཅང་ཤེས་རྟ་ཕོ་ཡིན》ཞེས་པའི་བསྟན་འཛིན་མཚུངས་མེད་ལགས་ཀྱིས་རང་གི་གཅུང་པོར་བླང་དོར་འཇུག་ལྡོག་གི་ལམ་སྟོན་ཅིང་མི་ལ་སེམས་ཤུགས་འགོག་མེད་དུ་སྟེར་བའི་ལྷུག་རྩོམ་དང་གཤམ་དུ་བཤད་འགྱུར་གྱི《ང་རང་བྱིས་པ་ཡིན་དུས》ཞེས་པའི་བརྩམས་སྒྲུང་། སྐབས་ཐོག་དེར་དྲྭ་སྒང་ནས་སྐད་གྲགས་ཆོད་པའི་རྩོམ་ཡིག་དེ་གཉིས་ལྟར་དུ་ང་ལ་དྲན་ཤིང་ཟབ་མོ་ཞིག་བཞག ལོས་ཡིན། བརྩམས་ཆོས་ཡག་པོ་ཞིག་ལ་མྱོང་རོལ་བྱེད་པ་ནི་མ་བུའི་ཁ་འདྲེས་སེམས་འདྲེས་ཀྱི་བརྩེ་འདང་ལྟར་མངར་མངར་མོ་ཞིག་གོ །


བོད་ཀྱི་རྩོམ་སྟེགས་སུའང་རྩོམ་རིག་གི་ཤེས་རབ་བཀྲ་བའི་སྨན་ཤར་སྟག་ཤར་ཆར་རྗེས་ཀྱི་ཤ་མོ་ལྟར་དུ་བྱུང་ན་སྙམ་གྱིན་འདུག་མོད་ཀྱང་། གལ་ཏེ་སྐྱེས་མ་ཞིག་གིས་དགའ་བོར་ཁ་ཐུག་ཚུལ་ནས་འདོད་བརྩེ་ཁ་སྦྱར་དགའ་མགུར་སྤྱོད་སྟངས། ཁྱད་པར་རིགས་གཞན་དང་བསྡེབས་ཏེ་རྩེ་འཁྱུད་ཉལ་བོ་དང་ཕན་ཚུན་གྱི་གསང་གནས་ཕྱི་རེས་བྱེད་པ་སོགས་སྒེར་གྱི་བརྩེ་དུང་གི་འཚོ་བའམ་ཡང་ན་རྟོག་བཟོ་གང་ཡིན་གྱི་རྩོམ་ཡིག་ཅིག་བྲིས་པ་ཡིན་ཚེ། རྩོམ་ལུགས་དང་འབྲི་རྩལ་མཆོག་ཏུ་གྱུར་རུང་བསྟོད་ར་འཐེན་རྒྱུ་ཕར་ཟད། སྐྱེས་མ་དེ་ཏན་ཏན་མི་གྲལ་ནས་རྒྱང་འཕུད་མི་གཏོང་བ་ཧ་ལམ་མི་སྲིད་སྙམ། དེ་ནི་རྩོམ་རིག་གི་བརྗོད་བྱ་དང་མངོན་སྟངས་དང་མཚོན་ཐབས་སོགས་ལ་བཀག་རྒྱ་ཟབ་མོ་བཟོས་པ་ཅི་ལ་མིན། དེ་ག་ནང་བཞིན། འཚོ་བའི་ཁྱབ་ཁོངས་དང་རྩོམ་རིག་གི་སྡིངས་ཆ་གང་གི་ཐད་ནས་བལྟས་ཀྱང་། ཕོ་མོའི་ཐོབ་ཐང་འདྲ་མཉམ་བྱུང་མེད་པ་ནི་མིག་མཐོང་ལག་ཟིན་དང་ས་རིས་ཐང་གསལ་ཡིན། རིགས་འགྲེ་ཞིག་གྱིས་དང་། ང་ཚོའི་འཚོ་བའི་གྲ་གྲུ་ཟ་ཟུར་ཀུན་ཏུ་དེ་འདྲའི་དཔེ་མཚོན་བགྲང་གིས་མི་ལང་བ་ཞིག་ཡོད་པ་མ་ཡིན་ནམ། མི་རིགས་འདིའི་མི་གྲངས་ཀྱི་ཕྱེད་ཀ་ཟིན་པའི་སྐྱེས་མ་ཚོ་ཡར་སྐྱེད་དང་རང་རྐྱ་འཕེར་བའི་འགོག་རྐྱེན་དུ་གྱུར་པའི་སྔར་སྲོལ་སྐོར་ལ་འགྱུར་བ་མ་བཏང་ཚེ། དེ་ཉིད་དེང་སང་སློབ་གྲྭ་ཆུང་འབྲིང་སོགས་ནས་འབུར་དུ་འཐོན་བཞིན་པའི་བུ་མོ་ཚོས་མ་འོངས་པར་ཆེན་པོ་སྤྱི་པའི་འདུ་ར་ནས་ཆུང་ཆུང་ཁྱིམ་ཚང་གང་དུའང་འཇོན་ཐང་དང་འཁོས་ཀ་མངོན་པའི་གེགས་སུ་འགྱུར་ངེས་ཅན་ཡིན། སྐྱེས་མར་བཀག་རྒྱ་སྣ་ཚོགས་བཟོ་བ་དེ་ནི། དོན་དམ་དུ་ང་ཚོས་རང་གི་མདུན་ལམ་གྱི་ཁ་ཞེང་ཇེ་དོག་དང་འཕེལ་རྒྱས་ཀྱི་གོམ་ཁ་ཇེ་བུལ་དུ་གཏོང་བ་རང་ཡིན་པས་ན། དོན་དེར་གཟུར་བཤོལ་དང་ཧམ་ཡུས་བྱས་པ་དོན་སྒོ་ཤིན་ཏུ་ཆུང་།


ད་ནི་གོང་གི་བཤད་འཕྲོར་ཞུགས་ན། དེ་སྔོན་ཁྱིམ་ནས་ཨ་རིའི་གློག་བརྙན་དེར་ལྟ་དུས་ཐོག་མའི་ཚོར་བ་རྩ་ནས་ཉམས་འདུག ཨ་ཙི། དེ་ནི་གློག་བརྙན་སྒྱུ་རྩལ་རང་སྟེང་གི་ཞན་ཆ་ཞིག་ཡིན་ནམ། ཡང་ན་ངའི་དབང་པོའི་ཚོར་ཤེས་རྟུལ་བོར་གྱུར་པ་རེད། དེ་གང་ཡིན་བརྗོད་པ་ལ་ངའི་བཤད་ལྕེ་དུམ་མེར་ཆད། གང་ལྟར་བརྙན་འཕྲིན་འཕྲུལ་ཆས་ལ་ནི་འབྲེལ་བ་ཡོད་ཀྱི་མ་རེད། གང་ལགས་ཤེ་ན། ང་ནི་སྤྱིར་དབང་པོར་རེག་ཚོར་ཆེ་བ། སྒོས་སུ་བློ་ལ་བགས་ཐོན་པའི་ཨ་རི་དང་ནུབ་ཕྱོགས་ཀྱི་གློག་བརྙན་ལ་ལྟ་རྒྱུར་དགའ་བོ་ཞེ་དྲག་ཡོད་པའི་འདོད་པ་དེ་སྐོང་ཕྱིར་འཕྲོ་རིམ་འཕྲོར་སོ་ནཱེ་བརྙན་འཕྲིན་གསུམ་ཉོས། ད་ཐེངས་གི་དེ་ནི་ལྟོས་བཅས་སུ་བོངས་ཚད་ཅུང་ཟད་ཆེ་བ། ཚོས་གཞི་དག་པ། སྒྲ་གདངས་དྭངས་པ་ཞིག་ཡིན།


བརྩམས་ཆོས་མྱོང་རོལ་གྱི་ཉམས་མྱོང་སྔོན་དུ་སོང་བའི་རྐྱེན་པས། གཙང་འུ་ཡུག་གི་རྩོམ་པ་པོ་བསོད་ནམས་ལེགས་བཤད་ལགས་ཀྱི་བརྩམས་སྒྲུང《ང་རང་བྱིས་པ་ཡིན་དུས》ཞེས་པ་ཐེངས་གཅིག་ལས་ཀློག་མ་ནུས། ཤན་སྟོབས་ཆེ་བའི་རྩོམ་དེའི་སྒྱུ་རྩལ་གྱི་ལེགས་ཉེས་གླེང་བའི་བློ་ནུས་ནི་ང་ལ་ག་བ་ག་བ། དེ་འདྲ་སེམས་ལ་དྲན་པའང་སྤྲོས་བྲལ་རེད་མོད། གང་ཤེས། རྩོམ་དེ་ཀློག་པའི་མགོ་མཇུག་བར་གསུམ་དུ་ཡག་ག་ལ་ཡག་ག་ལ་སྙམ་པའི་བྲོ་བ་ཞིག་འཚངས་ཡོང་སྟེ་ངའི་མཛེས་དཔྱོད་ཀྱི་ཕྲ་ཕུང་ཡོངས་སུ་བཟུང་། འབྲི་རྩལ་གྱི་ཆ་རྫོགས་འདུག་སྙམ་པའི་རྩོམ་དེར་ལྟ་འདུན་གྱི་སེམས་པ་ནི་ཆུང་འདྲིས་འཚེར་ཡ་ལ་ཆགས་པ་བཞིན་དུ་འཁོར་ཡོང་མོད། དང་ཐོག་གི་མངར་སྐྱུར་ཁ་གསུམ་འཛོམས་པའི་ཕོ་མོའི་བརྩེ་དུང་ལ་རོལ་འདྲའི་ཚོར་སྣང་བརླག་ཨེ་འགྲོ་འདོད་ནས་རེ་ཞིག་བསྐྱུར།


ཡིན་ཡང་། གླུ་གཞས་ཀྱི་ཚོར་བ་ནི་དེ་འདྲའི་ཡལ་སྐྱེན་པ་ཉམས་སླ་བ་ཞིག་ཏུ་མཐོང་མ་སོང་། ག་རེ་ཞེ་ན། གླུ་ངག་གི་ཀློང་བརྡོལ་བའི་གངས་ཅན་གཞས་མ་ཟླ་སྒྲོན་མཆོག་གིས་ལོ་རབས་བརྒྱད་ཅུ་པའི་མཇུག་ལ་བཏང་ཞིང་། ང་རས་ལས་ཁུངས་ལ་ཡོད་པའི་སོ་ནཱེ་སྒྲ་སྡུད་སྤུས་ལེགས་དེ་བདག་བཟུང་གིས་ཉིན་མཚན་ཁ་སྤྲད་ནས་རྣ་ཕུག་བརྡོལ་གྲབས་བྱེད་བཞིན་ཉན་པའི་གཞས་སྐོར་ཞིག་གིས་ལོ་ངོ་སུམ་ཅུ་ལྷག་ཕྱིན་པའི་ད་ལྟར་ཡང་སེམས་སྣང་ཚ་སོབ་སོབ་ཏུ་གཏོང་། ཡིན་དགོས་བྱུང་། ཁོང་ནི་བོད་ཀྱི་དེང་རབས་གླུ་གཞས་གསར་གཏོད་གནང་མཁན་རེད་མོད།


གཞས་པ་བསྟན་འཛིན་མཁས་གྲུབ་ལགས་ཀྱིས་བཏང་གནང་བའི་དར་དཀར་པོ། སེམས་དཀར་པོ་གངས་ཅན་བོད་ལ་འབུལ་ཞེས་པའི་གཞས་དེར་ཡང་ཕྱི་ཉིན་ཉན་རུང་ཚོར་བ་སོས་པར་བསྡད་འདུག ཐ་ན། ལོ་གཅིག་ལྷག་འདས་པའི་དེ་རིང་རྩོམ་འདིར་ཁ་གསབ་རྒྱག་དུས་ཉན་ནའང་སྔར་བཞིན་དུ་སྣང་བ་དུང་དུང་བ་ཞིག་བྱུང་། ཏག་ཏག་གུས་མོ་རང་སྣང་འཁྲུལ་བའི་སྨིག་རྒྱུའི་ནང་ཚུད་པ་རེད་མི་འདུག ཁོང་གི་གྲེ་བར་དབྱངས་ཅན་མའི་ངག་གི་བྱིན་རླབས་ཞུགས་པས་ཡིན་འདུག


གཅིག་བྱས་ན། མཐོང་རྒྱུ་དང་རེག་རྒྱུ་མེད་པའི་རྣ་བའི་ལོངས་སྤྱོད་ཀྱི་སྒྱུ་རྩལ་དང་། རིག་རྒྱུ་དང་རེག་རྒྱུ་ཡོད་པའི་མིག་གི་ལོངས་སྤྱོད་ཀྱི་སྒྱུ་རྩལ་གཉིས་ལ་ཧེ་བག་ཡོད་པ་མིན་འགྲོ། དོན་ངོ་མར་གང་ཡིན་བཤད་མ་ཤེས། གང་ལྟར། དར་དཀར་པོར་ཡང་ལན་མང་ཉན་རུང་གཞས་དེའི་སྙན་ཚོར་མ་ཉམས། དེའི་ཕྱིར་ཁྱེད་ལའང་སེམས་ཚོར་སྐྱིད་ཅིང་སྐྱུར་མོ་དཔྱིད་རླུང་བསིལ་མ་འདྲ་བ་སྟེར་ཨེ་ཡོང་འདོད་ནས། རང་གིས་གཞས་དེ་མྱོང་རོལ་བྱས་པའི་གོ་རིམ་དང་སེམས་ཚོར། ད་དུང་དེ་དང་འབྲེལ་བ་ཡོད་མེད་ཀྱི་དོན་དག་ཛ་ཛོར་མང་པོ་ཡི་གེར་སྤུངས།


གཞས་དེར་ཉན་པའི་སྐབས་ཐོག་གི་སེམས་ཚོར་ཕྲན་བུ་ཞིག་བྲིས་ཤིང་སྐད་འཕྲིན་དུ་བཏང་རྗེས། ལ་ལས་གཞས་འདི་ཐོག་མར་ལེན་མཁན་གླུ་བ་ཀུན་དགའ་ཡིན་རབས་ཡིན་ལུགས་བཅོ་བརྒྱད་བཤད་ཅིང་ཁོས་བཏང་བའི་གཞས་ང་ལ་སྐུར་བར་བྱེད། ད་དུང་གཞས་དེ་གཉིས་ཀྱི་ཡག་ཉེས་བཟང་ངན་ཤོད་ཟེར་ནས་ཨུ་ནན་ཡང་བྱས། ངོ་ཁྲལ་ཙམ་གྱི་ཆེད་དུ། ངས། སྒྱུ་རྩལ་ལ་ནི་སྤྱིར་བཏང་ལུས་རྩལ་ལྟར་དུ་སྐར་གྲངས་བརྒྱབ་ཆོག་ཆོག་ཅིག་མིན་ལ། རོལ་མོའི་གོ་རྟོགས་དང་ལེགས་བྱང་མེད་པ་ཞིག་གིས་ཨུ་ཚུགས་དང་རང་སྣང་གིས་དཔྱད་པ་བརྗོད་རིགས་པ་ཞིག་ཀྱང་མིན། ཉན་པ་པོ་ཞིག་ལ་མཚོན་ནའང་། ཁྱོད་ཀྱི་རྣ་བར་སྙན་ཡང་ངའི་ཡིད་འགུགས་ཐུབ་པའི་ངེས་པ་མེད་ལ། ངའི་སྣང་ངོར་སྙན་ཡང་ཁྱོད་ལ་ཡག་སྣང་སྟེར་བའི་ཁག་ཐེག་མི་ཐུབ་པས་ན། སྒྱུ་རྩལ་ལ་སྐར་གྲངས་རྒྱག་རྒྱུ་ལས་སླ་མོ་མ་རེད་ཅེས། ནང་ལ་རྩམ་པ་མེད་རུང་སྒེའུ་ཁུང་རྩམ་རལ་ཡོག་ཡོག་གི་ཟོལ་གྱིས་བཤད།


དེ་ལྟར་ཡང་། སྒྱུ་རྩལ་ལ་དབང་འབྱོར་ཞིང་སྒྱུ་རྩལ་གྱི་རྟོགས་པ་མཐོན་པོ་ཅན་དག་གིས་ནི་སྒྱུ་རྩལ་ལ་མྱོང་རོལ་དང་གདེང་འཇོག་བྱེད་ཤེས་དང་ཤེས། དེ་འདྲ་མིན་ཚེ། སྒྱུ་རྩལ་ངོ་མའི་རིན་ཐང་ཇི་ལྟར་རྟོགས་ཤིང་གང་ལྟར་འཇལ་ཨང་།


དེ་སྔོན་སྐྱ་རིས་སུ་ཕབ་པ་ལ། ད་རེས་སྣུམ་བྱུག་བག་ཙམ་བརྒྱབ་སྟེ་མེ་ཟེར་ཚང་ལ་ཕུལ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号