གནས་མཇལ་ལམ་གྱི་མཐོང་སྣང་ཕྲ་མོ།

  ཨོ་རྒྱན་སྒྲོལ་མ། 


 ད་ལོའི་དབྱར་གནང་སྐབས་སུ་ང་རང་ཁྱིམ་མི་དང་ལྷན་དུ་ཉི་མ་དང་བར་ཐག་ཆེས་ཉེ་བའི་གནས་མཆོག་ལྷ་ས་རུ་མཇལ་སྐོར་ལ་སོང་། ང་རང་གིས་གནམ་གྲུའི་སྒེའུ་ཁུང་ལས་མངོན་པའི་ངོ་མཚར་བའི་ཡུལ་གྱི་བཀོད་པ་དག་ཁ་པར་དུ་འཇུག་ཞོར་དུས་ཚོད་གཅིག་དང་སྐར་མ་བཞི་བཅུ་ལྷག་ལ་འཕུར་ཏེ་ལྷ་ས་གྲོང་ཁྱེར་གྱི་གོང་དཀར་གནམ་གྲུ་ཐང་དུ་འབྱོར། འདི་ནི་ངའི་མི་ཚེ་ཁྲོད་ཐེངས་གཉིས་པར་ལྷ་སར་སོང་བ་ཡིན།

b6017aeb2516d158f5db5a61366ff1e5_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ལྷ་ས་ལ་ཐོན་པའི་ཉིན་དང་པོ་ང་ཚོ་ལྷ་ལྡན་གཙུག་ལག་ཁང་དང་སེ་འབྲས་དགེ་གསུམ་ལ་མཇལ་དུ་སོང་། གཙུག་ལག་ཁང་དུ་མཇལ་སྐབས་མཇལ་བ་མང་བའི་རྐྱེན་གྱིས་ཨ་ཕས་གླེང་མྱོང་བའི་ལྷ་སའི་རྒན་མོའི་མ་རིག་པའི་ཇོ་བོ་ཟེར་བ་དེ་མཐོང་མ་ཐུབ། འོན་ཀྱང་ཇོ་བོ་ཡིད་བཞིན་ནོར་བུའི་གསེར་ཞལ་གསལ་བོ་ཞིག་མཇལ་ཐུབ་སོང་ལ། སེམས་ཁོང་ནས་སྨྲ་མི་ཤེས་པའི་ཚོར་བ་ཞིག་དང་ལྷན་དུ་མིག་ཆུ་རང་དབང་མེད་པར་འཁྱིལ་ཡོང་། སྐོར་ལམ་ནས་ཨ་མདོའི་ཀླུ་འབུམ་མི་རྒོད་ཀྱིས་དཔའ་རྩལ་བཏོད་སའི་ལྷ་ལྡན་གཙུག་ལག་ཁང་གི་ཀ་བའི་སྟེང་གི་རྡོ་མ་མོའི་མཆིན་པ་འདྲ་བ་ཟེར་བ་དེའང་རིག་ཐུབ་སོང་། ད་རུང་མཇལ་བ་འགའ་རེས་ཨ་རིག་གླེན་པའི་ཕྱག་འཚལ་ས་རེད་ཟེར་བའི་ལག་པ་དང་པུས་མོའི་རི་མོ་ས་ལ་བབས་ཡོད་པ་ཞིག་ལ་ཕྱག་འཚལ་བཞིན་འདུག ཇོ་བོ་ཡིད་བཞིན་ནོར་བུར་གཡས་སྐོར་རྒྱབ་ནས་རྒྱབ་ཕྱོགས་སུ་འགྲོ་དུས་ཇོ་བོ་མི་འགྲོ་གསུང་འབྱོན་བཞུགས་ཡོད། ཨ་ཕས་བཤད་པའི་ཇོ་བོ་མི་འགྲོ་གསུང་འབྱོན་གྱི་དམངས་ཁྲོད་གཏམ་རྒྱུད་དེ་ཡིད་ལ་དྲན་ཞོར་ཁོང་གི་ཞལ་རས་དང་སྐུ་གཟུགས་ལ་ཡ་མཚར་བའི་ངང་ཞིབ་ཏུ་ཡང་ཡང་བལྟས། གཙུག་ལག་ཁང་གི་གཅིག་ཐོག་དང་གཉིས་ཐོག་སོགས་སུ་ལྷ་ཁང་མང་པོ་ཞིག་ཡོད་ལ། རང་ལ་བག་ཆགས་ཆེས་ཟབ་པ་ནི་ཇོ་བོ་ར་མ་རྒྱལ་མོའི་ལྷ་ཁང་དང་གཉིས་ཐོག་གི་ཤར་ཕྱོགས་སུ་བཞུགས་པའི་ཇོ་བོ་མ་ཅིག་བེེ་ལྷ་དང་གདོང་ཁེབས་མནབས་ཡོད་པའི་ལྷ་མོ་སྦལ་གདོང་མའི་སྐུ་གཟུགས་རེད། 

aa3414e633c5a067425234bcc2150dab.jpg

ཕྱི་དྲོར་སེ་འབྲས་དགེ་གསུམ་ལ་མཇལ་བ་དང་། དགེ་ལུགས་པའི་གདན་ས་ཆེན་པོ་དྲུག་གི་ཡ་གྱལ་ཏེ་སེ་ར་དགོན་པ་ནི་ལྷ་ས་གྲོང་ཁྱེར་གྱི་བྱང་ངོས་རྒྱབ་རི་གླང་ཆེན་ཉལ་བ་ལྟ་བུའི་མདུན་དུ་ཆགས་ཡོད། 1419ལོར་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་ཕྱག་བཏབ། དགོན་པ་དེ་རུ་རྟེན་གཙོ་བོ་སེ་ར་རྟ་མགྲིན་དམར་པོ་ཟེར་བ་དེ་བཞུགས་ལ། ང་ཚོ་ཐོན་དུས་མཇལ་བ་ཧ་ཅང་མང་དྲགས་པས་དུས་ཚོད་གཅིག་དང་ཕྱེད་ཀ་ལྷག་ལ་མཇལ་མ་ཐུབ། ལྷ་ཁང་ནས་ཕྱིར་ཐོན་པའི་བྱིས་པ་ཚོའི་སྣ་མགོར་ཚོན་རྩི་ནག་པོ་ཞིག་བསྐུས་འདུག དེ་ལས་ད་རུང་ཇོ་བོ་བྱང་ཆུབ་ཆེན་པོ་སོགས་ལ་མཇལ་བ་དང་། རང་ཉིད་ཡ་མཚར་བའི་སེ་ར་དུར་ཁྲོད་ལའང་མཇལ། འབྲས་སྤུངས་དགོན་དུ་མཇལ་སྐབས་རྟེན་གཙོ་བོ་བྱམས་པ་མཐོང་གྲོལ་ཆེན་མོར་མཇལ་བ་དང་། ཀླུ་འབུམ་མི་རྒོད་ཀྱིས་བཀྱགས་མྱོང་ཟེར་བའི་རྡོ་རྒན་ཕ་བོང་ཆེན་པོ་དང་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གྲྭ་ཤག་སོགས་ཀྱང་མཐོང་ཐུབ་སོང་། 

དགའ་ལྡན་དགོན་ནི་ལྷ་ས་གྲོང་ཁྱེར་ནས་ལམ་ཐག་ཅུང་རིང་བོ་ཞིག་རྒྱུད་དགོས། དགོན་པ་འདི་ནི་རྗེ་ཙོང་ཁ་བས་ཕྱག་བཏབ་པ་ཡིན། དགོན་པ་འདི་ནི་རི་བོ་ཆེན་པོ་ཞིག་གི་ལྡེབས་སུ་ཆགས་འདུག སྐབས་འདིར་ངས“དགའ་ལྡན་མ་ཆགས་དགའ་ལྡན་ཆགས། དགའ་ལྡན་རི་བོའི་རྩེ་ནས་ཆགས། ”ཟེར་བའི་གཞས་ཚིག་དེ་ཡིད་ལ་དྲན་བྱུང་།  ང་ཚོ་གནས་འདིར་ཐོན་དུས་ཕྱི་དྲོའི་དུས་ཚོད་ལྔ་ཡས་མས་སུ་ཐོན་འདུག་པས་རྟེན་གཙོ་བོ་གསེར་གདུང་འཛམ་གླིང་རྒྱན་གཅིག་དང་དངུལ་གདུང་མཐོང་བ་དོན་ལྡན། དགའ་ལྡན་གསེར་ཁྲི་བཅས་ལ་དཀོན་གཉེར་གྱི་བཀའ་དྲིན་ལས་མཇལ་ཐུབ་སོང་བ་དང་ལྷ་ཁང་གཞན་དང་གྲྭ་ཚང་གཞན་དག་ལ་མཇལ་ཐུབ་མ་སོང་། ང་ཚོས་དགོན་པར་ཕྱི་བསྐོར་རྒྱབ་སྟེ་ཤར་ཕྱོགས་སུ་ཐོན་པ་ན་རང་ཉིད་མཇལ་ན་འདོད་པའི་དགའ་ལྡན་དུར་ཁྲོད་ཆེན་མོར་ཐོན། གནས་དེ་ནས་ང་ཚོ་ཕྱིར་སྐོར་ལམ་དུ་ཞུགས་ཏེ་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་སུ་འཁོར། 

ཉིན་གཉིས་པར་ང་ཚོ་སྔ་མོ་ནས་ཡར་ལངས་ཏེ་ཁ་ངོ་གཙང་མ་ཞིག་བཀྲུས་ཤིང་ལག་ཏུ་ཁ་བཏགས་དང་མཆོད་མར་བཟུང་སྟེ་ཇོ་མཇལ་ལེན་དུ་སོང་། མཇལ་བ་ཧ་ཅང་མང་དྲགས་པས་ང་ཚོས་ཡུན་རིང་ཞིག་ལ་སྒུག་པ་དང་། མཇལ་བ་འགའ་རེ་བདེ་སྲུང་བའི་མ་རིག་ས་ནས་བར་དུ་འཚང་མཁན་ཡང་ཧ་ཅང་མང་། ཇོ་བོར་མཇལ་རྗེས་ང་ཚོ་པོ་ཏ་ལར་མཇལ་དུ་སོང་། ཕོ་བྲང་པོ་ཏ་ལ་ནི་སྤྱི་ལོ་དུས་རབས་བདུན་པར་བོད་རྒྱལ་སོ་གསུམ་པ་བཙན་པོ་སྲོང་བཙན་སྒམ་པོས་དམར་པོ་རིའི་སྟེང་དུ་བཞེངས་ཤིང་། ཕོ་བྲང་དཀར་པོ་དང་དམར་པོ་གཉིས་ཀྱིས་གྲུབ། པོ་ཏ་ལའི་འཛུགས་བསྐྲུན་གྱི་བཀོད་པས་ངའི་ཡིད་ཀྱི་དབང་བོ་ཅིག་ཅར་དུ་འཕྲོག་སོང་། ཇོ་བོ་ལོ་ཀེ་ཤཱ་ར་ཡང་གནས་འདིར་བཞུགས། ཡིད་ཕངས་པ་ཞིག་ལ་དགེ་རྒན་གྱིས་དུས་རྒྱུན་གསུང་མྱོང་བའི་གསེར་གདུང་འཛམ་གླིང་རྒྱན་གཅིག་ལ་མཇལ་ཐུབ་མ་སོང་། 

ཕྱི་དྲོ་ང་ཚོ་ནོར་བུ་གླིང་ཁ་ལ་མཇལ་དུ་སོང་། སྒོ་ཁ་ནས་སྤ་སེ་ཉོས་རྗེས་ལྷ་ཡུལ་གྱི་སྐྱེད་ཚལ་དང་འདྲ་བའི་གླིང་ཁའི་ནང་དུ་འཛུལ། སྒོ་ནས་ཡར་འཛུལ་མ་ཐག་ང་ཚོ་རི་དྭགས་ར་བར་ལྟ་རུ་སོང་། ར་བ་ནས་ངས་སྔོན་ཆད་རིག་མ་མྱོང་བའི་རི་དྭགས་དང་གཅན་གཟན། འདབ་ཆགས་མང་པོ་ཞིག་མཐོང་སོང་ལ། དྲེད་མོང་ཆེན་པོ་གཉིས་ཀྱིས་ཕན་ཚུན་ལ་སོ་འདེབས་རེས་བྱེད་བཞིན་འདུག  ཕོ་བྲང་གི་མདུན་དུ་མེ་ཏོག་སྣ་ཚོགས་བཞད་པ་མ་ཟད་སིལ་སྡོང་གི་རིགས་མང་པོ་སྐྱེས་འདུག 

ཕྱི་དྲོ་ང་ཚོ་ཕྱིར་མགྲོན་ཁང་དུ་ཐོན་ཏེ་ངལ་ཅུང་ཙམ་གསོས་རྗེས་ཇོ་ཁང་ལ་ཕྱག་སྐོར་བྱེད་དུ་སོང་། ངས་དུས་རྒྱུན་ཕྱག་འཚལ་མ་མྱོང་བས་བརྐྱངས་ཕྱག་འཚལ་ནས་སྐོར་བ་རྒྱག་དུས་ཧ་ཅང་ཐང་ཆད་ཡོང་། ཡིན་ནའང་། ཨ་ཕ་ཨ་མ་གཉིས་ཀྱིས་ངས་ཕྱག་འཚལ་ཐུབ་ཀྱིན་མེད་པར་འཁང་ར་མི་བྱེད་པར་མ་ཟད་ད་རུང་ང་དང་མཉམ་དུ་ཁོ་གཉིས་ཀྱིས་ཀྱང་ཕྱག་དལ་མོ་བྱས་ཏེ་འཚལ་ནས་འགྲོ་བ་རེད། སྐབས་དེར་རང་གི་སེམས་ལ་སྐྱོ་སྣང་དང་བདེ་སྐྱིད་ཀྱི་དྲོད་ཐིག་ཅིག་དང་ལྷན་དུ་མིག་ཆུ་དབང་མེད་དུ་བཞུར་སོང་། འདི་ནི་ངས་ཆེས་བརྗེད་ཐབས་མེད་པ་ཞིག་ཡིན། ཕ་མ་ལགས། བཀའ་དྲིན་ཆེ།

ཉིན་གསུམ་པ་ནས་ང་ཚོ་ལྷ་ས་གྲོང་ཁྱེར་དང་གྱེས་ཏེ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་ཕྱག་བཏབ་པའི་རྭ་སྒྲེང་དགོན་དང་སྟག་ལུང་དགོན་སོགས་སུ་ཕྱིན།  རྭ་སྒྲེང་དགོན་ནས་ང་ཚོས་དད་པ་རྣམ་དག་གིས་ཇོ་བོ་འཇམ་དཔལ་རྡོ་རྗེ་ལ་མཐོང་མཇལ་བླངས་པ་དང་། དགོན་པའི་གཡོན་ཕྱོགས་དང་རྒྱབ་རིའི་རྐེད་དུ་རྗེ་ཙོང་ཁ་བ་ཆེན་མོས་ཡོན་ཏན་གཞི་གྱུར་མ་ལྗགས་རྩོམ་གནང་སའི་ས་ཁྲི་དམར་པོ་དང་བྱང་ཆུང་ལམ་རིམ་ཆེན་མོ་ལྗགས་གནང་མཛད་ས་སོགས་ལ་ཞིབ་ཏུ་མཇལ། ངས་ཡིད་ལ་ཟབ་མོ་ཞིག་དྲན་པ་ནི་བྲག་གཟར་བོ་ཞིག་གི་རྐེད་དུ་ཆགས་ཡོད་པའི་རྒོད་ཚང་དགོན་ཟེར་བ་དེ་རེད།  ང་ཚོས་རླངས་འཁོར་རི་འདབས་སུ་བསྡད་རྗེས་རྐང་ཐང་དུ་སྐས་ལམ་དེད་ནས་རི་རྩེ་རུ་སོང་། རི་རྩེར་ཐོན་རྗེས་མར་ལྟ་མི་ཐུབ་པ་ཞིག་རེད། དགོན་པ་འདི་རུ་ཚོང་དཔོན་ནོར་བཟང་གི་མདའ་གཞུ་ཡིན་ཟེར་བའི་ཁ་བཏགས་ཀྱིས་བརྒྱན་པའི་མདའ་གཞུ་ཞིག་བཞུགས། དགོན་པའི་དཀོན་གཉེར་གྱིས་གསུངས་པ་ལྟར་ང་ཚོས་གཞུའི་ཁ་བཏགས་ཀྱི་སྣེ་མོར་འཇུས་ཏེ་སྨོན་ལམ་བཏབ་པ་དང་། དཀོན་གཉེར་གྱིས་གསུངས་བའི་གཞུ་དང་དགོན་པའི་མིང་ཐོགས་དོན་སོགས་ཀྱི་ལོ་རྒྱུས་ལ་ཞིབ་ཏུ་ཉན། 

   རྒོད་ཚང་དགོན།

caf08cffb5c3ddbad8c31e9e49b3b1d5_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ཆོས་ལུང་ཆོས་ཟམ་དགོན།

f7bea8735ea7d09dd200d28842a8ee9f_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

དགོང་མོར་ང་ཚོ་འོལ་ཁ་རྫོང་དུ་བསྡད་རྗེས་སྔ་མོ་ནས་རྫིང་ཕྱི་དགོན་དང་ཆོས་ལུང་ཆོས་ཟམ་དགོན། མ་ཅིག་ལབ་སྒྲོན་གྱི་དགོན་པ་སོགས་ལ་མཇལ་དུ་ཕྱིན།  རྫིང་ཕྱི་དགོན་གྱི་མིང་ཆ་ཚང་ལ་རྫིང་ཕྱི་དགོན་དགའ་ལྡན་བྱམས་གླིང་ཟེར། དགོན་པ་འདིའི་རྟེན་གཙོ་བོ་ནི་རྗེ་ཙོང་ཁ་བས་དངོས་སུ་ཉམས་གསོ་མཛད་པའི་རྗེ་བཙུན་བྱམས་སྐུ་དེ་ཡིན་ལ། དཀོན་གཉེར་ཨ་ཁུས་ད་དུང་སྒམ་ནག་པོ་ཆུང་ཆུང་ཞིག་གི་ནང་ནས་ཙོང་ཁ་པའི་རྡོའི་ཟན་ཆང་ཤིག་དང་རྡོ་རིལ་མོ་ཅུང་ཆེ་ཞིག་བླངས་ནས་ང་ཚོ་ལ་ངོ་སྤྲོད་གསལ་བོ་ཞིག་བྱས་སོང་། ང་ཚོ་འོལ་ཁ་ཆོས་ལུང་དུ་འབྱོར་རྗེས། ཨ་མདོའི་ཨ་ཁུ་བཀའ་དྲིན་ཅན་ཞིག་གི་སྣེ་ཁྲིད་ལས་རྗེ་ཙོང་ཁ་བའི་ཕྱག་འབུམ་སོ་ལྔ་གནང་སའི་རྡོའི་ཕྱག་གདན། རྡོའི་མཎྡལ། བཞུགས་ཁྲི། འོད་ཟེར་བྲག་ཕུག རྟ་རྭ་ཅོ་གཉིས་ལྡན་ཅན་ཞིག་སོགས་ཁོང་ཚང་གིས་དངོས་སུ་སྒྲུབ་པ་མཛད་སའི་གནས་བྱིན་ཅན་དང་རྟེན་ཁམས་ཅན་མང་པོ་ཞིག་ལ་མཇལ་ཐུབ་སོང་། 

རྫིང་ཕྱི་དགོན།

8b977403bcb7c250c9ea7b920068ff35_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ཉིན་ལྔ་བར་ང་ཚོ་ཁྲ་འབྲུག་དགོན་དང་མཁར་གྱི་ཐོག་མ་ཡུམ་བུ་བླ་མཁར་སོགས་ལ་ཕྱིན། རང་ཉིད་ལ་བག་ཆགས་ཆེས་ཟབ་པ་ནི་ཁྲ་འབྲུག་དགོན་གྱི་ནང་རྟེན་དེ་དག་རེད། ཨ་ཕས་ཁྲ་འབྲུག་དགོན་གྱི་ལོ་རྒྱུས་བཤད་ཞོར་ནང་གི་རྟེན་གཙོ་བོ་དག་ཀྱང་ང་ལ་ཞིབ་མོ་ཞིག་བཤད་སོང་། དགོན་པ་འདི་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་སུ་བཞེངས་བར་གྲགས། དགོན་པ་འདི་ན་རྗེ་བཙུན་སྒྲོལ་མ་གསུང་འབྱོན། མ་ཎི་ཡིག་དྲུག་རང་བྱོན། རྒྱ་བཟའ་ཀོང་ཇོས་དངོས་སུ་ཕྱག་བཟོ་གནང་བ་ཡིན་ཟེར་བའི་ཐང་ག་ཅིག སྲོང་བཙན་དང་རྒྱ་བཟའི་གཟིམ་ཁང་། རྒྱ་བཟའི་གསོལ་ཐབ་སོགས་རྟེན་ཡ་མཚར་བ་མང་པོ་ཞིག་ལ་མཇལ་ཐུབ་སོང་། རྟེན་འདི་དག་མཐོང་དུས་ནུ་བོ་ངེད་གཉིས་ཡ་མཚར་བའི་ངང་ནས་ཡང་དང་ཡང་དུ་བལྟས་པ་ཡིན། དགོང་མོ་ང་ཚོ་བསམ་ཡས་དགོན་དུ་བསྡད།

        ཁྲ་འབྲུག་དགོན། 

2839b210ec391f567d6ad1f98173993f_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

 ནངས་མོ་ང་ཚོ་བསམ་ཡས་དགོན་པ་ལ་མཇལ། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ནི་ང་ཚོའི་བསླབ་དེབ་ཀྱི་ངོས་སུ་ཡང་ངོ་སྤྲོད་གསལ་བོ་ཞིག་བྱས་འདུག དགོན་པ་འདི་ནི་བོད་རྒྱུད་ནང་བསྟན་གྱི་དཀོན་མཆོག་གསུམ་འཛོམས་ཀྱི་དགོན་པ་ཐོག་མར་ཡིན་པར་གྲགས། བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་དུ་གནས། དགོན་པའི་ཕྱིའི་ལྕགས་རིའི་ཐོག་ཏུ་མཆོད་རྟེན་དཀར་པོ་ཆུང་ཆུང་མང་པོ་ཞིག་བསྒྲིགས་འདུག ཕྱོགས་བཞི་ན་མཆོད་རྟེན་དཀར་པོ་དང་དམར་པོ། སྔོན་པོ། ནག་པོ་བཅས་ཡོད་ལ། ང་ཚོ་མཆོད་རྟེན་རེ་རེ་ལ་མཇལ་བ་དང་། མཆོད་རྟེན་ནག་པོ་ལ་ཞིག་གསོ་བྱེད་བཞིན་ཡོད་པས་མཇལ་ཐུབ་མ་སོང་། བསམ་ཡས་གཙུག་ལག་ཁང་ལ་མཇལ་རྗེས་ང་ཚོ་ཐད་ཀར་དུ་ཨ་མདོའི་འཇམ་དབྱངས་བླ་མར་གསུང་འབྱོན་པའི་གུ་རུ་གསུང་འབྱོན་ལ་མཇལ་དུ་སོང་། ལམ་བར་ནས་ངས་ཨ་ཕས་སྐུར་བའི་བླ་མ་འཇམ་དབྱངས་ཚང་གིས་དངོས་སུ་གསུངས་བའི་གུ་རུ་རིན་པོ་ཆེས་གསུང་འབྱོན་པའི་སྐོར་གྱི་གསུང་བཤད་ལ་ཉན་ཞོར་མཇལ་འདོད་ཀྱི་འདུན་པ་སྔར་ལས་དྲག་ཏུ་བྱིན། གུ་རུ་གསུང་འབྱོན་དུ་མཇལ་དུས་ངས་ཁོང་ཚང་གི་སྤྱན་ལ་ཞིབ་ཏུ་ལྟ་ཞོར་སེམས་ནས་སྨོན་ལམ་མང་པོ་ཞིག་རྒྱབ། མཇལ་ཚར་རྗེས་ང་ཚོ་རྡོ་རྗེ་བྲག་དགོན་པར་མཇལ་དུ་སོང་། དགོན་པ་འདིའི་རྒྱབ་རི་བྲག་ཆེན་པོ་ཞིག་དང་མདུན་དུ་ཡར་ལུང་གཙང་བོ་བཞུར་བཞིན་འདུག དགོན་པའི་སུམ་ཐོག་ཏུ་བུད་ནས་བལྟས་ན་ཡར་ལུང་གཙང་བོ་སྔོ་ལྟེམས་ལེར་འཁྱིལ་འདུག

དེ་ནས་ང་ཚོ་རྒྱལ་རྩེ་དགོན་པར་ལམ་དུ་ཆས་པ་དང་། ལམ་བར་ནས་ང་ཚོ་དཀྱོགས་ཧ་ཅང་མང་པོ་ཅན་གྱི་གམ་པ་ལ་མོ་བརྒལ་ཏེ་ཡར་འབྲོག་གཡུ་མཚོར་ཐོན། སྐབས་འདིར་ངས་ང་ཚོའི་བསླབ་དེབ་ངོས་ཀྱི་《གཙང་ཁུལ་ལ་ལྟ་སྐོར་དུ་བསྐྱོད་པའི་མཐོང་ཐོས་》ཞེས་པའི་སློབ་ཚན་དེ་ཡིད་ལ་ཤར། ང་ཚོས་རླངས་འཁོར་ས་ཚིགས་སུ་བསྡད་རྗེས་ལག་ཏུ་ཁ་བཏགས་བཟུང་ནས་འདྲ་པར་སྣ་ཚོགས་ཤིག་བླངས་རྗེས་མུ་མཐུད་དུ་ལམ་དུ་ཆས། ལམ་བར་ནས་ང་ཚོ་གནོད་སྦྱིན་གངས་བཟང་ཟེར་བའི་གངས་རི་ཡག་པོ་ཞིག་ལ་མཇལ་བ་དང་། བཤད་ཚུལ་ལ་གནས་འདིར་སློབ་དཔོན་རིན་པོ་ཆེ་དངོས་སུ་ཕེབས་མྱོང་ཟེར།

77a5ade433c3ab8cd761900ab9cf0905_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

དགོང་མོ་ང་ཚོ་རྒྱལ་རྩེ་རུ་འབྱོར། ཕྱི་ཉིན་སྔ་མོ་ནས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་གླིང་དང་བཀྲིས་སྒོ་མང་མཆོད་རྟེན་སོགས་ལ་མཇལ། རྒྱལ་རྩེ་མཆོད་རྟེན་དུ་ལྷ་ཁང་བདུན་ཅུ་ལྷག་བཞུགས་ལ་དངོས་ནས་མཇལ་མི་ཚར་བ་ཞིག་རེད། རྒྱལ་རྩེར་མཇལ་རྗེས་ཞ་ལུ་དགོན་དུ་སོང་། ཞ་ལུ་དགོན་ནི་རྒྱ་ནག་གིས་བཟོ་བས་བཞེངས་བར་གྲགས་པའི་མདོག་སྔོན་པོ་ཅན་གྱི་དགོན་པ་ཆུང་ཆུང་ཞིག་རེད། དགོན་པ་དེ་ནས་ང་ཚོ་ས་སྐྱ་པཎ་ཆེན་གྱི་དབུ་སྐྲ་བཞར་བའི་རྡོ་གཞུང་ཡིན་ཟེར་བའི་རྟེན་གཙོ་བོ་ཞིག་ལ་མཇལ། དེ་ནས་ང་ཚོ་ལམ་ཐག་ཅུང་ཙམ་བརྒྱུད་རྗེས་གཞིས་ཀ་རྩེ་གྲོང་ཁྱེར་དུ་འབྱོར། གཞིས་ཀ་རྩེ་གྲོང་ཁྱེར་ནི་ལྷ་ས་གྲོང་ཁྱེར་དང་འདྲ་བའི་གྲོང་ཁྱེར་ཧ་ཅང་ཆེན་པོ་ཞིག་ཡིན་ལ། བོད་ལྗོངས་ལྷ་ལྡན་གཉིས་པ་ཞེས་མིང་གྲགས་ཆེ་བ་དོན་དང་ལྡན་པར་སྙམ། གཞིས་རྩེ་གྲོང་ཁྱེར་གྱི་ནུབ་བྱང་མཚམས་སུ་རི་བོ་དགེ་ལུགས་པའི་དགོན་སྡེ་གྲགས་ཅན་བཀྲིས་ལྷུན་པོ་ཆགས་ཡོད། དགོན་པ་འདི་ནི་ཧ་ཅང་དགོན་པ་ཆེན་པོ་ཞིག་ཡིན་ལ། ང་ཚོའི་བསླབ་དེབ་ཀྱི་ངོས་སུ་ཡང་ངོ་སྤྲོད་གསལ་བོ་བྱས་འདུག དགོན་པ་འདི་ནི་སྤྱི་ལོ1447ལོར་རྗེ་དགེ་འདུན་གྲུབ་ཀྱིས་ཕྱག་བཏབ། ང་ཚོ་དགོན་པའི་རྟེན་གཙོ་བོ་པཎ་ཆེན་སྐུ་ཕྲེང་བཞི་བ་དང་བཅུ་བ། ལྔ་བ་ནས་དགུ་བ་བཅས་ཀྱི་སྐུ་གདུང་ཆེན་མོ། རྗེ་བཙུན་བྱམས་སྐུ་ཆེན་མོ་སོགས་ལ་ཞིབ་ཏུ་མཇལ་ཐུབ་སོང་། དགོན་པའི་ཟ་ཁང་ནས་ང་ཚོས་གུང་ཟས་ཞིམ་པོ་ཞིག་འཐུང་རྗེས་སྣར་ཐང་དགོན་པའི་ཕྱོགས་སུ་ལམ་ལ་ཆས། སྣར་ཐང་དཔར་ཁང་ནི་དཔར་ཁང་ཆེན་མོ་བཞིའི་གྲས་ཀྱི་གཅིག་ཡིན་ལ། ཡིད་ཕངས་པ་ཞིག་ལ་དགོན་པས་དཔར་ཤིང་བཞུགས་སའི་ལྷ་ཁང་ལ་ཞིག་གསོ་བྱེད་བཞིན་ཡོད་པས་དངོས་སུ་མཇལ་ཐུབ་མ་སོང་། དེ་ནས་ང་ཚོ་ཐད་ཀར་དུ་ས་སྐྱའི་ཕྱོགས་སུ་ལམ་དུ་ཆས་པ་དང་ས་སྐྱར་ཐོན་རྗེས་དགོང་མོའི་དུས་ཚོད་བཅུ་ལྷག་ལ་ཐོན་འདུག

 རྒྱལ་རྩེ་མཆོད་རྟེན།

54c552687d2b38e14b0f2573a88de6e5_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ས་སྐྱ་དགོན་ནི་དགོན་པ་ཧ་ཅང་ཆེན་པོ་ཞིག་ཡིན་ལ། གཙང་བོའི་ཕར་ཚུར་གཉིས་སུ་ཆགས་ཡོད། ཡ་མཚར་བའི་འཛུགས་བསྐྲུན་མང་པོ་མཐོང་། གཙུག་ལག་ ཁང་གི་རྟག་རྒྱབ་ནས་ང་ཚོས་བཀོད་ཆགས་ཐེབས་མ་ཐུབ་པའི་ཆོས་བརྩིགས་བྲག་རི་འདྲ་བ་དེར་དངོས་སུ་མཇལ་བ་དང་། སྐབས་དེར་ངས་བསླབ་དེབ་ངོས་ཀྱི་ཕྱིའི་རྩིག་པ་འཇིགས་རུང་ནང་གི་ཆོས་བརྩིགས་མི་ཞིག་ཟེར་བའི་ཚིག་དེ་ཡིད་ལ་ཤར་སོང་། ཡ་མཚར་བའི་པོ་ཏི་ལྕགས་ལུང་མ་ཟེར་བའི་དཔེ་ཆ་ཆེན་པོ་སོགས་རྟེན་ཡ་མཚར་བ་མང་པོ་ཞིག་ལ་མཇལ་རྗེས་ཕྱིར་ལྷ་ས་གྲོང་ཁྱེར་གྱི་ཕྱོགས་སུ་ལམ་དུ་ཆས། ལམ་བར་ནས་ང་ཚོ་ལྷ་སར་ཐོན་ཁར་བསྙེས་ཐང་སྒྲོལ་མ་ལྷ་ཁང་དུ་མཇལ་བ་དང་། དགོན་པ་འདི་ནི་ཇོ་བོ་རྗེ་སྐུ་མྱ་ངན་ལས་འདས་ས་ཡིན་ལ། གཞུང་ལམ་གྱི་ལྷོ་ངོས་སུ་ཇོ་བོའི་གཟིམ་ཁང་ཡིན་ཟེར་བའི་ལྷ་ཁང་ཆུང་ཆུང་ཞིག་འདུག ད་ལྟའི་ལྷ་ཁང་གཙོ་བོ་རུ་ཇོ་བོའི་ཐུགས་རྟེན་བྱིན་རླབས་ཀྱི་མཚན་ཁ་འབར་བའི་སྒྲོལ་མ་དེ་བཞུགས་ལ། ཨ་ཁུ་དཀོན་གཉེར་ལགས་ཀྱི་སྣེ་ཁྲིད་འོག་ང་ཚོ་ཡིད་ཚིམ་པ་ཞིག་མཇལ་ཐུབ་སོང་། ད་རུང་ཇོ་བོས་ཆོས་གསུངས་ས་ཡིན་ཟེར་བའི་ཕྱེ་མའི་བཞུགས་ཁྲི་སོགས་རྟེན་ཁམས་ཅན་མང་པོ་ཞིག་ལ་མཇལ་རྗེས་ང་ཚོ་ལམ་དུ་ཆས་པ་དང་། ལྷ་ས་གྲོང་ཁྱེར་དུ་འབྱོར་རྗེས་དགོང་མོའི་ཆུ་ཚོད་དགུ་ཡས་མས་སུ་ཐོན་འདུག་ལ། ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་ཡུལ་ལྗོངས་ནི་ངོ་མཚར་ལྟ་ན་སྡུག་པ་ཞིག་རེད།

ནངས་མོ་ང་ཚོ་སྔ་མོ་ནས་ལངས་ཏེ་ཇོ་མཇལ་བླངས་རྗེས་ལྷ་སའི་ལྕགས་པོ་རི་དང་ཕོ་བྲང་ཕ་བོང་མཁར་སོགས་ལ་མཇལ། ཉིན་འདི་དག་གི་མཇལ་སྐོར་གྱི་ལམ་ནས་ང་རང་རི་ཆེན་བཞི་རེ་རེ་ལ་མཇལ་ཐུབ་སོང་། ཕོ་བྲང་ཕ་བོང་མཁར་ནི་རྡོ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཆགས་ཡོད་ལ། ནང་དུ་རྟེན་བྱིན་ཅན་མང་པོ་ཞིག་བཞུགས། རང་ལ་བག་ཆགས་ཆེས་ཟབ་པ་ནི་སློབ་དཔོན་ཐོན་མིའི་ཕྱག་བྲིས་ཡིན་ཟེར་བའི་མ་ཎི་ཡིག་དྲུག་ཅིག་འདུག ངས་འདི་ནི་ཐོན་མིའི་ཕྱག་བྲིས་ཡིན་པ་ཇི་ལྟར་རྟོགས་པ་ཡིན་བསམ་བཞིན་ཕྱིར་ལམ་དུ་ཞུགས། 

ས་སྐྱ་དགོན་པ།

dba531ceae2786818771f7a212b74283_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

རྗེས་མའི་ཉིན་གཅིག་གཉིས་ཤིག་གི་རིང་ལ་ང་ཚོས་ནངས་མོ་ཇོ་མཇལ་ལེན་ཞོར་ལྷ་སའི་ཁྲོམ་རར་མྱུལ་ནས་རང་ཉིད་དགའ་བའི་དངོས་པོ་མང་པོ་ཞིག་ཉོས། དགོང་མོ་ཚོར་བ་ཧ་ཅང་སྐྱིད་ལ་ནུ་བོ་ངེད་གཉིས་ཀྱིས་ལྕགས་རྟ་སྐོར་ནས་སྲང་ལམ་མྱུལ་བ་ཡིན། ཉིན་རྗེས་མར་ང་ཚོས་ནངས་མོ་ཇོ་མཇལ་བླངས་རྗེས་ཐད་ཀར་མེ་འཁོར་འབབ་ཚིགས་ནས་མེ་འཁོར་ལ་བསྡད་དེ་ཕ་ཡུལ་གྱི་ཕྱོགས་སུ་ལམ་ལ་ཆས། ལམ་བར་ནས་ངས་རྐྱང་དང་ཤྭ་སོགས་རང་དབང་གིས་འཚོ་བའི་རི་སྐྱེས་སྲོག་ཆགས་མང་པོ་ཞིག་མཐོང་སོང་། ནུབ་ཚ་འཐུང་རན་དུས་ཨ་ཕས་ང་ཚོ་ཁྲིད་དེ་མེ་འཁོར་གྱི་ཟ་ཁང་ནས་དགོང་ཇ་ཞིམ་པོ་ཞིག་འཐུང་།

ཕྱི་ཉིན་དུས་ཚོད་གཅིག་ཡས་མས་སུ་ང་ཚོ་ཕ་ཡུལ་རྩེ་གཞུང་གི་པང་དུ་ལོག་པ་དང་། ཕ་ཡུལ་གྱི་ཤ་ཉེ་ཚོས་ལག་ཏུ་ཁ་བཏགས་བཟུང་སྟེ་ང་ཚོ་ལ་འཚམས་འདྲི་བྱས། སྐབས་དེར་ངས་སེམས་ནས་བཀའ་དྲིན་ཞུ་འདོད་དང་ལྷན་དུ་སེམས་འགུལ་ཡང་ཐེབས་སོང་།b8370b1e925ce0759cdcc0de736831b9_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ད་ལོའི་དབྱར་གནང་སྐབས་སུ་ང་རང་བོད་ཀྱི་དགོན་སྡེ་གྲགས་ཅན་སུམ་ཅུ་ལྷག་ལ་མཇལ་ཐུབ་སོང་བ་དང་། ད་ལྟ་ད་རུང་མིག་ལམ་དུ་འཆར་འོང་བ་ནི་རྔམ་བརྗིད་ལྡན་པའི་ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་དེ་ཡིན་འདུག གནས་བྱིན་ཅན་དང་རྟེན་ཁམས་ཅན་མང་པོ་ཞིག་ལ་མཇལ་ཐུབ་སོང་། འདི་དག་ཚང་མ་ནི་རང་གི་ཕ་མའི་བཀའ་དྲིན་ཡིན། ཐེངས་རྗེས་མར་སླར་ཡང་ཕ་མ་དང་ལྷན་དུ་ཉི་མ་ལྷ་སའི་པང་དུ་ལོག་ཐུབ་པར་སྨོན།

0f54e7d923de5eaacef6b7d4f7736cde_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

7372d8b422810a416c8e34ded3dbdd82_640_wx_fmt=jpeg&wxfrom=5&wx_lazy=1&wx_co=1.jpg

ཨོ་རྒྱན་སྒྲོལ་མ། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་ལོ་རིམ་དགུ་བ། 

སྤྱི་ལོ2023ལོའི་ཟླ8པའི་ཚེས25ཉིན་ལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号