ངའི་མཐོང་སྣང་གི་སྨོན་ལམ་མཐོན་པོ།

                                                                                དབང་ཆེན་དོན་འགྲུབ།

གལ་ཏེ་ང་རང་སྙན་ངག་པ་ཞིག་ཡིན་ཚེ་ངས་སྙན་འཇེབས་ཚིག་གི་སྨོན་ལམ་མཐོན་པོའི་བརྗིད་ཅིང་ཚར་དུ་དངར་བའི་རི་ཚོགས་ལ་བསྔགས་བརྗོད་བྱེད་སྲིད། གལ་ཏེ་ང་རང་རི་མོ་པ་ཞིག་ཡིན་ཚེ། ངས་ལྷ་ཡུལ་ལས་ཀྱང་མིག་ལ་མཛེས་ཤིང་ཀླུ་ཡུལ་ལས་ཀྱང་འབྱོར་བས་ཕྱུག་པའི་སྨོན་ལམ་མཐོན་པོའི་འདབས་ཀྱི་སྐྱིད་ཀྱི་འབྲོག་སྡེ་ཕྱུག་མོ་འདིའི་རང་བྱུང་གི་བཀོད་པར་གསོན་ཤུགས་བསྣན་ཏེ་རི་མོར་དབབ་ངེས། གལ་ཏེ་ང་རང་ཚན་རིག་པ་ཞིག་ཡིན་ཚེ་ངས་ཞིབ་མོའི་བློ་ཆུང་གིས་སྨོན་ལམ་མཐོན་པོའི་འདབས་རོལ་དུ་རུམ་པའི་ངོ་མཚར་ཆེ་བའི་ལྐོག་གྱུར་གྱི་གསང་བ་དེ་བསྔོགས་སྲིད། གལ་ཏེ་ང་རང་དབྱངས་འགྲོས་རྩོམ་མཁན་ཞིག་ཚེ། ངས་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་ཙོང་ཆུའི་འབབ་རྒྱུད་ཀྱི་བརྩེ་བ་དང་རྟ་ནོར་ལུག་གསུམ་གྱི་འཚེར་ངུར་འབའ་གསུམ་གཅིག་ཀྱང་མ་ལུས་པར་དབྱངས་རྟར་བརྒྱུས་ཏེ་ཀུན་གྱི་རྣ་བའི་གསོས་སུ་སྨིན་པར་འགྱུར་ངེས། འོན་ཀྱང་ང་ལ་དེ་དང་དེ་ལྟ་བུའི་ཤེས་ཡོན་གྱི་བདེན་པ་མི་ངེས་ནའང་འདིའི་འདས་སོང་ལ་ཕྱིར་དྲན་དང་མ་འོངས་པར་རེ་ལྟོས་ཐེངས་ཤིག་བྱེད་འདོད་བྱུང་།

“འཛམ་གླིང་མདོ་སྨད་མཛེས་པའི་རྒྱན་གཅིག་པུ།། མ་ཕམ་ཁྲི་ཤོར་རྒྱལ་མོ་འཁྱིལ་བའི་ཕྱོགས།། རྩ་བ་རབ་བརྟན་གསེར་གྱི་ས་གཞི་ཆགས།། རྩེ་མོ་ཚངས་པའི་གནས་ལ་འགྲན་བཟོད་པའི།། རིན་ཆེན་རྡུལ་མང་བརྩེགས་པའི་ལྷུན་པོ་ལ།། རྟེན་བཅས་མཐུ་ལྡན་སྨོན་ལམ་མཐོན་པོ་ཞེས།།” མདོ་སྨད་བྱང་རྒྱུད་ཀྱི་ནོར་འཛིན་སྒེག་མོའི་ལྟེ་བར་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་གཡས་སུ་འཁྱིལ་བའི་བྱང་གི་ཆར། བརྗིད་ཆགས་མདའ་བཞིའི་གནས་རི་སྨོན་ལམ་མཐོན་པོ་འདི་ནི།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གི་ནུབ་མཚོ་གྲོང་རྡལ་དང་སྤྱི་ལེ10ཡི་མཚམས་སུ་བརྗིད་པར་ཆགས་ཤིང་། མཐོ་ཚད་ལ་མཚོ་འཕགས་སྨི3900ལྷག་ཡོད་དེ།  རང་བྱུང་ཁོར་ཡུག་བརྗིད་ཆགས་མཛེས་སྡུག་ལྡན་ཞིང་། སྐྱེ་ཁམས་ཐོན་ཁུངས་ཕུན་སུམ་ཚོགས་པའི་རང་བྱུང་གཏེར་མཛོད་ཆེན་པོ་ཞིག་ཡིན་ལ། སྔོན་གྱི་དུས་སུ་ནགས་ཚལ་སྟུག་ཅིང་རི་སྐྱེས་སྲོག་ཆགས་སྣ་མང་བག་ཡངས་སུ་རྒྱུ་བར་བཤད་མོད།  རང་བྱུང་ཁམས་ཆེན་མོའི་འགྱུར་ལྡོག་གི་དབང་གིས་ད་ལྟའི་དུས་སུ་སྒང་འདིར་ནགས་ཚལ་སྟུག་པོ་དང་རི་སྐྱེས་སྲོག་ཆགས་སྣ་མང་ནི་མཐོང་རྒྱུ་མེད་ཀྱང་། སྐྱེས་མཆོག་སྨོན་བློན་མཐོན་པོ་འདིའི་ངོ་མཚར་བའི་ངག་རྒྱུན་ནི་མི་རབས་ནས་མི་རབས་བར་དུ་གྲགས་བཞིན་འདུག

ཡུལ་འདིའི་རྒད་པོ་ཚོའི་བཤད་རྒྱུན་ལ། སྐྱེས་མཆོག་སྨོན་ལམ་མཐོན་པོ་འདིར་མོ་བློན་མཐོན་པོ་དང་སྨོན་ལམ་མཐོན་པོ་ཞེས་ཀྱང་འབོད་དེ། མོ་བློན་མཐོན་པོ་ཞེས་ཐོགས་དོན་ནི་མཚོ་སྔོན་པོ་འདི་ཉིད་མ་འཕྱུར་བའི་སྔོན་ལ། གནས་འདིར་བདེ་སྡུག་གི་སྐྱབས་རེ་སའི་སྤྲུལ་བའི་གཟུགས་བུད་མེད་དུ་འཛིན་པ་ཨ་ནེ་གོང་སྨན་རྒྱལ་མོ་ལ་བློན་པོའི་ཚུལ་དུ་ཕྱོགས་སྐྱོང་བཞི་ཡོད་པ་ལས། གནས་རི་འདི་ནི་ཤར་གྱི་ཕྱོགས་སྐྱོང་གཞི་བདག་ཡིན་པ་སྐྱེས་བ་མོ་ཡིན་པས་མོ་བློན་མཐོན་པོ་ཞེས་དང་། ཡང་སྔོན་གྱི་དུས་ཤིག་ལ་སྐྱེ་བོ་ཞིག་གིས་གནས་རི་མཐོན་པོ་འདིར་སྨོན་ལམ་བཏབ་ནས་ཐོབ་པས་སྐྱེས་མཆོག་སྨོན་ལམ་མཐོན་པོ་ཞེས་ཀྱང་འབོད་པར་བཤད།

ང་རང་སྨོན་ལམ་མཐོན་པོར་བསྐྱོད་ཐེངས་རེར། མིག་ལམ་དུ་གསལ་ལྷང་ངེར་མངོན་པ་ནི་གསེར་དངུལ་རྩྭ་ཐང་ཡིན་ལ། དེ་ནི་མུ་མཐའ་མེད་པའི་ས་གདན་སྔོ་ལྗང་ཞིག་གི་སྟེང་དུ་ཁ་དོག་སྣ་ཚོགས་ཀྱི་མེ་ཏོག་གི་ཚོམ་བུས་བརྒྱན་པ་དང་འདྲ་ཞིང་། དེང་གི་དུས་སུ་ཡང་མཚོ་བྱང་གི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་དེ་རུ་མཐུན་སྒྲིལ་གྱི་ལག་རྡང་གཅིག་ཏུ་སྒྲིལ་ནས་འདྲ་མཉམ་དང་མཐུན་སྒྲིལ། འཆམ་མཐུན། རོགས་རེས་ཀྱི་མི་རིགས་འབྲེལ་བ་ཆགས་ཤིང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱོང་བཞིན་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཕྱུག་འགྱུར་འཕེལ་རྒྱས་ལ་བརྩོན་བཞིན་མཆིས།

རེད་ཡ། མཛེས་སྡུག་ཡིད་དུ་འོང་ཞིང་བརྗིད་ཆགས་ཀྲོང་ངེར་འགྱིང་བའི་སྨོན་ལམ་མཐོན་པོ་སྟེ། བདག་གི་གཅེས་སུ་འོས་པའི་རྒྱབ་རི་མཐོན་པོ་ལགས། ཁྱེད་ཀྱི་རི་ཆུའི་མཛེས་སྡུག་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱིས་ངའི་སེམས་ཁོང་ལ་ནམ་ཡང་སྤྲོ་བ་དང་གཟི་བརྗིད་ཚད་མེད་ཅིག་སྐྱེས་སུ་བཅུག་ཡོད་པས། ང་རང་ནམ་ཡང་གནས་འདིའི་རི་ཆུ་ལ་དགའ་ཞིང་གསེར་རི་དངུལ་རི་ལས་ལྷག་པའི་དག་གཙང་གི་སྐྱེ་ཁམས་ལ་དེ་བས་ཀྱང་དུངས།

དེ་བས། རང་རེའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན། དེར་རང་གི་མིག་འབྲས་བཞིན་སྲུང་སྐྱོབ་བྱ་དགོས་ཞེས་གསུངས་པ་ནང་བཞིན། ང་ཚོ་ཚང་མས་ཁོང་གི་གསུངས་བཤད་ལ་སློབ་སྦྱོང་བྱས་ཏེ། རང་ནུས་གང་ཡོད་ཀྱིས་རང་རེའི་མེས་རྒྱལ་དང་ཡུལ་གྲུ་འདིའི་རི་ཆུ་ནགས་གསུམ་ལ་གཅེས་སྐྱོང་བྱ་རྒྱུ་ནི་འུ་ཅག་གི་འོས་འགན་ཡིན་པས། རང་ཉིད་ནས་མགོ་བརྩམས་ཏེ་ང་ཚོ་ཐུན་མོང་གི་གཞིས་ཁྱིམ་དྲོན་མོ་འདིར་ནམ་ཡང་སྲུང་སྐྱོབ་བྱ་དགོས་སོ།། 



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号