སློབ་ཆེན་སློབ་མ།

རྩོམ་པ་པོ། འགྱན་སངས་རྒྱས་དོན་གྲུབ།


སློབ་ཆེན་སློབ་མ་ནི་མི་རིགས་གང་དེའི་ཐུན་མིན་གྱི་སྙིང་སྟོབས་ལས་འཁྲུངས་པའི་ཤེས་སྤྱོད་ཀྱི་སྲིད་ཞེང་མཚོན་བྱེད་བྱེ་བྲག་པ་དེ་ཡིན་པར་མ་ཟད། མི་རིགས་གང་དེའི་སྐབས་ཀྱི་འཁོར་བའི་ཁ་སྟབས་གཟུགས་སུ་མངོན་པའི་དན་རྟགས་འཁྲུལ་མེད་དང་། རིགས་ཀྱི་གཏན་འདུན་ཇི་བཞིན་འདོད་ཐོག་ཏུ་སྨིན་གྲུབ་འོང་བའི་སླད་ཀྱི་རེ་གཏད་ཀྱང་ཡིན་གཤིས། ཕྲག་གོང་དུ་མི་རིགས་གང་དེའི་འཚོ་བའི་འབྱུང་འགྱུར་བདེ་བ་ལེགས་ཕྱོགས་སུ་འཁྲིད་དམ་མི་བདེ་ཉེས་ཕྱོགས་སུ་འཁྲིད་རྒྱུའི་འཁྲི་ལས་རི་ཁུར་དེ་ཉིད་མ་བགོས་རང་བབ་ཏུ་ཡོད་ལ། ཁྱད་པར་དུ་འཇམ་མཉེན་ལྡེམ་མྱུར་ཡལ་འདབ་ལྔ་པས་ཕ་ཡིག་མ་སྐད་ཀྱི་རིག་པའི་སྐྱ་བ་ཆེ་བཙུན་མཐོ་གསུམ་གྱིས་ཕྱུག་པ་དེ་ཉིད་དལ་གྱིས་དཀྲུགས་ནས། འཛམ་གླིང་ཤེས་རིག་ནོར་གླིང་དགའ་ཚལ་ཆེན་མོར་ཅི་དགར་ཤར་སྐྱོད་གནང་ནུས་ཀྱི་སློབ་ཆེན་སློབ་མ་རྣམས་དེ་བས་ཀྱང་ཡུལ་ལུང་འདིའི་ཕ་མེས་ཀྱི་ཤུལ་འཛིན་དང་རིགས་རུས་ཀྱི་གདུང་འཚོབ། སྐྱེ་རྒྱུད་ཀྱི་དར་འཕྲུ། རིགས་ཞེན་གྱི་སྒལ་ཚིགས། ཤེས་རིག་གི་ཁུར་འཛིན། འཚོ་གནས་ཀྱི་ལམ་སྟོན། རྟོགས་སད་ཀྱི་ཕོ་ཉ་ཡིན་ལུགས་ལ་རྩོད་པའི་གནས་གང་ཡང་མ་མཆིས་ཏེ། སྒྲ་བློ་དོན་གསུམ་གྱི་བདག་ཉིད་དུ་གྱུར་པའི་སེམས་ཅན་སྒང་པ་དབུ་ནག་པའི་ལུས་རྟེན་འདི་ཉིད་ལ། ཐུན་མིན་དུ་གྱུར་པའི་ཨཱ་ལི་ཀཱ་ལིའི་སྲོག་དབང་དེ་ཉིད་གྲུབ་མེད་ཚེ། ཉལ་ས་གཅིག་ཀྱང་རྨི་ལམ་མི་གཅིག་པའི་དཔེ་ལྟར། ཁོ་ཚོའི་དུངས་ཞེན་གྱི་ཚེས་རིས་ཇི་ལྟར་དཀར་ཞིང་སྙིང་སྟོབས་ཀྱི་རྒྱ་མཚོ་ཇི་ལྟར་བྲུག་ལ། ལ་རྒྱ་ཡི་དབའ་རླབས་ཇི་ལྟར་འཕྱོ་ནའང་། ཕ་རྒྱུད་ཁ་བའི་བཀྲག་མདངས་རང་སྟེང་ནས་ཉམས་ངེས་ལ་མ་རྒྱུད་མཚལ་གྱི་ཐིག་ལེ་རང་ངོས་ནས་ལོག་ངེས་པར་མ་ཟད། ནམ་ཞིག་ལ་བླ་སྲོག་གསེར་གྱི་ཀ་བའང་རང་ཤུགས་ཀྱིས་ཆག་འགྲོ་སྐབས་མང་གཤིས། ཕ་ཤུལ་བུ་འཛིན་གྱི་འགེལ་ཕོག་འཁྲི་ལས་དེ་ཉིད་ཕྲག་གོང་དུ་འདེགས་ནུས་རྩ་བ་ནས་མེད་པར་ལོང་བས་མར་མེ་འཛིན་པའི་དཔེ་དོན་ངོ་མར་འགྱུར་ངེས་པའི་ཕྱིར་རོ། །


དེ་ལྟ་བས་ན། དབྱངས་གསལ་སོ་བཞིའི་རོ་བཅུད་མངར་མོས་མཛེས་སྡུག་གི་ཁོ་ལག་ཡོངས་སུ་རྫོགས་དང་རྫོགས་བཞིན་པའི་ཁ་བའི་བློ་གསལ་ར་ཡིག་གཉིས་པ་རྣམས་ཀྱིས། རང་ཉིད་ཁོ་ན་གཟོད་གངས་ལྗོངས་པདྨོ་རྒྱས་པའི་དགའ་ཚལ་གང་འདིའི་སྐྱིད་སྡུག་ལེགས་ཉེས་དབྱངས་སུ་གྱེར་མཁན་ཡིན་ལུགས་ཕྱི་གསལ་ནང་མཐོང་གིས་ངེས་རྒྱུ་གཞིར་བྱས། ཕྱི་ནང་ཤེས་བྱ་རིག་པའི་བདུད་རྩིའི་ཟིལ་མངར་ད་དུང་ངོམས་མེད་དུ་འཐུངས་ཏེ། མ་འོངས་པ་ན་ཕ་དམ་པའི་རུས་པ་གསེར་གྱིས་བརྒྱན་ནས་གངས་དཀར་པོའི་དབུ་རྣ་དགུང་དུ་བསྟད་དགོས་པའི་ཕྲག་གོང་གི་བབ་ཁུར་ལ་དུས་ད་ལྟ་ཉིད་ནས་བློ་རྩེ་ཞིབ་ཏུ་གཏད་དགོས་སོ། །


དང་པོ། གཞི་མའི་འཛོམ་ཆོས།


ངེས་པ་དོན་གྱི་སློབ་ཆེན་སློབ་མ་ཞིག་ལ་ཕྱི་རྐྱེན་ནང་རྒྱུ་གང་དག་ཚང་དགོས་སྐོར་ལ། དེང་རབས་སློབ་གསོ་ནམ་མཁའ་མཛོད་ལ་མངའ་བརྙེས་པའི་ཕྱི་ནང་བར་གསུམ་གྱི་གཟུར་གནས་དཔྱོད་ལྡན་དྲང་སྤྱོད་པ་རྣམས་ཀྱིས། རང་རང་གི་བཞེད་དགོངས་ཆར་ཤུལ་གྱི་འདབ་བརྒྱ་ལྟར་ལྟ་བའི་སྤང་ལྗོངས་ཡངས་པོར་ཚར་དུ་དངར་བཞིན་པ་འདི་ལགས་ལ། གངས་རིའི་རིག་འཛིན་ཡབ་མེས་མཁྱེན་ལྡན་རྣམས་ཀྱིས་ཀྱང་སྣོད་ལྡན་གྱི་སློབ་མ་རྣམས་རིམ་པ་གསུམ་དུ་ཕྱེ་ནས་བསྟན་འདུག་པ་ཇི་སྐད་དུ《སུམ་བརྒྱ་བ》ལས། སློབ་དཔོན་ལ་གུས་ཚུལ་ཁྲིམས་ཡང་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང་། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་སོར་སྡོམ་གྱི་སྣོད་ལྡན་སློབ་མའི་བླང་བྱ་བསྟན་ཅིང་། བྱང་སེམས་སྣོད་གྱུར་དད་བརྩེ་བློ་གྲོས་ལྡན། །སྤྱད་པ་སྤྱོད་བཟོད་རང་ཞི་དོན་མི་གཉེར། །བརྩོན་ལྡན་སྟོང་ཉིད་ཐོས་ལ་དགའ་བ་ཡིན། །ཞེས་པ་སོགས་ཀྱིས་བྱང་སྡོམ་གྱི་སྣོད་ལྡན་སློབ་མའི་བླང་བྱ་བསྟན་འདུག་ལ། སྔགས་ཀྱི་སྣོད་རུང་དེ་སྟེང་བླ་མར་གུས། །གསང་ཐུབ་བློ་ཆེ་དམ་ཚིག་སྒྲུབ་ལ་བརྩོན། །ཞེས་པ་སོགས་ཀྱིས་སྔགས་སྡོམ་གྱི་སྣོད་ལྡན་སློབ་མའི་བླང་བྱ་བསྟན་འདུག་པ་ལྟར་དང་། གཞན་ཡང་། བློ་གསལ་ཤེས་འདོད་བླ་མར་གུས། །[1]ཞེས་པ་སོགས་ཀྱིས་མཚན་ཉིད་གསུམ་ལྡན་གྱི་སྣོད་ལེགས་དངོས་ཤུགས་བར་གསུམ་ནས་བསྟན་ཅིང་། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །[2]ཅེས་པ་སོགས་ཀྱིས་ཐེག་ཆེན་ལུགས་ཀྱི་བཟང་ཆོས་གསུམ་ལྡན་གྱི་སྣོད་ལེགས་བསྡུས་ནས་བསྟན་འདུག་པ་སོགས་མང་ནའང་། དེང་གི་ཡུལ་དུས་ཀྱི་གོ་ལུགས་དང་སྦྱར་ནས་འགྲེལ་རུང་ཞིང་སློབ་གཉེར་བ་ཐུན་མོང་གི་བླང་བྱར་འགྱུར་རུང་གི་མཚན་ཉིད་ལ། དེ་དག་ལས་ཀྱང་གྲུབ་དབང་ཏེེ་ལོ་པས་ཤར་ཆུ་བོ་གངྒཱའི་འགྲམ་ནས་རྗེ་ནཱ་རོ་པ་ལ་ཕྱག་རྒྱ་ཆེན་པོའི་དབང་གནང་སྐབས་གསུངས་པའི། དཀའ་བ་སྤྱོད་ཅིང་བླ་མ་ལ་གུས་པ། །སྡུག་བསྔལ་བཟོད་ལྡན་བློ་ལྡན་ནཱ་རོ་པ། །ཞེས་པའི་སྣོད་ཀྱི་བཟང་ཆོས་བཞིའམ། ཀློང་ཆེན་རབ་འབྱམས་ཞབས་ཀྱིས། མི་གཞི་ལེགས་ཤིང་ངོ་ཚ་ཁྲེལ་ཡོད་པ། །གསུང་བཞིན་སྒྲུབ་ཅིང་དད་མོས་ཕུན་སུམ་ཚོགས། །ལུས་སྲོག་དོར་ནས་སྒྲུབ་ལ་སྙིང་རུས་ཆེ། །གྲོགས་ལ་བརྩེ་ཞིང་སྙིང་རྗེས་རང་རྒྱུད་བརླན། །སྐྱོ་དུབ་མེད་པས་བཟོད་ལྡན་ཕན་བདེ་བྱེད། །སྒོ་གསུམ་ཞི་ཞིང་དམ་ཚིག་སྡོམ་ལ་གནས། །དེ་ནི་སྐལ་བཟང་ཆོས་ཀྱི་བདུད་རྩིའི་སྣོད། །[3]གསུངས་པའི་སྣོད་ཀྱི་བཟང་ཆོས་དྲུག་རྣམས་རེད་སྙམ་པས། དེ་ལྟ་བུའི་མཚན་ཉིད་འཇོག་ལུགས་ཀྱིས་རིགས་བསྒྲེས་ནས་དཔྱད་ན། ཕ་མེས་ཀྱི་ཤུལ་འཛིན་དང་ཤེས་རིག་གི་རྐང་འཛིན་དུ་འགྱུར་ངེས་ཀྱི་ཁ་བ་རི་པའི་སློབ་ཆེན་སློབ་མ་རབ་བམ་མཚན་ཉིད་པ་རྣམས། ཡིད་ལ་ཅི་ཡང་མི་བྱ་བར་ཉི་མ་འཕུད་ཐབས་བྱེད་མཁན་སློབ་མ་ཐ་མལ་བའི་གནས་སྐབས་ལས་རིང་དུ་བརྒལ་ནས། དཀའ་སྤྱོད་སྡུག་རུས་ཀྱི་བརྩོན་སེམས་ཡོད་པ་དང་། སྡུག་བསྔལ་འཁུར་བཟོད་ཀྱི་བློ་སྲལ་ཆེ་བ། གཟུར་གནས་དྲང་བརྟན་གྱི་མི་གཤིས་ཡོད་པ། ལེགས་ཉེས་རྣམ་འབྱེད་ཀྱི་བློ་གྲོས་ལྡན་པ་སྟེ། ཁྱད་པར་གྱི་ཡོན་ཏན་བཞི་པོ་རང་རྒྱུད་ལ་ཉེ་བར་ལེན་ཐུབ་མཁན་ཞིག་ཅི་ནས་ཀྱང་ཡིན་དགོས་སྙམ་མོ། །


དེ་དག་ལས་དཀའ་སྤྱོད་སྡུག་རུས་ཀྱི་བརྩོན་སེམས་ནི། སྐྱེས་བུའི་ཆོས་འཇིག་རྟེན་གཉིས་སམ་འཕྲལ་ཕུགས་ཀྱི་དགོས་དོན་ཐམས་ཅད་ངང་ངམ་ཤུགས་ཀྱིས་འགྲུབ་པའི་ཉེར་སྡོག་འབའ་ཞིག་སྟེ། 《མདོ་སྡེ་རྒྱན》ལས། བརྩོན་འགྲུས་ལྡན་པ་ལོངས་སྤྱོད་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་ཉོན་མོངས་ཀྱིས་ཕམ་མེད། །བརྩོན་འགྲུས་ལྡན་པ་སྐྱོ་བས་ཕམ་པ་མེད། །བརྩོན་འགྲུས་ལྡན་པ་ཐོབ་པས་ཕམ་པ་མེད། །ཅེས་དང་། 《ཕར་ཕྱིན་བསྡུས་པ》ལས། ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་པ་ལྟར་ལགས་གཤིས། ཁ་མིན་དོན་གྱིས་བསླབ་པ་དོན་དུ་གཉེར་བར་ཡོང་མཁན་སློབ་གྲོགས་རབ་མཆོག་རྣམས་ཀྱིས། རྟག་ངུས་ཆོས་འཕགས་སྟེན་སྐབས་དང་ནཱ་རོས་ཏེེ་ལོ་སྟེན་སྐབས། མར་པས་ནཱ་རོ་སྟེན་སྐབས། མི་ལས་མར་པ་སྟེན་སྐབས་རྒྱུན་དྲག་ཞུམ་མེད་དུ་སྤྱད་པའི་ངོ་མཚར་སེམས་དཔའི་དཀའ་སྤྱོད་དེ་རིགས་སྐྱེ་བ་འདིའི་སྒོ་གསུམ་སྟོབས་ཀྱིས་ཇི་བཞིན་ལག་ཏུ་ལེན་རེ་ཕྲ་ནའང་། ཤེས་རིག་རིན་ཆེན་གླིང་ནས་དོན་མེད་སྟོང་ལོག་མི་བྱེད་པར་ཐོས་བརྩོན་རིག་པའི་དུས་བཞིའི་སོ་ནམ་གྱི་འབྲས་ལེགས་དགྲ་ལ་འཕྱར་རྒྱུ་དང་གཉེན་ལ་ངོམ་རྒྱུ་ཡོད་པ་ཞིག་ཁུར་དུ་བསྣམས་ནས་ཕ་ས་ཕ་ཡུལ་ལ་གཟི་བརྗིད་ཆེན་པོས་ལོག་ཕྱིར། དམ་པའི་དཀའ་སྤྱོད་དེ་རིགས་ལ་ཁ་མིག་ཡར་ལྟ་རེ་བྱས་ཏེ་དེ་དག་གི་བརྒྱའི་ཆའམ་སྟོང་གི་ཆ་རེ་ད་ཐེངས་ཅི་ནས་ཀྱང་ལག་ཏུ་ཐེངས་གཅིག་བླང་དགོས་སྙམ་པའི་སེམས་ཀྱི་སྤྲོ་བ་སྔོན་དུ་འགྲོ་བའི་གོ་སྒྲུབ་བམ་བསམ་པའི་གོ་ཆ་བརྟན་པོར་བགོས་རྗེས། ནམ་རྒྱུན་ལུས་གྲིབ་བཞིན་རང་དང་འགྲོགས་འགྲོགས་སུ་ཡོད་པའི་བརྩོན་འགྲུས་ཀྱི་འགལ་རྐྱེན་བར་ཆད་དེ། སྙོམ་ལས་ཕྱི་བཤོལ་གྱི་ལེ་ལོ་དང་བྱ་བ་ངན་ཞེན་གྱི་ལེ་ལོ། སྒྱིད་ལུག་བདག་བརྙས་ཀྱི་ལེ་ལོ་དང་བཅས་པའི་ནག་ཕྱོགས་རུ་འདྲེན་ཆེ་གསུམ་གྱིས་དྲངས་པའི་བདུད་ཀྱི་རུ་དཔུང་ཆེན་མོའི་སྟེང་དུ། བརྩོན་འགྲུས་རྩོམ་པའི་རྟེན་མོས་པ་དང་། ཞུགས་ཟིན་མི་ལྡོག་པའི་རྒྱུ་བརྟན་པ། ལས་འཕྲོ་མི་གཅོད་པའི་སྟོབས་དགའ་བ། དུབ་པ་མཚམས་གཅོད་པའི་ཐབས་དོར་བ་སྟེ། གཉེན་པོ་རྣམ་བཞིའི་དཔུང་ཚོགས་ཆེན་མོ་ཟལ་ཐོན་གྱིས་དྲངས་ཏེ་དེ་ཚོ་ལང་མེད་བུབ་འགྱེལ་དུ་བཏང་ནས། ཇི་སྐད་དུ། ང་རྒྱལ་རྩོལ་བ་བསྐྱེད་པས་ནི། །ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ། །དེ་བས་སེམས་ནི་བརྟན་པོ་ཡིས། །ལྷུང་བ་རྣམས་ནི་གཞོམ་བྱ་སྟེ། །གསུངས་པའི་དགའ་བྲོད་ཞུམ་མེད་ཀྱི་བློ་གདེང་ཆེན་པོ་སྔོན་དུ་བཏང་། ལས་ཀྱི་ང་རྒྱལ་དང་ནུས་པའི་ང་རྒྱལ། འགལ་རྐྱེན་འཇོམས་པའི་ང་རྒྱལ[4]ཏེ། ཡིད་ལ་བསམ་པའི་དམིགས་རྩེ་གང་དེ་དོན་སྨིན་ལེགས་སོན་འོང་ལ་མེད་ཐབས་མེད་པའི་ང་རྒྱལ་རྩོལ་བཅས་ཀྱི་འཁོར་གསུམ་ལེགས་པར་བཏགས་ནས། དགའ་བྲོད་བརྩོན་བཅས་དང་རང་རྟོན་གདེང་ཡོད་ཀྱི་བློ་སྤོབས་ཆེན་པོས་མགོ་ལ་མེ་ཤོར་བ་གསོད་པ་དང་པང་དུ་སྦྲུལ་འོང་བ་ཟློག་པ་ལྟ་བུའི་གུས་སྦྱོར་འཆད་མེད་དུ་རྩོམ་པའི་སྟ་གོན་ལ་ཉེ་བར་འཇུག་དགོས་ལ། བརྒྱ་ལ་དེ་ཙམ་ཞིག་ནུས་ཀྱང་རང་གི་ཡིད་ལ་སྨོན་པའི་དོན་དེ་ཉིད་ཐེ་ཚོམ་མེད་པར་རང་སྟེང་ནས་གཟུགས་ཅན་དུ་འཆར་ངེས་ཏེ། “ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་སུ་འགྲོ”བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །


དོན་གྱི་དབང་འདི་ལ་གཟིགས་ནས། རྗེ་གུང་ཐང་འཇམ་དབྱངས་ཞབས་ཀྱིས། ཀུན་བྱང་འཇུག་ལྡོག་ཚུལ་ལ་མ་རྨོངས་ཤིང་། །ཚོགས་ཀྱི་དབུས་སུ་སྨྲ་མཁས་དཔལ་འདོད་ན། །ད་ལྟ་བཟའ་བཏུང་གཉིད་ཀྱི་བདེ་བ་ལ། །ཆགས་པའི་སྐྱིད་ཆོས་འདི་ཡིས་མི་འགྲུབ་པས། །དཀའ་སྤྱད་སྡུག་རུས་བཟོད་པར་གྱིས་ཤིག་ཨང་། །ཞེས་དང་། ཉིན་རེར་ཟས་ཀྱང་མི་དྲན་བརྩོན་འགྲུས་རྩོམ། །ཞུགས་མ་ཐག་ནས་མཁས་པའི་གོ་འཕང་འདོད། །ཞག་གསུམ་ལོན་ཚེ་རྗེས་མེད་གཡེང་བས་ཁྱེར། །དེ་འདྲ་དེ་ལ་ཅི་ཡང་མི་འོང་བས། །བརྩོན་པ་ཆུ་བོའི་རྒྱུན་བཞིན་སྟེན་ཅིག་ཨང་། །གསུངས་པའི་བསླབ་སྟོན་གྱི་དགོངས་མཐིལ་རྣམས་ཐབས་ཤེས་རྒྱུད་སྐུལ་གྱིས་རང་རྒྱུད་ལ་སྦྱོར་ཅི་ཐུབ་བྱ་དགོས་སོ། །


སྡུག་བསྔལ་འཁུར་བཟོད་ཀྱི་བློ་སྲལ་ནི། གོང་གི་དེ་ལྟ་བུའི་བསམ་པའི་གོ་ཆ་ལ་བརྟེན་ནས་འཇུག་བྱ་བསླབ་པ་སློབ་གཉེར་ལ་དངོས་སུ་འཇུག་པའི་སྦྱོར་བའི་བརྩོན་འགྲུས་ཁྱད་པར་ཅན་ཏེ། ནུབ་ཕྱོགས་མི་ཆོས་རིག་པས། “ཕྱི་ཡི་ཉེར་འཚེ་དང་ནང་གི་བར་ཆད་ཀྱི་སྡུག་སྦྱོང་ཅི་ཡང་མ་བཏང་བའི་སྲོག་ལྡན་གང་ཞིག །ཡུལ་དུས་གང་དུ་བསྡད་ཀྱང་གཞན་གྱི་སྔོན་ལ་འཇིག་ངེས་ཤིང་། ཕྱི་ཡི་ཉེར་འཚེ་དང་ནང་གི་བར་ཆད་སྣ་ཚོགས་ཀྱིས་གཙེས་ནས་སྡུག་སྦྱོང་གྲངས་མེད་མྱངས་པའི་སྲོག་ལྡན་གང་དེ། འཕེལ་སྐྱེད་ཆེ་ཞིང་ཡུན་གྱིས་དཔུང་ཤེད་རྒྱས་པར་འགྱུར་བ”[5]དངོས་པོའི་ཆོས་ཉིད་ཡིན་པར་གསུངས་པ་ལྟར། ཐུབ་བསྟན་སྤྱི་སྐད་དུ་གྲགས་པའི་རྩ་བའི་སྡུག་བསྔལ་གསུམ་པོ་མ་ཟད། སྡུག་བསྔལ་ཆེན་པོ་བཞི་དང་དྲུག །བརྒྱད་ལ་སོགས་པ་རྣམས་ཀེར་ནས་འགྲོ་བ་རྐང་གཉིས་པ་རྣམས་ཀྱི་ཚེ་སྲོག་གི་ངོ་བོར་གདོད་ནས་གྲུབ་ཡོད་གཤིས། སུ་དང་གང་ཞིག་འཁོར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་། མི་འདོད་པའི་སྡུག་བསྔལ་དེ་རིགས་ཉམས་སུ་མི་བཞེས་ཐབས་མེད་ཡིན་ལ། དེ་ལ་བརྟེན་ནས་མཐའ་མར་རང་ཉིད་ཡར་སྐྱེད་ཆེ་ཞིང་སྙིང་སྲན་ཅན་དུ་གྱུར་ཏེ་སྤྲོ་བདེ་སྐྱིད་གསུམ་གྱི་ས་ལ་སླེབ་རེ་ཡོད་པ་ལས། ཤ་ཁྱི་ཕར་ཟུག་མེད་པར་གླ་བ་ཚུར་མཆོང་གི་དཔེ་ལྟར་དཀའ་བའི་ལ་ཆེན་ཅི་ཡང་རྒྱག་མི་དགོས་པར་ཟ་དགའ་འཐུང་སྐྱིད་རང་ཤུགས་སུ་འབྱུང་ལུགས་ཤིག་འཇིག་རྟེན་གྱི་ཆོས་ཉིད་ལ་མི་སྲིད་དེ། ཇི་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས། རིག་པ་འདོད་ན་བདེ་བ་དོར། །བདེ་བ་འདོད་ན་རིག་པ་དོར། །བདེ་ལྡན་རིག་པ་ག་ལ་འགྲུབ། །རིག་པ་དོན་གཉེར་ག་ལ་བདེ། །ཞེས་དང་། ཨོ་རྒྱན་པདྨས། མཁས་པ་ཐམས་ཅད་སློབ་པའི་དུས་ན་སྡུག །སྐྱིད་པོ་བྱས་པའི་ལོ་པཎ་རྒྱ་བོད་མེད། །[6]གསུངས་པ་ལྟར་རོ། །


དཔེ་དེ་བཞིན། སློབ་ཆེན་ཤེས་རིག་པདྨོ་འཛུམ་ཚལ་ན་ཤེས་བརྩོན་བུང་བའི་འདབ་གཤོག་གར་དུ་རྩེན་པའི་སློབ་ཆེན་སློབ་མ་རྣམས་ལ་མཚོན་ནའང་། མི་ལོ་བཞིའི་ཤེས་རིག་སྦྱངས་བརྩོན་གྱི་ཐོག་མཐའ་བར་གསུམ་དུ་ཕྱིའི་ཉེར་འཚེ་དང་ནང་གི་གེགས་བར་སྣ་ཚོགས་ལ་ཅིས་ཀྱང་འཕྲད་ངེས་ཤིང་། མི་འཕྲད་པའི་ཐབས་གཞར་ཡང་མེད་ལ། ཕྲད་ན་དོན་ལ་ལེགས་ཚོགས་ཀྱང་ཡིན་པའི་སྣོད་བཅུད་ཀྱི་མ་བཅོས་གདོད་ནས་གྲུབ་པའི་ཆོས་ཉིད[7]དེ་ཉིད་དངོས་པོ་སྟོབས་ཞུགས་ཀྱི་རིགས་པའི་སྲང་གིས་ཡང་དག་ཏུ་བཅལ་ཏེ། ཇི་སྐད་དུ་ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས། འཚེ་བས་ཉེན་ནས་ཆོས་དང་འཕྲད་པ་དེ། །ཐར་ལམ་རྙེད་པས་གནོད་བྱེད་བཀའ་དྲིན་ཆེ། །སྡུག་བསྔལ་ཡིད་བྱུང་ཆོས་དང་འཕྲད་པ་དེ། །གཏན་བདེ་རྙེད་པས་སྡུག་བསྔལ་བཀའ་དྲིན་ཆེ། །རྐྱེན་ངན་དྲག་པོས་ཆོས་དང་འཕྲད་པ་དེ། །འགྱུར་མེད་ལམ་རྙེད་རྐྱེན་ངན་བཀའ་དྲིན་ཆེ། །ཞེས་པ་དང་། རྒྱལ་སྲས་ཐོགས་མེད་བཟང་པོས། འབྱོར་བ་མེད་ན་མེད་དེ་དགའ། །བསྲུང་བྲལ་གྱི་བྱ་བྲེལ་དེ་ལ་མེད། །འཐབ་རྩོད་ཀྱི་ཁྲོ་འཁྲུགས་ཇི་སྙེད་པ། །འཛིན་ཆགས་ཀྱི་ནོར་ལས་བྱུང་བར་ངེས། །འབྱོར་བ་ཡོད་ན་ཡོད་དེ་དགའ། །བསོད་ནམས་ཀྱི་དགེ་ཚོགས་སྤེལ་བས་ཆོག །འཕྲལ་ཕུགས་ཀྱི་ཕན་བདེ་ཇི་སྙེད་པ། །བསོད་ནམས་ཀྱི་འབྲས་བུ་ཡིན་པར་ངེས། །གསུངས་པ་ལྟ་བུའི་འགལ་རྐྱེན་མཐུན་རྐྱེན་དུ་སྒྱུར་བ་དང་སྡུག་བསྔལ་བདེ་ཐབས་སུ་སྒྱུར་བ། བཙན་དུག་སྨན་དུ་སྒྱུར་བའི་སྡུག་བསྔལ་ལམ་འཁྱེར་གྱི་དམ་པའི་བློ་གཤོག་ལ་འཇུག་པ་ཡངས་པར་བྱས་ཏེ། བློ་གྲོས་མཐུ་སྟོབས་དང་ལྡན་པའི་སྒོ་ནས་བསླབ་པ་སློབ་གཉེར་ལ་གུས་རྟག་སྦྱོར་བའི་བརྩོན་ཆེན་མུ་མེད་དུ་བསྐྱེད་དེ་མཁས་པའི་གོ་འཕང་མངོན་དུ་བྱ་དགོས་སོ། །


དེ་ཡང་ཇི་སྐད་དུ《སྐྱེས་རབས》ལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་ལ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གི་ཤས་ཀྱང་དེ་ནི་ཉོ་བའི་རིགས། །ཞེས་པ་ལྟར་བྱང་ཆུབ་ཀྱི་ཕྱིར་དུ་ལུས་གཅོད་པ་དང་འདྲལ་བ་དང་འབིག་པ་དང་སྲེག་པ་ལྟ་བུའི་བྱང་ཆེན་འཕགས་པ་རྣམས་ཀྱི་སྡུག་བདེན་ཕུལ་ཕྱིན་ཉམས་སུ་བཞེས་ལུགས་དེ་རིགས། འོ་སྐོལ་སོ་སྐྱེས་རང་ག་བ་རྣམས་ལ་ཁྭ་ཏ་རྒོད་འཕུར་དང་ཝ་མོ་སྟག་མཆོང་གི་དཔེ་དོན་ངོ་མར་སོང་ཡོད་པ་སྨོས་ཅི་དགོས་ཀྱང་། རྗེ་བཙུན་མི་ལའི་ཞབས་ལ་གསོལ་ཆས་འབྲུ་རྡོག་རྐང་གཅིག་མ་འབྱོར་ཡང་ཟྭ་ཚོད་ཟས་སུ་བསྟེན་ནས་ཐོས་བསམ་སྒོམ་སྒྲུབ་གནང་ལུགས་དང་། དགེ་བཤེས་རྒྱ་འདུལ་འཛིན་ལ་འཚོ་ཆས་ཕྲན་ཚེགས་རྐང་གཅིག་མ་འབྱོར་ཡང་ས་དོང་གོས་སུ་གྱོན་ནས་ཐོས་བསམ་སྒོམ་སྒྲུབ་གནང་ལུགས།[8] ཀུན་མཁྱེན་ཀློང་ཆེན་ཞབས་ལ་ན་བཟའ་རས་རྐྱང་ཁྲུ་གང་མ་འབྱོར་ཡང་རྩྭ་སྒྱེ་གོས་སུ་མནབས་ནས་ཐོས་བསམ་སྒོམ་སྒྲུབ་གནང་ལུགས་ལྟ་བུ་རྣམས་ལ་ཁ་མིག་ཡར་ལྟ་རེ་ཅི་ནས་ཀྱང་བྱ་དགོས་ལ། བརྒྱ་ལ་དེ་ཙམ་ཞིག་ནུས་པས་ཀྱང་། ཇི་སྐད་དུ《སྐྱེས་རབས》ལས། ཞུམ་པས་ཕོངས་ལས་ཐར་ལ་མི་ཕན་གྱི། །དེ་བས་རབ་ཏུ་བརྟན་པའི་སེམས་བསྐྱེད་ན། །དོན་རྣམས་ཐམས་ཅད་འགྲུབ་པ་ལག་ན་ཡོད། །ཅེས་དང་། ནུབ་ཕྱོགས་མཁས་པས། “དཀའ་སྡུག་གིས་ཁྱོད་ཀྱི་སྐྱེ་བའི་གཟི་དཔངས་ཡར་སྐྱེད་ནུས་ལ། ཁྱོད་ཀྱི་སྤོབས་པའི་གྲི་དངོ་ལ་ཡིད་ཆེས་ཀྱི་རྣོ་ངར་ལྡུད་ཅིང་། ཁྱོད་ཀྱི་ཤེས་རབ་གསེར་ཞུན་གྱི་སྒོ་མོའང་ཡུན་གྱིས་འབྱེད་ནུས”[9]གསུངས་པ་ལྟར་རང་ཉིད་ཀྱིས་ད་ཐེངས་ཀྱི་ལུས་རྟེན་དེ་ཉིད་ལ་སློབ་གསོ་མཁན་པོ་དང་མཚན་ཉིད་མཁན་པོ། ཚན་རིག་མཁན་པོ། དཔྱོད་འཇུག་མཁན་པོ། ངག་རིག་མཁན་པོ། ཚོང་དཔོན་ཆེན་པོ་སོགས་ཀྱིས་མཚོན་པའི་སྐྱེ་བ་ཡག་པོ་གཞན་ཞིག་མི་ལེན་པའི་དབང་མེད་དོ། །


གཟུར་གནས་དྲང་བརྟན་གྱི་མི་གཤིས་ནི། མཚན་ཉིད་ཚང་བའི་སློབ་ཆེན་སློབ་མ་ཞིག་ལ་ཅི་ནས་ཀྱང་ཚང་དགོས་ངེས་ཀྱི་མི་གཞི་དང་མི་གཤིས་ཕྱོགས་ཀྱི་བརྟན་མཁས་ཀྱི་ཡོན་ཏན་ཁྱད་པར་བ་དེ་རེད་ལ། འདི་ཉིད་མི་ཆོས་ལྟ་བའི་ཕུགས་དགོངས་དང་ཀུན་སྤྱོད་གཙང་མའི་འབབ་སོ་ཡང་སྟེ། ཇི་སྐད་དུ་མི་ཕམ་ཞབས་ཀྱིས། དྲང་པོ་ཞེས་བྱའི་ཡོན་ཏན་ནི། །ཡོན་ཏན་ནང་ནས་ཡོན་ཏན་མཆོག །མི་ཆོས་གཙང་མའི་སྙིང་པོ་སྟེ། །གསུངས་པ་ལྟར་རོ། །


དེ་ཡང་ཆུ་མོ་འཁྱོག་ན་སྐོར་ཐག་རིང་ལ་ལྗོན་ཤིང་འཁྱོག་ན་འགྱེལ་ཉེན་ཆེ་བ་ལྟ་བུ་ཕྱི་སྣོད་ཀྱི་གདོད་མའི་ཆོས་ཉིད་དང་། མི་གཤིས་དྲང་ན་མཁས་པར་འགྱུར་ལ་མི་གཞི་བརྟན་ན་གྲུབ་ཐོབ་འོང་བ་ལྟ་བུ་ནང་བཅུད་ཀྱི་གཉུག་མའི་གནས་ལུགས་ཀྱིས། བརྟན་གཡོའི་ཆོས་རྣམས་ཀུན་གྱི་ངོ་བོ་འདྲ་བདེན་དྲང་གསུམ་ཡིན་པ་གསལ་པོར་བསྟན་ལ། དེ་ཉིད་མ་བཅོས་གདོད་ནས་གྲུབ་ཅིང་རྒྱུ་དང་རྐྱེན་གྱིས་སྒྱུར་དུ་མེད་པའི་ཆོས་ཅན་ཡིན་གཤིས། ལས་གང་ཞིག་བྱེད་ཀྱང་སྐྱེ་བོའི་སྒོ་གསུམ་གྱིས་བརྟན་གཡོའི་ཆོས་ཉིད་ལ་ཕར་བསྟུན་དགོས་པ་ལས་བརྟན་གཡོའི་ཆོས་ཉིད་ཀྱིས་ཚུར་སྟུན་འོང་བ་ཞིག་གཤིས་ལ་མི་སྲིད་དེ། ཇི་སྐད་དུ《དཀོན་བརྩེགས་ཀྱི་མདོ》ལས། “རིགས་ཀྱི་བུ། ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་སོ། །གལ་ཏེ་ནུས་པར་གྱུར་ན། དེ་བཞིན་གཤེགས་པ་རེ་རེའི་དགོངས་པ་དེ་སྨོན་ལམ་གྱི་དབང་གིས་ཇི་ལྟར་མི་འགྲུབ་སྟེ། རྣམ་གྲངས་འདིས་ནི་སྨོན་ལམ་གྱི་དབང་གིས་བསྒྱུར་བར་མི་ནུས་པར་རིགས་པར་བྱའོ”[10]ཞེས་འབྱུང་བ་ལྟར་ལགས་སོ། །


གནད་འདི་ཤེས་ན། འཚོ་བའི་ཟབ་རྒུའི་མན་ངག་ནི། བདག་ཅག་གི་སློབ་ཆེན་སློབ་གསོའི་ཕྱི་ནང་བར་གསུམ་ན་ཐལ་རླུང་དུད་སྤྲིན་ལྟར་འཁྲིགས་བཞིན་པའི་ཤོག་ཁ་ཤོག་ཞེན་དང་ཁ་དྲང་ཞེ་འཁྱོག །ངན་པ་ཁོག་བཅུག །མི་བདེན་རྫུན་སྒྲིག །ཚུལ་འཆོས་གསོག་གསོབ། ལྟོས་མེད་ལུགས་འགལ་གྱི་བྱ་བྱེད་ལས་གསུམ་དང་། དགེ་བཤེས་པོ་ཏོ་བས། “རླུང་གིས་འཁྱེར་བའི་ངེད་ཅག་བོད་འདི”[11]གསུངས་པ་ལྟར་ཤེས་པ་སྐད་ཅིག་མའི་ཡུན་ལའང་འགྱུར་ལུགས་བརྒྱ་དང་གཡོ་ལུགས་སྟོང་གི་སྒྱུ་མའི་ལྟད་མོ་ཅི་དགར་བསྟན་ཏེ་མདའ་ལྔའི་དབང་ཕྱུག་ལའང་སྐྱེངས་པ་ཀུན་ནས་སྟེར་བའི་ཟོལ་སྦྱོར་སྒྱུ་མའི་གཤིས་ལུགས་དེ་རིགས་མ་ཡིན་པར། སྒོ་གསུམ་གཟུར་གནས་དྲང་བརྟན་གྱི་དམ་པའི་བརྟུལ་ཞུགས་ལ་གནས་རྒྱུ་དེ་རང་ཡིན་ལུགས་ངེས་རྙེད་ཁུངས་འཕེར་གྱི་སྒོ་ནས་སྒྲུབ་ནུས་པར་མ་ཟད། དྲང་པོས་གཞུང་བསྲངས་ན། སྒོ་ངས་རྟ་ཁྱོགས་ཟེར་བ་ལྟར་ཕྱི་དགྲ་ནང་བགེགས་མི་མངོན་དབྱིངས་སུ་བསྐྲད་ནས་བློ་འདས་བརྗོད་བྲལ་གྱི་མཚར་འབྲས་བརྒྱ་ཚོགས་ལེན་པའི་ཉེར་སྡོག་ཀྱང་གཟུར་གནས་དྲང་བརྟན་གྱི་མི་གཞི་བཟང་པོའི་དགེ་བོགས་ཡིན་ལུགས་འཚོ་བའི་ལག་ལེན་ལས་དངོས་ར་གསལ་འཕྲོད་བྱུང་དང་འབྱུང་བཞིན་པ་འདིའོ། །


དེ་ལྟ་བས་ན། ཚེ་ལ་སྙིང་པོ་ལེན་འདོད་ཀྱི་སློབ་གྲོགས་རབ་འབྲིང་རྣམས་ཀྱིས། ཇི་ལྟར་སོ་ཁི་ར་ཐེས[12]བདེན་གྱི་དམ་བཅའ་དང་དམ་པའི་བཟང་སྤྱོད་ནང་ཁོང་གི་སྲོག་ལས་ཀྱང་གཅེས་པར་གཟུང་ཆེད་རང་སྲོག་དམར་པོ་དུག་ཕོར་གང་ལ་བརྗེ་ལེན་གནང་བ་དང་། སཱར་ཝེ་ཐིས[13]དྲང་པོའི་བརྒལ་བརྟག་དང་བདེན་པའི་གསར་རྙེད་ཀྱི་ལྟ་དགོངས་ས་ལ་མི་སྲེ་ཆེད་རང་ལུས་འདོམ་གང་མེ་ལྷའི་ཞལ་དུ་ལེགས་འབུལ་གནང་བ། པི་རུའུ་ནོ[14]ཡིས་དྲང་པོའི་དཔྱོད་ལུགས་དང་བདེན་པའི་ལྟ་དགོངས་གླིང་བཞིའི་ཁྱོན་ལ་བསྒྲག་ཕྱིར་རང་ལུས་རིན་ཆེན་མཆོད་པའི་གླུད་དུ་བཏང་བ་ལྟ་བུའི་བྱང་སེམས་འཕགས་པའི་དཀའ་སྤྱོད་དེ་ཚོ་ཡུལ་དུས་ཁམས་མོས་ཀྱི་དབང་གིས་འཇོན་སྐབས་ཤིན་ཏུ་ཕྲ་ནའང་། ཇི་སྐད་དུ《བཏམས་ཤིང་བསྟན་པའི་མདོ》ལས། “གཞུང་དྲང་པོས་ཟུང་ལ། ཡན་ལག་མ་ནོར་བར་སྒྲུབོ”ཞེས་པ་དང་། “ཉེས་པ་ཡོན་པོ་བྱེད་བྱེད་དེ། གསོན་པ་བས། དྲང་པོ་སྙོམས་པ་བྱེདེ་ཤི་ཡང་བླ་བ་ཚམ་དུ་སྲན་གཟུགས་དགོས་སོ། །ཕྱི་བྱད་བཟང་ཞིང་ཁ་དྲང་ལ་སྙིང་ཡོ་དང་ཁོང་གསོབ་དུ་འདུག་པར་མ་བྱེད་ཅིག”[15]ཅེས་པ་དང་། “ཕོ་ལྟོགས་ཀྱང་ཁྱུང་རུ་དེང་ངེ་བྱ་དགོས”ཞེས་པའི་ཡབ་མེས་དམ་པ་རྣམས་ཀྱི་གནམ་ཐིག་ས་ལ་འདེབས་ལུགས་དེ་རིགས་བསླབ་པ་ལེན་པའི་རྟེན་དུ་ཅི་ནས་ཀྱང་གཟུང་དགོས་ཏེ། སློབ་ཆེན་སློབ་མ་རྣམས་ཀྱི་ཐོག་མའི་འགེལ་ཕོག་འཁྲི་ལས་ནི། ཉེ་སྙོམས་དྲང་གཞག་གི་རིག་པའི་སྐྱ་བར་ནས་རིག་གནས་ཤེས་བྱ་དང་བདེན་པའི་གནས་ལུགས་འཚོལ་བ་དེ་ཡིན་པའི་ཕྱིར་རོ། །


ལེགས་ཉེས་རྣམ་འབྱེད་ཀྱི་བློ་གྲོས་ནི། དུད་ནས་འགྲོ་བ་རྐང་བཞི་ཕྱུགས་ཀྱི་རྣམ་སྲོལ་དང་མི་མཚུངས་པར[16]དཔྱོད་ཤེས་ཀྱི་ལམ་ནས་མི་ཚེའི་འདུན་མ་དོན་དུ་གཉེར་བའི་སེམས་ཅན་རྐང་གཉིས་པ་རྣམས་ཀྱི་བློ་གྲོས་ཏེ། གོ་ཐོབ་བྱས་ན། གཟུར་གནས་དྲང་བརྟན་གྱི་མི་གཤིས་ཀྱི་རང་འབྱོར་དེ་ཉིད་རིས་སུ་མ་བོར་བའི་ཉེར་སྡོག་ལ་བརྟེན་ནས། སློབ་ཆེན་སློབ་མ་རྣམས་ཀྱིས་བསླབ་པ་སློབ་གཉེར་དང་སྤྱི་ཚོགས་གནས་བབ། དཔལ་འབྱོར་འཚོ་བ། ཆོས་ལུགས་དད་མོས། གོང་ཐང་ལྟ་བ། སྲིད་ཀྱི་ལང་ཕྱོགས་སོགས་ཕྱོགས་རྣམ་ཀུན་ནས་བླུན་པོ་ཆུ་སྣ་གར་འཁྲིད་ཀྱི་རྣམ་ཐར་མི་འཁྲབ་པར་རང་དབང་རང་ཚུགས་དང་བདག་དཔྱོད་བདག་འཇུག་གི་བགྱི་བ་ཉེ་བར་བརྩམས་ཏེ་རང་ཁ་རང་གིས་འདྲེན་རྒྱུར་མ་ཟད། བརྟན་རླིང་ལྗིད་གསུམ་གྱི་ལམ་ནས་རིགས་ཀྱི་འཚོ་གནས་ཀྱི་ཐར་ལམ་འཚོལ་བའི་ཉེར་སྡོག་གཙོ་བོའང་ཡིན་སྟབས། ཧ་ཝུར་སློབ་ཆེན་གྱི་སློབ་སྤྱི་གང་དེས། “སློབ་གསོ་ནི་མཐར་གཏུགས་ན་གཞན་གྱིས་ངེས་མེད་བྱུང་རྒྱལ་དུ་སྨྲ་བ་ལ་སྤང་བླང་འདོར་ལེན་ཡང་དག་བྱེད་ནུས་ཀྱི་རྣམ་དཔྱོད་སྐྱེད་སྲིང་བ་དེ་ཡིན”གསུངས་པ་ལྟར། སུ་དང་གང་གིས་སློབ་ཆེན་སློབ་གསོ་ཆེད་དམིགས་ཀྱིས་དོན་དུ་གཉེར་བའི་དམིགས་རྩེ་ནི། ཆོས་རབ་ཏུ་རྣམ་འབྱེད་ཀྱི་འདུ་སྒོ་དམིགས་བསལ་བ་དེ་ཉིད་རྒྱུད་ལ་ཡང་དག་ཏུ་འབྱོར་བའི་མི་བཟང་པོ་ཞིག་ཨེ་ཡོང་ལ་གཞོལ་རྒྱུ་དེ་རང་སྟེ། ཡུལ་ལུང་འདིའི་སྲོལ་རྒྱུན་གྱི་དཔེ་ཀློག་ལྟ་སྦྱོང་ལ་མཚོན་ནའང་། ཆོས་རྣ་བས་ཉན་སྐབས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞིང་། དོན་ཡིད་ལ་སེམས་སྐབས་ཚིག་ལ་མི་རྟོན་དོན་ལ་རྟོན་པ། དོན་གཏན་ལ་འབེབས་སྐབས་དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ། དེ་ཡང་ཡང་སྒོམ་སྐབས་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་དགོས་པའི་གདམས་ངག་ཕྱོད་ཅན་ཞིག་བསྟན་འདུག་པའང་དོན་དེ་ལས་མ་འདས་སོ། །


ཇི་སྐད་དུ་རྗེ་ཙོང་ཁ་བས《དྲང་ངེས་ལེགས་བཤད》ལས། “དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང་། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཞིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས་པས། མཐར་གཏུགས་ན་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་ཏེ། རིགས་པ་དང་འགལ་བའི་གྲུབ་མཐའ་ཁས་ལེན་ན་སྨྲ་བ་པོ་ཚད་མའི་སྐྱེས་བུར་མི་རུང་བའི་ཕྱིར”[17]གསུངས་པ་ལྟར། དེ་ལྟ་བུའི་ལེགས་ཉེས་ཤན་འབྱེད་ཀྱི་རྟོགས་པའི་འདུ་སྒོ་དེའང་། དོགས་སློང་དགག་སྒྲུབ་དང་གསར་རྟོགས་གསར་རྙེད་སོགས་ཀྱིས་ཞབས་ནས་བཏེགས་པའི་རྒྱུ་འབྲས་བློ་མིག་གི་མཐུ་སྟོབས་ནུས་རྩལ་ལ་བརྟེན་ནས་སྐྱེ་འོང་བ་ཞིག་ཡིན་པ་ལས། དྲང་ལྡོག་ལེགས་ཉེས་དང་སྤང་བླང་འཇོག་ལེན་གྱི་ངོ་ཙམ་ཡང་མི་ཤེས་པར་བསྟན་ཞེན་ལ་རྒྱ་ཆེ་མདོག་དང་དད་པ་དག་སྣང་ཡོད་མདོག །མཁས་པའི་ཏོག་རྩེ་ཡིན་མདོག །ཆོས་ཀྱི་རྟོགས་པ་མཐོ་མདོག་ཙམ་གྱིས་འོང་ཐབས་མེད་པ་ཡུལ་ལུང་འདིའི་སློབ་ཆེན་སློབ་གསོའི་བླ་འོག་གཉིས་ན་དྲེགས་ཉམས་ཆེ་ཚུགས་ཀྱིས་འགྱིང་བའི“ཨང་དང་པོ”རྣམས་ཀྱི་དགོངས་པ་བཞེས་ལུགས་དང་མཛད་པ་སྐྱོང་ལུགས་ཀྱིས་མིག་མཐོང་གཟུགས་གྲུབ་ཏུ་གསལ་སྟོན་གནང་དང་གནང་བཞིན་པ་འདི་རེད།


དེ་ལྟ་བས་ན། སློབ་ཆེན་སློབ་མ་མཚན་ཉིད་པ་རྣམས་ཀྱིས། རང་ཉིད་ཚུགས་མེད་གསོབ་གཟུགས་དང་མདོ་མེད་བྱབ་ཆུང་དུ་མི་གཏོང་བར་བསམ་བློ་ལྟ་བའི་ཕྱོགས་ནས་རང་ཉིད་རང་གིས་མཐོང་ཞིང་རང་ཉིད་རང་ལ་དབང་བའི་སེམས་ཅན་སྨྲ་ཤེས་དོན་གོ་ཅན་དུ་སྒྱུར་བའི་ཉེར་སྡོག་ལ་བརྟེན་ནས། ལྗོངས་འདིའི་ས་འོག་ས་བླ་ས་སྟེང་གསུམ་ན་ལང་ལོང་དང་ཕང་ཕུང་དུ་འཕྱུར་བཞིན་པའི་རྨོངས་ཞེན་ཨ་འཐས་དང་ངོ་འཛིན་ཕྱོགས་སྐྱོར། ཉེ་རྒྱང་ཕྱོགས་ལྷུང་། ཡོ་འཁྱོག་ཕྱོགས་འཕུལ་གྱི་རིག་གནས་དཔྱོད་འཇུག་དང་འཁོར་བའི་འཇུག་ལྡོག །འཚོ་བའི་སྤོང་ལེན་གྱི་ཐལ་རླུང་དུད་སྤྲིན་རྣམས་མཚོ་ལ་བབས་པའི་ཁ་བ་ལྟར་མི་མངོན་དབྱིངས་སུ་བསྐྲད་ནས། རྒན་དར་གཞོན་གསུམ་གྱི་ལུས་ངག་ཡིད་གསུམ་ལེགས་ཉེས་བདེན་རྫུན་དང་བཟང་ངན་དྲང་ལྡོག་གི་སྤང་བླང་འཇོག་ལེན་ལ་འདྲིས་ཆ་ཆེ་བའི་རྒྱུ་འབྲས་བློ་མིག་གི་ལམ་པོ་ཆེར་ཡུན་གྱིས་ཁྲིད་དེ། སཱ་ལའི་ལྗོངས་ཀྱི་འཁོར་བའི་ཕྱི་ནང་བར་གསུམ་ཡང་དག་པའི་འཕེལ་སྐྱེད་ཀྱི་ལམ་པོ་ཆེར་སྟབས་གཅིག་ཏུ་གཟུད་ཕྱིར། གསེར་ལས་བྲིན་པའི་བསླབ་པ་སློབ་གཉེར་གྱི་དུས་ཚོད་རིན་ཆེན་དེ་ཉིད་མཁས་འདོད་གྲགས་འདོད་ཀྱི་དཔེ་ཀློག་སྐྱོར་སྦྱོང་དང་ཟོག་རྫུན་སྣང་འུར་གྱི་ངག་སྒྲོས་ཐན་ཐུན། ཤེས་བྱའི་གྲངས་འདྲེན་གྱི་ཐོས་བསམ་ཉི་ཚེ་བ་སོགས་ཀྱི་ངན་ཞེན་ཐལ་རླུང་ལ་མི་བསྐུར་བར། བསླབ་པར་བྱ་བའི་གནས་སམ་འཇུག་པར་བྱ་བའི་ཡུལ་གང་ཞིག་ལ་དུས་སྟུན་སྤོང་ལེན་འཛོལ་མེད་དུ་གྱུར་པའི་རང་དབང་གི་དགོངས་དཔྱད་རྨ་མེད་གནང་ནུས་ཀྱི་རྣམ་སྲོལ་ལེགས་པོའི་རྗེས་སུ་འབྲང་ཅི་ཐུབ་བྱས་ཏེ། སྐྱེ་བོ་རང་ལྡོག་གི་དཔྱད་སྟོབས་ཀྱིས་དྲངས་པའི་རིག་གནས་བསམ་བློ་ལྟ་བའི་རྙེད་པ་ཅི་ཡོད། རིགས་ཀྱི་འཁོར་བའི་འཕེལ་སྐྱེད་ཆེན་པོ་འགབ་ནས་སྐྱོར་ནུས་ཀྱི་མཐུ་སྟོབས་ནུས་རྩལ་བརྟན་བརྗིད་དྲང་གསུམ་ཅན་དུ་བསྒྱུར་དགོས་སོ། །


གཉིས་པ། ལམ་གྱི་གོལ་ས།


དེ་སྐད་དུ《སྡོམ་འབྱུང》ལས། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་དང་མ་བསྡམས་རྣམ་གཡེང་ཅན། །མ་རུང་རྨོངས་པ་སྙོམ་ལས་ཅན། །གཞན་གྱི་སྲོག་ལ་བརྩེ་བ་བྲལ། །ཕ་རོལ་རྫས་ལ་མངོན་པར་ཞེན། །བླ་མས་རྟག་ཏུ་སྤང་བར་བྱ། །ཞེས་དང་། 《རིམ་ལྔ》ལས། བླ་མ་ལ་བརྙས་སྒྱུ་ཅན་དད་པ་མེད། །སྔགས་ཀྱིས་རློམ་ཞིང་གླེགས་བམ་མཐོང་བས་ཁེངས། །དད་པ་མེད་དང་དབང་སྐུར་དམན་པ་ལ། །གདམས་པའི་རིམ་པའང་དེ་ལ་བརྗོད་མི་བྱ། །གསུངས་པ་ལྟར་སྔ་རབས་ད་འབྱུང་གང་ལ་མཚོན་ནའང་། མཚན་ཉིད་ཡོངས་ཚང་གི་སློབ་མ་སྐལ་བཟང་འདུན་ལེགས་གངས་རིའི་རྒྱན་གྱུར་གྲངས་མེད་རྒྱུ་སྐར་འཛུམ་པའི་གཟི་ཡིས་བྱོན་མྱོང་ཡོད་པ་ལས་གཞན། རང་ཉིད་ཀྱི་བླ་ཚེ་སྲོག་གསུམ་མི་གཞི་ངན་པའི་ཟོལ་སྦྱོར་སྲེ་ལྷད་ཀྱིས་ཁམ་དུ་ཟ་ལ་ཇི་མི་སྙམ་པའི་སློབ་གཉེར་བ་གཡས་ཆུང་གི་གྲལ་ལ་བཞུགས་མཁན་གྲངས་མེད་ཅིག་ཀྱང་ཐ་བ་སྐྱ་ཆགས་སྟེང་དུ་འཇག་སྐྱའི་ཕོན་པོ་འཕྱུར་ལྟར་ཐོན་མྱོང་ཡོད་པ་དེ་ལྟར། ད་ལྟའི་འོ་སྐོལ་སློབ་ཆེན་སློབ་གསོའི་ཕྱི་ནང་བར་གསུམ་ནའང་དེ་དང་དེ་ལྟ་བུའི་བསླབ་པ་སློབ་གཉེར་གྱི་འགལ་རྐྱེན་ཞད་སྐྱོན་ཡོད་རྒུ་འབད་མེད་ལྷུན་གྲུབ་ཀྱིས་བདག་ཏུ་ཉར་མཁན་སློབ་ཆེན་སློབ་མ་ཉི་ཚེ་བ་གྲངས་མེད་ཆར་ཤུལ་གྱི་རྩྭ་ལྡུམ་ལྟར་འཕྱུར་ཡོང་ནས། ཡ་རབས་ཤིན་སྦྱངས་ཀྱི་སློབ་གཉེར་པདྨོའི་དགའ་ཚལ་ཡོངས་རྫོགས་ཁམ་དུ་ཟ་ཉེན་བྱེད་བཞིན་པ་འདི་ལགས་གཤིས། ཁྲེལ་ཡོད་ངོ་ཚའི་ཀ་ཤི་རས་དཀར་གྱོན་མཁན་སློབ་གྲོགས་ཟོ་བཟང་འདུན་ཡག་རྣམས་ཀྱིས་ཅི་ནས་ཀྱང་གཟབ་པར་བྱ་བ་ཉིད་དོ། །


བདག་ཉིད་བག་མེད་འཆལ་སྤྱོད་ཀྱི་འདམ་མྱག་ཏུ་བྱིང་ནས་བླ་ཚེ་སྲོག་གསུམ་མི་གཙང་ལྗན་ལྗིན་གྱི་དབུས་སུ་གཡུགས་འདུག་མཁན་སློབ་ཆེན་སློབ་མ་ཉི་ཚེ་བ་རྣམས་ཀྱི་ཀུན་གཞིའི་རྣམ་ཤེས་ཀྱི་ཕྱི་ནང་ཐམས་ཅད། དང་པོ་ཉིད་ནས་མ་རིག་རྨོངས་པའི་མུན་སྟུག་གི་སྒྲིབ་གཡོགས་ཆེན་པོས་ཕྱི་ནང་མེད་པར་ཡོངས་སུ་དཀྲིས་ཡོད་ཕྱིར། སློབ་འཁྲིད་ཡོད་རྒུའི་སྦྱོར་དངོས་མཇུག་གསུམ་གང་དུའང་། རྣམ་ཤེས་ཉོན་མོངས་ཀྱི་མངལ་སྦུབས་ལས་གྲོལ་སྐབས་མེད་ལ། ལུས་སེམས་གཉིད་རྨུགས་ཀྱི་མུན་པ་ལས་སངས་དུས་མེད་པས། བཟང་པོའི་སེམས་དགུ[18]སྔོན་དུ་བཏང་ནས་ཉན་སྐབས་ཕལ་ཆེར་ཡོད་མི་སྲིད་ལ། བརྒྱ་ལ་སད་ནས་སངས་སྐབས་ཐེངས་ཤིག་བྱུང་ནའང་། ལུས་ངག་ཡིད་གསུམ་དང་ཁ་ལག་སྤྱོད་གསུམ་ཟ་བདེ་འཐུང་སྐྱིད་ལ་བསྐོར་ནས་འདུག་རྒྱུ་ལས་དོན་དུ་གཉེར་བྱ་ཅི་ཡང་མེད་གཤིས། སློབ་འཁྲིད་དཔྱད་འཇོག་གམ་གཏམ་གླེང་བསླབ་སྟོན་གང་གི་སྐབས་སུའང་། མིག་ཟུང་ཁ་པར་གྱི་ལྟད་མོ་ལས་སྡུད་དུས་མེད་ལ། ངག་སྒོ་ལྡབ་ལྡིབ་ཀྱི་རྣ་ཤུབ་ལས་ལྡོག་དུས་མེད། ཁ་ལག་ཁྱེའུ་སུད[19]ཀྱི་རོ་རེག་དང་འབྲལ་དུས་མེད་པས་མཚོན། དང་པོ་ཉིད་ནས། རྣ་བ་མི་གཏོད་ཁ་སྦུབ་ལྟ་བུའི་སྐྱོན། ཡིད་ལ་མི་འཛིན་ཞབས་རྡོལ་ལྟ་བུའི་སྐྱོན། ཉོན་མོངས་མངས་པ་དུག་ཅན་ལྟ་བུའི་སྐྱོན། ཀུན་སློང་མི་དག་འཕྲེད་ཉལ་ལྟ་བུའི་སྐྱོན། ཚིག་གིས་རྒྱགས་པ་སྣོད་ངན་བཀང་འདྲའི་སྐྱོན་ཏེ། སྣོད་ཀྱི་ཞད་སྐྱོན་རྣམ་གསུམ་མམ་རྣམ་བཞི་རྣམ་ལྔ་རྣམ་དྲུག[20]རྣམས་དང་། སྣོད་ཀྱི་དྲི་མ་ཆེ་དྲུག་ལ་སོགས་པའི་སྣོད་སྐྱོན་རྣམས་སུ་མ་ཟད། ཕག་བཞིན་ཇི་རྙེད་ཟ་བས་སྒྲུབ་མི་ནུས། །རང་མཐོང་རྨ་བྱ་འདྲ་བས་འགྲོག་མི་ཤེས། །ཆིག་ཚུགས་ཕ་བོང་འདྲ་བས་སྐབས་མི་ཕྱེད། །ཀུན་འཛུགས་གཟེ་མ་འདྲ་བས་དམ་མི་ཐུབ། །སྦྲུལ་བཞིན་གདུག་རྩུབ་ཆེ་བས་རྒྱུད་མི་ཐུལ། །སྤྲེལ་བཞིན་སྤྱམ་ལ་འབྱོར་བས་སྒྲུབ་མི་ཚུགས། །གླང་བཞིན་ཤེས་རབ་བླུན་པས་ཆོས་མི་གོ །[21]གསུངས་པའི་ཤེས་བྱ་ཡོན་ཏན་དང་རིང་དུ་འགྲོ་བྱེད་གཤིས་སྐྱོན་རྣམ་དྲུག་ལ་སོགས་པའི་འགལ་རྐྱེན་ཡོད་རྒུ་མ་བགོས་རང་ཆས་ཀྱིས་བདག་གིར་བཟུང་ཡོད་གཤིས། དགེ་རྒན་རྣམ་པས་གང་ཁྲིད་གང་བསླབས་ཐམས་ཅད་སྤྱང་ཀིའི་རྣ་ལ་ཆོས་བཤད་དང་བོང་བུའི་རྣ་བར་གསེར་བླུག་དངོས་ཡིན་ལ། ཐ་ན་ཚོགས་ཐུན་གཅིག་གི་ཡུན་ལའང་ལུས་སེམས་གཉི་ག་ཉིན་གཅིག་ལོ་སྣང་གི་སྐྱོ་སུན་ཆེན་པོས་ཀུན་ནས་མནར་ཏེ། སློབ་འཁྲིད་ཀྱིས་བཅད་པའི་དུས་ཆད་ལྕི་མོ་སེམས་ཀྱིས་འཁུར་མ་བཟོད་པ་ན། ཚིག་པ་གཡག་ལ་ཟོས་ནས་རྡོག་རྒྱག་ལུག་ལ་བཟེད་པའི་བརྟུལ་ཞུགས་ཀྱང་ནར་མར་སྤྱད་དེ་དགེ་རྒན་རྣམ་པར་བློ་ལོག་རྒྱབ་གཏོད་བྱེད་པར་མ་ཟད། འཛིན་གྲྭ་ནང་ཁུལ་དུའང་གནས་གཞིའི་སྡེ་འཁྲུག་གི་སྣ་སུན་ཅི་རིགས་བྱེད་པ་མཚམས་མཚམས་ལ་མཐོང་ཞིང་ཐོས་སུ་ཡོད་པ་ལྟར་རོ། །


སློབ་ཆེན་སློབ་མ་ཉི་ཚེ་བ་དེ་རིགས་ཀྱིས་ནམ་རྒྱུན་ལྟ་ཤེས་པ་མུ་འབྲེལ་བརྙན་འཕྲིན་དང་། འགྲོ་ཤེས་པ་ཇ་ཁང་ཆང་ཁང་། རྐྱལ་ཤེས་པ་བདུད་རྩིའི་རྒྱ་མཚོ། སེམས་ཤེས་པ་ཆགས་སྲེད་འཁྲིག་གསུམ། དཔྱོད་ཤེས་པ་འདོད་པའི་སྒྱུ་རྩལ། གླེང་ཤེས་པ་པགས་པའི་འཇམ་རྩུབ། རྩེ་ཤེས་པ་ཁ་པར་རྩེད་མོ། རྒྱག་ཤེས་པ་ཟ་སྐད་འཐུང་སྐད། འཁྲབ་ཤེས་པ་ངོ་དགའ་སྤྲེལ་ལད། རྩོད་ཤེས་པ་གཟིགས་བཟོས་བྱ་དགའ་ལས་མེད་གཤིས། ཡང་ལྕི་རྒྱ་མར་འདེགས་ཤིང་མང་ཉུང་བྲེ་ལ་འཇལ་བའི་རྒྱུན་སྲོལ་གྱི་ཡིག་ཚད་རྒྱུགས་ལེན་དག་ལ་ཐུག་འོང་བའི་མོད་ལ། དགེ་རྒན་རྣམ་པས་རྒྱུགས་གཞིའི་མཚམས་ཚིགས་གང་ཞིག་ཡིན་མིན་དང་། དྲི་བའི་རྣམ་པ་གང་དག་ཡོད་མེད། ལན་གྱི་འདེབས་ལུགས་ཇི་ལྟར་ཡིན་མིན་སོགས་ཀྱི་གོ་བཤད་གསེད་འགྲོལ་ལྷུས་ཐིངས་གནད་འཁེལ་རེ་མ་བྱས་ཚེ། དཀར་དཀར་ཤོག་བུའི་སྟེང་ལ་ནག་ནག་ཨ་གསལ་ཨོཾ་དག་ཅིག་ཀྱང་མི་ཕྲིས་པར་ལག་ཟད་དཔུང་ཐུག་ཏུ་གྱུར་ནས། སྐྱུར་མོ་ཟོས་པའི་ཁ་དང་ཚོང་ཁེ་ཤོར་བའི་གདོང་ལྟ་ཉན་མེད་པ་དེ་མི་ལ་འཛེམ་མེད་དུ་བསྟན་ནས་སྡོད་རྒྱུ་ལས་ཅི་ཡང་བྱར་མེད་ལ། ཡུན་ཐུང་དུས་བཅད་ཀྱིས་དབང་མེད་དུ་དེད་འོངས་པ་ན། ཇི་མི་སྙམ་པར་གདོང་པ་གཡག་ཀོ་མཐུག་པོས་གཡོགས་ནས་ཆུ་བྱའི་མགྲིན་པ་དཀྱོག་ལུགས་དང་རྒན་མོ་ལོང་བའི་ལྟ་ལུགས། སྤྱང་ལྟོགས་གཟན་ལ་གོག་ལུགས། བྱི་ལ་བྱི་བར་འཇབ་ལུགས་ཀྱི་བརྟུལ་ཞུགས་འཛེམ་མེད་དུ་སྤྱད་དེ་མ་བྱིན་ལེན་པོའི་རྣམ་ཐར་གཟུགས་ཅན་དུ་འཁྲབ་འོང་ངོ་། །


ཕོ་ཁྱོ་ག་ཞིག་ལ་མཚོན་ན། དེ་ལྟ་བུའི་འ་ཟད་འུ་ཐུག་གི་རྣམ་འགྱུར་གཅིག་པུས་ཀྱང་། མི་བུ་རང་ཉིད་ཀྱི་གོང་ཐང་དང་རྩིས་ཐང་རྣམས་ཐལ་བ་རླུང་སྐུར་དུ་བཏང་ནས་འཁོས་ཞན་བྱབ་ཆུང་གི་གྲལ་དུ་ཅམ་གྱིས་གཡུགས་འགྲོ་བའང་ཆོས་ཉིད་དོ། །


དེ་སྐད་དུ། བྱས་པ་མེད་པར་ཕན་འདོགས་འོང་དུ་རེ། །དཀའ་བ་མ་སྤྱད་སྐྱིད་པོ་འོང་དུ་རེ། །སྒྲུབ་པ་མེད་པར་དངོས་གྲུབ་འཐོབ་ཏུ་རེ། །མི་ཆོས་མ་བོར་ལྷ་ཆོས་འོང་དུ་རེ། །ཉམས་སུ་མ་བླངས་བཤད་རིངས་གཞན་ཕན་རེ། །ཅུང་ཟད་བསྒྲུབས་ལ་བསྙེན་བཀུར་འོང་དུ་རེ། །[22]གསུངས་པའི་ངན་པའི་རེ་བ་རྣམ་དྲུག་ལྟ་བུའི་ཀུན་སློང་མ་དག་པ་ཅི་རིགས་བྱང་ཁོག་སྟོད་དུ་ཉར་བའི་སློབ་ཆེན་སློབ་མ་ཉི་ཚེ་བ་རྣམས་ཀྱི་བླ་ཚེ་སྲོག་གསུམ། ཉིན་ཞག་འཁོར་མོ་ཡུག་ཏུ་བག་མེད་གཡེང་བའི་ཚོང་འདུས་ཀྱི་ལྟད་མོར་ཆགས་ནས་ཕྱིར་ལྡོག་རེ་མེད་གཤིས། དུས་ཀྱི་ཐོག་མཐའ་བར་གསུམ་གང་དུའང་། སློབ་ཁང་བཙོན་ཁང་དུ་མཐོང་ཞིང་དཔེ་ཁང་ཁྲིམས་ཁང་དུ་རྩི་ལ། དགེ་རྒན་གདོན་རྒན་དུ་ལྟ་ཞིང་དཔེ་དེབ་གདོས་ཐག་ཏུ་སེམས་པས་མཚོན། མི་ལོ་དུ་མའི་བསླབ་པ་སློབ་གཉེར་གྱི་དུས་ཚོད་རིན་ཆེན་བག་མེད་སྒྱིད་ལུག་གི་རྐང་འོག་ཏུ་བརྫིས་ནས་དོན་མེད་དོན་ཆུང་གི་ངང་ལ་ཆུད་འཛའ་བར་བྱས་སྟབས། རིག་གསར་གཞུང་གསར་དག་ལ་གོ་རིག་མྱོང་གསུམ་མེད་པར་ལྟ་རྒྱ་ཁབ་མིག་ལས་དོག་པ་ལ་ཁའི་ཕྱུགས་རྫི་ལྟ་བུ། ཕྱི་སྐད་ཕྱི་ཡིག་ལ་སྦྱངས་བརྩོན་མེད་པར་མཐོང་རྒྱ་ཨ་ལོང་ལས་ཆུངས་པ་གོ་ཁའི་རྒན་མོ་ལྟ་བུ། ཆེད་ལས་ཁ་ཕྱོགས་ལ་རྟོག་དཔྱོད་ཞིབ་འཇུག་མེད་པར་ཐོས་རྒྱ་དར་སྐུད་ལས་ཕྲ་བ་གྲོང་གི་རྒན་པོ་ལྟ་བུ། གཏམ་ཡིག་རྩིས་གསུམ་ལ་སྦྱོང་རྡར་མེད་པར་ལག་གིས་ཤིག་སྲོ་མི་སོད་པ་གོ་ཁའི་བུ་ཆུང་ལྟ་བུར་གྱུར་ཡོད་པར་མ་ཟད། ཐ་ན་སུམ་རྟགས་དག་གསུམ་དང་བརྡ་སྤྲོད་སྙན་ངག་ཕྱོགས་ཀྱི་མ་མཐའི་རྒྱུན་ཤེས་ཙམ་ལའང་མ་ཤེས་མགོ་ཡུ་འཁོར་ནས། ལག་གིས“བཀའ་དྲིན་ཆེ་ཞུ”ལྟ་བུའི་གཏམ་ཚིག་ཅིག་ཀྱང་མི་ཕྲིས་པ་ས་རིས་ཐང་གསལ་ཡིན་བཞིན་དུ། གཞན་ཡིག་གཞན་སྐད་ལ་མཁས་མདོག་འཇོན་མདོག་གི་རྫིག་ཉམས་ཟོག་རྫུན་ནར་མར་བསྟན་འོང་མོད། ཁྱིས་ར་ཁལ་མི་ཐེག་པའི་ཆོས་ཉིད་ལ་འགྱུར་བ་ཅི་ཡང་ཡོད་མི་སྲིད་དོ། །


དེ་ཙམ་དུ་མ་ཟད། ཁོ་ཚོའི་ལ་ལ་ཞིག་གིས། མིའི་རིགས་རིག་པ་མིག་གིས་མཐོང་མྱོང་མེད་ལ། སྤྱི་ཚོགས་རིག་པ་རྣ་བས་གོ་མྱོང་མེད། མཚན་ཉིད་རིག་པ་ཡིད་ལ་དྲན་བསམ་མེད་ལ། ཆོས་ལུགས་རིག་པ་སྡང་བའི་དགྲ་ལའང་བསྒྱུར་ངེས། ཐ་ན། སོ་ཁི་ར་ཐེ་མི་ཞིག་ཡིན་ནམ་ཟོག་ཅིག་ཡིན་གཞི་ནས་ཧ་མི་གོ་ལ། མར་ཐིན་ལུ་སིར[23]བྱ་ཞིག་ཡིན་ནམ་བྱེའུ་ཞིག་ཡིན་ཁྱོན་ནས་ཆ་མི་འཚལ་གཤིས། འཇིག་རྟེན་ལུགས་ཀྱི་ཁྲོམ་ཆེན་ཟང་ཟིང་རྒོད་ས་ནས་དམུས་ལོང་འབྲོག་འཁྱམ་གྱི་སྐྱེ་བ་བཞེས་སྡོད་རྒྱུ་ལས་འོས་མེད།


ཁོ་ཚོར་ཟ་ཆོག་འཐུང་ཆོག་གི་དམིགས་བྱ་དུག་ཅན་དེ་ལས་དོན་དང་ལྡན་པའི་ཕུགས་བསམ་གྱི་སྤྲོས་པ་གང་ཡང་མ་མཆིས་པའི་དབང་གིས། དཀའ་སྤྱོད་སྡུག་རུས་སོགས་སློབ་ཆེན་སློབ་མ་ཞིག་ལ་འཛོམ་དགོས་ངེས་ཀྱི་བློ་གཤོག་དང་ཤེས་རྒྱ་ནམ་མཁའི་ཆུ་སྐྱེས་ཀྱི་དཔེ་དོན་ངོ་མར་སོང་ཡོད་སྟབས། ན་ན་ཆམ་ནད་ཙམ་ཡང་མི་ཁྱག་ལ། ཚ་ན་ཉི་ཟེར་ཙམ་ཡང་མི་བཟོད། གྲང་ན་ལྷགས་རླུང་ཙམ་ཡང་མི་ཐུབ། བཀྲེས་ན་ཐུན་གཅིག་ལའང་མི་སྲོན། སྐོམ་ན་ཡུད་ཅིག་ལའང་མི་སྡོད་པར་སྡུག་སྐད་དང་མུག་སྐད་གནམ་ས་གང་བ་རེ་བརྒྱབས་ནས་ཕ་མ་སྤུན་མཆེད་ཐམས་ཅད་སོས་མེད་དལ་མེད་དུ་གཏོང་ནའང་། “བཟའ་བཏུང་བགོ་ན་རང་བཞིན་ཆེ་བར་འདོད། །ཉོ་ཚོང་བྱེད་ན་རྒྱལ་ཁ་རང་ལ་འདོད། །གོས་གོན་ཚེ་ན་རང་དྲོ་འཇམ་པ་འདོད། །རང་འཆང་བཟང་ལ་གཞན་གཏོང་ངན་པར་འདོད། །ཞག་གཅིག་གནས་ལའང་རང་སྐྱིད་ས་ཕྱོགས་འདོད”[24]པ་གཤིས་སུ་གྲུབ་པས། སྤྱི་དོན་དོ་འཁུར་གྱི་འདུ་ཤེས་ཉིན་མོའི་རྨི་ལམ་དང་ཁབ་རྩེའི་ཡུངས་དཀར་དངོས་ཏེ། རང་གིས་རང་ལ་འགན་མི་ཁུར་བའི་མིས་གཞན་ལ་འགན་འཁུར་སྐབས་རྩ་བ་ནས་ཡོད་མི་སྲིད་པའི་ཕྱིར་རོ། །


དེ་ལྟ་བས་ན། མི་དེའི་རིགས་ཡུལ་དུས་གང་དུ་ཕྱིན་ནས་གཞུང་སྒེར་སུ་ལ་འཕྲད་ཀྱང་མི་ལ་མི་མཁོ། ཁྱི་ལ་མི་དགོས་པར་བདག་མེད་དུ་ལུས་འགྲོ་བ་དངོས་པོའི་གནས་ལུགས་རང་ག་བའོ། །


མདོར་ན། སློབ་ཆེན་གྱི་ཕྱི་ནང་བར་གསུམ་དང་འདས་མ་ད་གསུམ་བདག་པོ་མེད་པའི“རྩེད་འཇོའི་གླིང་གར”རྩི་བའི་སློབ་ཆེན་སློབ་མ་ཉི་ཚེ་བ་རྣམས། དེ་དང་དེ་ལྟ་བུའི་རིག་པ་ཅོལ་ཆུང་བྱིས་བློ་འཁྲུལ་སྣང་དྲི་ཅན་དེ་ལས་ཕར་འགོང་སྐབས་རྩ་བ་ནས་ཡོད་མི་སྲིད་གཤིས། མཐའ་མར་ཡར་གྱི་ཤ་རྗེས་མི་ཆོད། མར་གྱི་ཤེའུ་རྗེས་མི་ཟིན་པར་དགོས་མེད་བར་ཟོམ་དུ་ལུས་འགྲོ་བའང་རྒྱུ་ཡིས་བསྐྱེད་པའི་འབྲས་བུ་དངོས་སོ། །


གསུམ་པ། དངོས་ཀྱི་ཉམས་ལེན།


དེ་ལྟ་བས་ན། སློབ་ཆེན་སློབ་མའི་མཚན་ཉིད་ཡོངས་སུ་རྫོགས་པའམ་མྱུར་དུ་རྫོགས་འགྱུར་གྱི་སློབ་གྲོགས་གཟུར་གནས་དཀྱེལ་ཡངས་རྣམས་ཀྱིས། ཇི་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐའ་དང་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །གསུངས་པའི་མུ་དང་པོ་སྟེ་སྣང་བ་ནས་སྣང་བའི་མཐར་ཐུག་ཏུ་བགྲོད་ཆེད། གོང་དུ་སོང་ཟིན་པའི་ལམ་གྱི་གོལ་ས་དེ་དག་མཆིལ་སྣབས་ལྟར་རྒྱང་གྲགས་ཀྱི་ས་ལ་དོར་དགོས་པར་མ་ཟད། སྦྱངས་འབྲས་མི་ལོན་པའི་གེགས་བཞི་སྟེ། ལེགས་ཉེས་སྤོང་ལེན་གྱི་མིག་མ་ཕྱེ་བས་སྡིག་གྲོགས་བདུད་ལས་ཀྱི་དབང་དུ་སོང་ནས་དོན་མེད་དོན་ལོག་གིས་དུས་ཚོད་ཆུད་འཛའ་བ།[25] མི་ཚེའི་གོང་ཐང་གི་གནད་མ་རྟོགས་པས་དཔེ་ཀློག་ལྟ་སྦྱོང་གི་སྤྲོ་བ་ཉམས་ནས་ཤི་མིན་གསོན་མིན་དུ་སྡོད་པ།[26] སློབ་གསོ་དོན་གཉེར་གྱི་ཕུགས་མ་མཐོང་བས་གང་བསླབ་ཅི་སྦྱང་ལྟོ་འགྲང་འབའ་ཞིག་གི་དགོས་བྱེད་དུ་འདོད་པ། གངས་ཀྱི་ཕྱི་རོལ་ལ་འདྲིས་ཆུང་བས་འཛམ་གླིང་ཤེས་རིག་གི་ངོ་མ་ཟིན་པར་བདག་བསྟོད་གཞན་སྨོད་ཀྱི་འཕྱེན་གཏོང་བ་བཅས་ཀྱིས་མཚོན་པའི་མི་མཐུན་ཕྱོགས་རྣམས་ཀྱང་སྣབས་ཕྱིས་ཀྱི་ཤོག་ཧྲུལ་ལྟར་ཕྱག་དར་ཁྲོད་དུ་དོར་དགོས་པར་མ་ཟད། 《མངོན་རྟོགས་རྒྱན》སོགས་ལས་བསྟན་པའི་བདུད་ལས་ཞེ་དྲུག[27]དང་དེའི་ཆར་གཏོགས་ཀྱི་བར་གཅོད་མཐའ་དག་ཀྱང་དམིགས་མེད་ཀྱི་དབྱིངས་སུ་རྒྱས་བཏབ་རྗེས། རང་དོན་དང་གཉིས་དོན། རིགས་དོན་ཏེ་ཡིད་ལ་ཆེད་དུ་བྱ་བའི་མོས་པ་གསུམ་གྱི་རྒྱུད་སྐུལ་ལ་བརྟེན་ནས་མཐའ་མར་རིགས་དོན་ཁུར་འཁྱེར་གྱི་ཐེག་པ་འཁུར་བཟོད་དུ་བྱ་བའི་ལམ་ཆེན་དུ་རིམ་གྱིས་འཇུག་དགོས་སོ། །


དེ་ཡང་རང་དོན་མོས་པ་ཡིད་བྱེད་ནི། བསམ་པ་རིགས་དོན་དང་མ་བྲལ་བའི་སྒོ་ནས་བསླབ་པ་སློབ་གཉེར་ལ་གུས་རྒྱུན་སྦྱོར་བའི་བརྩོན་ཆེན་མུ་མེད་དུ་བསྐྱེད་དེ། སློབ་གཉེར་བ་རང་ཉིད་མ་མཐར་ཡང་དོགས་སློང་དཔྱོད་ཤེས་ཡོད་པའི་དཔེ་ཀློག་དང་། རང་དབང་རང་རྐྱ་འཕེར་བའི་བློ་དཔྱོད། གསར་རྟོགས་གསར་རྙེད་ནུས་པའི་དཔྱད་སྟོབས། དགག་སྒྲུབ་མཚོན་རྣོན་ཐོགས་པའི་འབྲི་རྩལ་ཏེ། སློབ་ཆེན་སློབ་མ་ཞིག་ལ་ཅིས་ཀྱང་འཛོམ་དགོས་ངེས་ཀྱི་རྩ་ཆོས་བཞི་པོར་དབང་འབྱོར་བའི་རྣམ་ཤེས་གསར་པའི་ཕོ་ཉ་དང་ཕོ་ཉ་མོའི་གཟུགས་སུ་མངོན་པར་བཞེངས་ནས། རང་དོན་རྟོགས་པ་ཕུན་ཚོགས་རྒྱུད་ལ་དོན་སྨིན་ལེགས་སོན་འོང་བར་བརྩོན་འདོད་ཀྱི་མོས་པ་ཡིད་བྱེད་ལ་གོ་སྟེ། རང་དོན་རྟོགས་པ་ཕུན་ཚོགས་སྔོན་དུ་མ་སོང་ན་གཞན་དོན་སྒྲུབ་པ་ཕུན་ཚོགས་ཁ་བཤད་ཆུ་ཡི་ཝུ་བར་འགྱུར་ངེས་པའི་ཕྱིར་རོ། །


དེ་ལྟ་བས་ན། ཇི་སྐད་དུ་དགེ་བཤེས་པོ་ཏོ་བས། “རང་ལ་ཕན་ན་བརྒྱུད་ནས་གཞན་ལ་ཡང་ཕན་པར་འགྱུར་ཏེ། རང་ལ་ནི་དངོས་སུ་ཕན་པ་ཡིན་ལ། གཞན་ལ་ནི་བརྒྱུད་ནས་ཕན་པ་ཡིན་པས། གཞན་དོན་དུ་རང་གི་བྲོ་བཙལ་བ་དང་འདྲ”[28]གསུངས་པ་ལྟར། དཔེ་ཀློག་ལྟ་སྦྱོང་གི་སྲི་ཚགས་གསོག་རུམ་ལ་བརྟེན་ནས་ཀུན་གཞིའི་བང་མཛོད་རིག་པའི་ནོར་གྱིས་དགང་ལ་གཞོལ་བའི་སློབ་ཆེན་སློབ་མ་རབ་མཆོག་རྣམས་ཀྱིས། རང་རང་གི་འགེལ་ཕོག་འཁྲི་སྒྲུབ་གང་དེ་ཡར་རླངས་མར་ཐིགས་སུ་མ་སོང་བར་ཇི་བཞིན་སྨིན་གྲུབ་འོང་ཆེད། དེ་ལྟ་བུའི་མོས་པ་ཡིད་བྱེད་སྔོན་དུ་བཏང་སྟེ། བྲོ་དང་འདྲ་ཞིང་སྒྲོན་མེ་ལྟར་གསལ་བའི་རྟོགས་པ་ཕུན་ཚོགས་ཀྱི་འོད་སྣང་ཆེན་པོས་ཁ་བའི་ཡུལ་ལུང་ཐར་པའི་སྐམ་སར་སླེབ་ལ་ལམ་སྟོན་འཁྲུལ་མེད་གནང་རྒྱུའི་སྟ་གོན་སྔ་མོ་ནས་བྱ་དགོས་སོ། །


གཉིས་དོན་མོས་པ་ཡིད་བྱེད་ནི། ཕྱི་ནང་རིག་གནས་ཀྱི་རྟོགས་པ་ཅི་ཙམ་གྱིས་ཇེ་མཐོར་ཕྱིན་པ་ལ་བརྟེན་ནས། རང་དོན་རྟོགས་པ་ཕུན་ཚོགས་དང་རིགས་དོན་སྒྲུབ་པ་ཕུན་ཚོགས་གཉིས་ཀའི་ནམ་འཕང་རིག་པའི་རྩལ་གྱིས་སྟབས་གཅིག་ཏུ་གཅད་འདོད་ཀྱི་མོས་པ་ཡིད་བྱེད་དེ། ཇི་སྐད་དུ《བཏམས་ཤིང་བསྟན་པའི་མདོ》ལས། “གཞན་ལ་ཕན་ན་ཡུན་དུ། །བདག་ལ་ཕན། གཞན་ལ་གནོད་ན། །ཡུན་དུ་བདག་ལ་གནོད་ཆེས་བྱའོ”[29]གསུངས་པ་ལྟར་དཔྱོད་ཤེས་ན། རང་གིས་རང་ལ་འགན་འཁུར་བ་དང་མཉམ་དུ་སྤྱི་ལ་འགན་ལེགས་པར་འཁུར་ལུགས་དེ། དོན་ལ་རང་ཉིད་ལ་ཕན་བདེ་སྒྲུབ་པའི་ཐབས་ལམ་ནུས་འཕེར་རྔོ་ཐོགས་སྦས་དོན་དུ་གནས་པ་ཅན་ཞིག་ཡིན་ལུགས་ཞོར་ལ་གོ་འོང་སྟེ། དེའི་གནད་ཨ་རིའི་པོ་སི་ཏིན་གྲོང་ཁྱེར་ན། ཡ་ཧུ་དཱ་པའི་མགོ་ཐོག་ཏུ་ལྷུང་བའི་ཁྲག་གི་འཇིགས་པ་རྗེས་སུ་དྲན་པའི་རྡོ་རིང་ཞིག་བསླངས་ཡོད་པ་དེའི་ངོས་སུ། མཚན་ལ་མར་ཐིན་ཟེར་བའི་འཇར་མན་ཆོས་གསར་གྱི་མཆོད་གཡོག[30]ཅིག་གིས་ལྟུང་བ་བཤགས་པའི་སྙན་ངག་ཅིག་བྲིས་ཡོད་པ་དེ་ལས་ཚེགས་མེད་དུ་རྟོགས་ནུས་ཏེ། ཇི་སྐད་དུ། “དང་པོར་ཁོ་ཚོས་མཉམ་ལས་མཉམ་འཚོ་པ་རྣམས་གསོད་གཏུབ་ཀྱིས་འཕུང་ལ་སྦྱོར་སྐབས། ང་ཁ་གྲག་མ་ཐུབ། ཁོ་ཚོས་མུ་མཐུད་ནས་ཡ་ཧུ་དཱ་པ་ལ་ཁྲག་གི་འཁོར་ལོ་སྐོར་དུས། རང་ཉིད་ཡ་ཧུ་དཱ་པ་མིན་སྙམ་ནས་ཁ་མ་གྲག །དེའི་གཞུག་ནས་ཁོ་ཚོས་བཟོ་ཚོགས་ཀྱི་དྲུང་འཁོར་ལས་ཚན་པ་རྣམས་ཁྲག་ལ་རྫི་སྐབས། ངས་སྔར་བཞིན་ཁ་ལ་སྒོ་ལྕགས་བརྒྱབ་ནས་བསྡད། མཐའ་མར་ཁོ་ཚོས་གསོད་སྦྱོར་གྱི་གྲི་ཁ་ང་ལ་གཏད་འོངས་དུས། ངའི་དོན་ལ་ཡང་ལངས་ནས་སྐད་ཆ་འཆད་མཁན་གཅིག་ཀྱང་མེད་སོང”ཞེས་པ་ལྟར་རོ། །


དེའི་ཕྱིར་ན། དུས་ཉི་མ་དེ་རིང་ནས་བཟུང་སྟེ་གཉིས་དོན་མོས་པ་ཡིད་བྱེད་མི་འབྲལ་སྙིང་གི་ཐིག་ལེར་བཟུང་ནས་དེ་འབྲེལ་གྱི་ཆེན་པོའི་ལམ་སྦྱངས་ལ་འབད་རྒྱུ་ནི། སློབ་ཆེན་སློབ་མ་རབ་མཆོག་རྣམས་མ་འོངས་པར་ལུགས་ཀྱི་བྱ་བ་ལ་འཁོས་སྟོབས་ལྡན་ཞིང་རིགས་ཀྱི་བྱ་གཞག་ལ་ཁུར་སྐྱེད་ཆེ་བའི་དབུ་ནག་ཡིད་ཅན་དཀྱིལ་གྱི་གཙོ་བོར་འགྱུར་བའི་གནད་ཀྱི་དོན་པོའོ། །


རིགས་དོན་མོས་པ་ཡིད་བྱེད་ནི། རང་ཉིད་ཀྱི་ལུས་ངག་ཡིད་གསུམ་དང་བླ་ཚེ་སྲོག་གསུམ་རིགས་དོན་ཁོ་ནའི་དབང་དུ་འགྱུར་བའི་མོས་པ་ཡིད་བྱེད་དེ། རང་དོན་འབའ་ཞིག་སྒྲུབ་པའི་ཉན་རང་ཡང་། །མགོ་ལ་མེ་ཤོར་ཟློག་ལྟར་བརྩོན་མཐོང་ན། །འགྲོ་ཀུན་དོན་དུ་ཡོན་ཏན་འབྱུང་གནས་ཀྱི། །བརྩོན་འགྲུས་བརྩོན་པ་རྒྱལ་སྲས་ལག་ལེན་ཡིན། །[31]གསུངས་པ་ལྟར་ལམ་བསླབ་པ་གསུམ་གྱི་ཉམས་ལེན་ལ་བརྟེན་ནས་བདག་མེད་མངོན་དུ་བྱས་ཟིན་པའི་བྱང་སེམས་འཕགས་པ་རྣམས་ལ་མཚོན་ན། རང་དོན་གཏན་ཟད་དུ་སྤངས་ཚར་པར་མ་ཟད། གཉིས་དོན་ལས་ཀྱང་རིང་དུ་འདས་ནས་སྡོང་པོ་མི་འཇགས་རླུང་པོའི་དཔེ་ལྟར་སྨོན་ལམ་བཟང་པོའི་མཐུ་སྟོབས་ཀྱིས་རང་དབང་མེད་པར་གཞན་དོན་རྐྱང་པ་འབའ་ཞིག་ལ་འཇུག་པ་ཆོས་ཉིད་ཡིན་པར་གསུངས་པ་ལྟར་རེད་ལ། དེ་ལྟ་བུའི་ཟབ་རླིང་ཐེག་དཀའི་མི་ཆོས་ཀྱི་ལྟ་གྲུབ་ཁྱད་པར་བ་གང་དེ། རིགས་ཁྱུ་ཐུན་མོང་གི་ཀུན་སྤྱོད་བླང་བྱར་བཞག་ན། མཛོ་ཁལ་ར་འགེལ་དུ་འགྱུར་ཉེན་ཡོད་པས་འོས་མིན་མི་ངེས་ཀྱང་། ཁ་བ་རི་པའི་མི་ཆོས་ལྟ་བའི་འབབ་སོ་ཉག་ཅིག་ཡིན་པ་ལ་རྩོད་པ་མེད་པས། རིགས་དོན་ཐེག་པ་ཁུར་ལེན་ལ་སྤྲོ་བའི་སློབ་གྲོགས་འཕགས་པའི་ནོར་གྱིས་ཕྱུག་པ་དག་གིས། མ་འོངས་པ་ན་རང་ཉིད་ཡ་རབས་ཆེ་བཙུན་གྱི་བདག་ཉིད་དུ་འགྱུར་བའི་མི་ཆོས་ལྟ་བའི་ལམ་བཟང་དེ་ལ་ཡང་དག་པར་ཞུགས། སྒོ་གསུམ་རིགས་དོན་ཁོ་ནར་ཕུལ་ནས་མི་ཚེའི་མཐར་ཐུག་གི་གོང་ཐང་མངོན་དུ་བྱ་དགོས་སྙམ་པའི་མོས་པ་ཡིད་ལ་བྱ་མི་ཆོག་པ་ཅི་ཡང་མེད་དེ། དེ་ལྟ་བུའི་མི་ཆོས་ལྟ་བའི་གདན་ལ་བཞུགས་མཁན་ཏེ། རྐང་གཉིས་རྣམས་ཀྱི་མཆོག་ཏུ་གྱུར་པའི་གངས་ཀྱི་སེམས་དཔའ་གྲངས་མཐའ་མེད་པ་བདག་ཅག་གི་ཁྲ་ཆུང་མིག་གིས་མཐོང་རྒྱུ་དང་དར་ལུང་རྣ་བས་དངོས་སུ་གོ་རྒྱུ་ཡོད་པའི་ཕྱིར་རོ། །


བྱེ་བྲག་ཏུ་མི་རིགས་རང་གི་གནས་ཚོད་དངོས་ལ་སྦྱར་ནས་བཤད་ནའང་། འཇིག་རྟེན་ཁ་དཔེར། རི་སྔོ་ན་མེ་ཤིང་ཞོར་ལ་འོང་། ལོ་ཡག་ན་ཕུབ་མ་ཞོར་ལ་འབྱུང་ཟེར་བ་ལྟར། རིགས་དོན་ཡིད་ལ་བྱས་པས་སྒེར་དོན་ཞོར་ལ་གྲུབ་ནས་སྟབས་གཅིག་དོན་གཉིས་འབྱུང་བ་ཚིག་གི་བཤད་ཡམ་ཙམ་མ་ཡིན་པར་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་མངོན་སུམ་དུ་བསྒྲུབ་རྒྱུ་ཡོད་པ་འདི་ལགས་སོ། །


དེ་ལྟ་བུའི་མོས་པ་རྣམ་གསུམ་སྲོག་སྙིང་དུ་བྱས་པའི་སློབ་ཆེན་སློབ་གསོའི་དགོངས་པ་བླ་མེད་དེ་ཉིད་གོ་རིམ་སྟབས་འབྲེལ་གྱིས་ཉམས་སུ་ལེན་པ་ལ། ཐོས་བསམ་དཔྱད་གསུམ་དང་འབྲེལ་བའི་བྱེ་བྲག་གི་འདུན་པ་དང་ཀུན་སློང་། བྱེད་ལས། དམིགས་རྩེ། རང་བཞིན་རྣམས་ཀྱང་འབེན་ཤར་མདའ་ནུབ་ཏུ་མ་སོང་བ་ཞིག་ཤིན་ཏུ་ནས་དགོས་གལ་ཆེ་སྟེ། དེ་ཡང་རྒྱུ་མི་རིགས་དང་ཡུལ་ལུང་གི་ཡར་སྐྱེད་ལ་དམིགས་པའི་ཡང་དག་པའི་འདུན་མ་དེ་སྔོན་དུ་འགྲོ་དགོས་ལ། ལྷག་པར་དུ་དབྱངས་གསལ་སོ་བཞིའི་རིན་ཆེན་ཕྱང་ཕྲུལ་མགུལ་རྒྱན་དུ་འདོགས་པའི་མོས་པ་ཡིད་བྱེད་དེ་སྔོན་དུ་འགྲོ་དགོས་ཏེ། དེ་མེད་ན་དཔེ་ཀློག་གི་རྩོལ་བ་དམིགས་མེད་བྱབ་ཆུང་དུ་འགྱུར་ངེས་པའི་ཕྱིར་རོ། །


ཀུན་སློང་འདྲ་མཉམ་དང་ང་རྒྱལ་གཉིས་ཕན་ཚུན་མ་ནོར་བ་ཞིག་དགོས་ལ། ལྷག་པར་དུ་མངོན་པའི་ང་རྒྱལ་མངོན་གྱུར་པ་དང་བྲལ་བ་ཞིག་དགོས་ཏེ། དེ་མེད་ན་ཡང་དག་པའི་སློབ་གཉེར་གྱི་ལམ་རིམ་རྐྱེན་ངན་ཐོག་འབབ་ལ་དབང་འགྲོ་བའི་ཕྱིར་རོ། །


བྱེད་ལས་འགྲན་རྩོད་དང་ཕྲག་དོག་གཉིས་ཕན་ཚུན་མ་འདྲེས་པ་ཞིག་དགོས་ལ། ལྷག་པར་དུ་རྒྱུད་ཚོད་ཅི་ཙམ་སྨིན་ན་ཕྲག་དོག་གི་མེ་ལྕེ་དེ་ཙམ་གྱིས་ཞི་འགྲོ་བ་ཞིག་དགོས་ཏེ། དེ་མེད་ན་ཐོས་བསམ་དཔྱད་གསུམ་གྱིས་རིགས་དོན་ལ་མི་ཕན་པ་ཚྭ་དང་ཚྭ་རྐྱལ་གྱི་དཔེར་འགྲོ་བའི་ཕྱིར་རོ། །


དམིགས་རྩེ་རང་དོན་དང་རིགས་དོན་གཉིས་རྒྱབ་སྣོལ་ཁ་འཐབ་ཏུ་མ་སོང་བ་ཞིག་དགོས་ལ། ལྷག་པར་དུ་སླན་ཆད་རིགས་དོན་རང་གི་བབ་ཁུར་དུ་འཁྱེར་རོ་སྙམ་པའི་ལྷག་བློ་དེ་དགོས་ཏེ། དེ་མེད་ན་དུས་གསུམ་གྱི་སློབ་གཉེར་མུན་ནག་ལག་ནོམ་དུ་འགྱུར་བའི་ཕྱིར་རོ། །


རང་བཞིན་ཤེས་ཡོན་དང་འཚོ་གནས་གཉིས་ཕན་ཚུན་སྤང་བྱར་མི་འཛིན་པ་ཞིག་དགོས་ལ། ལྷག་པར་དུ་འཇིག་རྟེན་པའི་མི་གཤིས་སློབ་གསོ་རྐང་འོག་ཏུ་མི་གཡུག་པ་ཞིག་དགོས་ཏེ། དེ་མེད་ན་ཚེ་གང་གི་སློབ་གཉེར་དང་རིགས་དོན་གཉིས་མཚོ་འཁྱག་དང་ངང་པའི་དཔེར་འགྲོ་བའི་ཕྱིར་རོ། །


མཇུག་གི་གཏམ།


མདོར་ན། གོང་དུ་སོང་ཟིན་པའི་ཁྱད་པར་བཞི་ལྡན་གྱི་སློབ་ཆེན་སློབ་མ་ཞིག་ལ་ཅིས་ཀྱང་འཛོམ་དགོས་ངེས་ཀྱི་མཐུན་རྐྱེན་དེ་དག་རང་རྒྱུད་ལ་ཉེ་བར་ལེན་ཆེད། བརྩོན་པའི་གཞུ་ལ་དཔྱོད་པའི་མདའ་མོ་རྒྱུན་ཆགས་སུ་སྦྱར་པའི་སློབ་གྲོགས་ཞེ་དཀར་ནོར་གྱིས་ཕྱུག་པ་རྣམས། ཇི་ལྟར་ཚ་བས་གདུང་བའི་གླང་ཆེན་པདྨའི་མཚོ་ལ་འཇུག་པ་དང་། འཇིགས་པས་ཉེན་པའི་ངང་མོ་ཆུ་གཏེར་ཀློང་དུ་འབྲོ་བ་ལྟར་ཕྱི་ནང་རིག་པའི་གནས་མཐའ་དག་ལ་དགའ་དད་སྤྲོ་གསུམ་གྱིས་ཞུགས་ཏེ། བརྟན་ཚུགས་ཀྱི་མཁར་རྫོང་ལྕགས་ལ་བྱས། ཐོས་བསམ་གྱི་སྒོ་མོ་ནང་ནས་ཕྱེ། བརྒལ་བརྟག་གི་འཁོར་གསུམ་ལུས་ལ་བགོས། དཔྱོད་འཇུག་གི་དཔའ་དམ་དགུང་ལ་ཕྱར། འཆད་རྩོད་ཀྱི་གད་རྒྱངས་ཕྱོགས་མཐར་བསྒྲགས་ཏེ། མི་ཤེས་མུན་པའི་དམག་ཚོགས་ཕྱི་ཕྱིར་བསྙིལ་ནས་མི་མཐུན་གཡུལ་ལས་རྒྱལ་བའི་ཤེས་སྤྱོད་ཀྱི་རྒྱལ་མཚན་ཏི་སེའི་མགུལ་ནས་བསྒྲེང་དགོས་སོ།།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号