ལང་ཚོ་འཐུས་ཤོར་སོང་བ་སོབས་པར་ཤོག


རྩོམ་པ་པོ། ར་རྫ་འཇམ་དབྱངས་སྐྱིད།


བུ་མོ་རང་གི་སེམས་ཚོར་ཕྲ་རགས་ཚང་མ་ཡི་གེ་གྲུ་བཞིའི་ནང་དུ་མིག་ཆུའི་ཐིགས་པ་རེ་རེར་ཐིམ་འདྲར་བྲིས་པ་དག་ལ་རྣ་བ་བླགས་ཤིང་སེམས་ཀྱིས་ཉན་གྱིན་ཡོད། མདང་ཁྱེད་ཀྱིས་བྲིས་པའི་སེམས་ཚོར་སྐྱེན་པོ་དེ་དག་ད་ནངས་ཀློག་དུས་ངའི་སྣ་ཁུང་གཟེར་ཞིང་མིད་པ་བརྣངས། ནངས་ཇ་འཐུང་མ་ཐག་མཉམ་དུ་ཡོད་པའི་བྱང་སྐར་ལའང་ང་དང་འདྲ་བའི་ཚོར་བ་ཆ་མཉམ་འབྱུང་གི་འདུག


སྨྲ་འདོད་ཀྱི་རུམ་ཁ་ཡོངས་སུ་ཕྱེ་ཞིང་སེམས་ཀྱི་གཉོམ་ས་ནས་ཆུ་མིག་ལྷོག་ལྷོག་གེར་འབུར་བ་ལྟ་བུའི་ཉིད་ཀྱི་མྱོང་ཚོར་ཟབ་མོ་མ་ལུས་ཀློག་པའི་ཉི་མ་འདི་ཚོར། འཁོར་བའི་སྡུག་བསྔལ་དུ་ལྷུང་བའི་ལོ་བཅུ་གཉིས་པོ་དེ་ནི། ཏག་ཏག་ཁྱེད་ཀྱིས་ང་ཚོར་འབྲེལ་ཐག་བཅད་པའི་ལོ་གྲངས་དེ་ཡིན་པ་རྟོགས། དཀའ་སྡུག་གི་ལྗན་ལྗིན་ཞིག་ཏུ་ཟུག་པ་མིན་ནམ་སྔ་མོ་ནས་འདོད་མོད། མཛའ་གཅུགས་གསེར་གྱི་ཐི་གུ་དེ་ཆད་པར་ཕངས་སེམས་ཆེ་སོང་། ལོ་འདི་ཚོར་ངའི་དྲན་འཛིན་གྱི་མེ་ལོང་ངོས་སུ་བུ་མོ་ཁྱེད་ཡལ་མ་མྱོང་ལ། ཁྱེད་ཀྱིས་ང་ལ་འབྲེལ་བ་འདྲ་བྱས་ཡོད་ཚེ། ཆེན་པོ་མི་འཁྱོང་རུང་། ང་ནི་ཁྱེད་ཀྱི་སྐྱོ་རོགས་སྡུག་རོགས་ཙམ་དུ་འགྲོ་ཡང་ཐང་དྲན་མྱོང་། ད་དུང་། ངས་སྐྱེས་མའི་དཀའ་ཁག་སྣ་ཚོགས་ལ་བསམ་གཞིགས་བྱེད་སྐབས། དང་ཐོག《ཟ་མ་མོའི་སྐྱིད་སྡུག་གངས་མ་ཆར》[1]འབྲི་དུས། ཁྱེད་ཀྱིས་བརྗོད་པའི་འཛམ་གླིང་རྐོས་རིས་སྒྱུ་རྩལ་པ་ཨའུ་གུ་ས་ཏེ-རོ་ཌིན[2]གྱིས། སྒྱུ་རྩལ་གྱི་ཤེས་རབ་ལ་ཚན་ཁ་འབར་བའི་རང་གི་མཛའ་ན་མོར་ཕྲག་དོག་གིས་འཚེ་བ་ཡང་ཡང་བཏང་མཐར། སྨན་ཤར་དེ་སྨྱོ་ནད་སྨན་ཁང་ཞིག་ཏུ་མི་ཚེ་སྐྱེལ་དགོས་བྱུང་ཞིང་། སྨོས་མ་དགོས་པར་ཁོ་མོའི་གསེར་དང་འདྲ་བའི་རྣམ་དཔྱོད་ཀྱང་ས་ལ་བསྲེས་ཤིང་རྡོ་ལ་བརྡབས་པའི་གཏམ་རྒྱུད་སྐྱུར་མོ་དེ་ངས་ཡང་ཡང་དྲན། རྒྱུན་པར་ཁ་དགའ་ངོ་ཡངས་ཡིན་པའི་ཁྱེད་ཀྱིས་གཏམ་རྒྱུད་དེ་བཤད་དུས། གདོང་ལས་མངོན་པའི་འཚེར་སྣང་དེའང་བརྗེད་དཀའ། བརྗེད་མི་ཐུབ་པ་ཅི་འདྲའི་མང་བ་ལ། འཇིག་རྟེན་མཐུན་འཇུག་གི་ལས་ལ་ཞུགས་ན་བུ་མོ་རང་གི་མདུན་ལམ་ལ་འགོག་རྐྱེན་ཡོང་དོགས་ཀྱི་སེམས་འཚབ་དེ་ངས་བརྗེད་མི་ཐུབ་ལ། ནུབ་ལྭ་ཚོས་གཞི་ནག་པོ་ལུས་འབྱར་མ་དེ་ལས་ཕྲ་ས་ཕྲ་ལ་འབུར་ས་འབུར་བའི་ཁྱེད་ཀྱི་སྐྱེས་གཟུགས་དེ། ཁྱད་པར་དུ་ཉི་མ་རེ་ལ་དཔེ་ཆ་རེ་ཀློག་ཐུབ་པའི་ཧང་སང་བའི་མྱུར་ཚད་དང་འབྱུང་འགྱུར་ལ་རེ་ལྟོས་འཆའ་བའི་ཁྱེད་ཀྱི་མིག་མདངས། དེ་འདྲའི་དྲན་ཤིང་མང་པོ་མང་པོ……


ད་ནི་རེ་ཞིག་རྟོག་པ་འདས་སོང་ལ་རྒྱ་ཡན་དུ་ཤོར་བའི་རྟ་རྒོད་ལ་ཞགས་པ་འཕངས་ཏེ་དྲན་འཛིན་གྱི་བུང་བ་ཉེ་བའི་དུས་སུ་ངེད་གཉིས་འབྲེལ་མཐུད་བྱུང་བའི་པདྨའི་སྟེང་ལ་ཕྱིར་འཕོས་ན།


“ཞོགས་པར་མར་རྩམ་ཟོས་རྗེས། བུ་ཆུང་བསམ་པའི་དོན་འགྲུབ་འཁྲུག་ཟིང་ཆེ་བའི་གྲོང་ཁྱེར་གང་དེའི་སྒེར་གཉེར་བུ་བཅོལ་ཁང་ལ་སྐྱེལ། ལམ་ཁར་བུ་ཡིས་མིག་རིག་རིག་བྱེད་བཞིན། ཨ་མ། གལ་སྲིད་རྒན་ལགས་ཀྱིས་ཁྱིམ་དུ་རྟག་པར་རྩམ་པ་ཟ་བའི་རྒྱུ་མཚན་ཅི་ཞེ་ན། ངས་ལན་ཇི་ལྟར་འདེབས་དགོས་ཞེས་དྲིས། ངའི་གདོང་ལ་འཛུམ་ཞིག་ལང་བཞིན། དེ་ནི་ང་ཚོའི་མི་རིགས་ཐུན་མོང་གི་ཟ་མ་ཡིན། ཁྱོད་ཀྱིས་དེ་ལྟར་བཤད་ན་འགྲིག་འདུག གལ་སྲིད་སུ་ཞིག་གིས་དེ་ལ་སྣང་ཆུང་འཕྱ་སྨོད་བྱས་ན། ང་བྱིས་པའི་རྒྱབ་རྩ་ནས་ལང་ཁོ་ཐག་ཡིན། ཡིན་ན་ཡང་། ངའི་རྒྱབ་རྩ་ན་ལང་མཁན་སུ་ཞིག་ཡོད་ན། ཁ་ཕྱིར་འཁོར་ནས་ལྟ་དུས་ཅི་ཡང་མེད་པར་སྟོང་རྐྱང་དུ་འདུག”


ཏག་ཏག་འུ་གཉིས་ཀྱི་སེམས་ཚོར་དེའང་མ་བགྲོས་གཅིག་ལ་ཁེལ་སོང[3]། མི་ཚོགས་རྦ་རླབས་ལྟར་འཕྱོ་རུང་འཕྲུལ་རིགས་གྲོག་ཚང་ལྟར་བརྡོལ་ཡང་། གྲོགས་མེད་ཁེར་རྐྱང་དང་སེམས་པ་གཏད་སོ་མེད་པ་ང་ལའང་བྱུང་མྱོང་། ཁྱད་པར་དུ་ཟི་ལིང་ནས་བུ་མོ་སློབ་གྲྭར་འཇོག་དུས་སུ་ཚོར་སྣང་དེ་འདྲ་ལན་མང་བྱུང་། དོན་དུ་ངེད་གཉིས་གཅིག་པུའང་ག་ལ་ཡིན། འདུ་ཤེས་ཟབ་ཅིང་ཚོར་བ་སྐྱེན་པའི། ཨེ……


ཁྱེད་མ་བུ་གཉིས་ཀྱི་འཚོ་བའི་རང་མདངས་དེས་ཀྱང་ངའི་སྣ་གདོང་ལ་གཟེར་ཞིག་ལང་བཅུག་ཅིང་མིག་ལ་ཆུ་ཞག་འཁོར་ནས་གློག་ཀླད་ཀྱི་འཆར་ཤེལ་རབ་རིབ་ཏུ་སོང། དེ་མུར་གཏམ་རྒྱུད་འབྲི་མཚམས་བཞག་སྟེ་མགོ་བོ་ཡར་ལ་དགྱེ་ནས་སྒེའུ་ཁུང་ལས་ཕྱི་རོལ་ལ་ལྟ་དུས། ངའི་སེམས་སྣང་ཏག་ཏག་སྤྲིན་ནག་འཁོར་བཞིན་པའི་དེ་རིང་གི་ལྷ་སའི་མཁའ་དབྱིངས་ལྟར་སྣང…… ནམ་ཟླས་ཀྱང་ངའི་སེམས་ཁམས་ཚོར་གྱི་ཡོད་པ་འདྲ། རྣམ་ཀུན་ཡིན་ན་ད་ཚོད་ལ། ས་གཞི་རྡུལ་དག་ཅིང་བར་སྣང་སྔོ་སེང་ངེར་འདུག་མོད།


དངོས་གནས་ཁག་མི་འདུག ཐ་ན། རང་ཉིད་ཆེས་དགའ་སའི་དཔེ་ཀློག་སྟེ་མ་རིག་མུན་པ་སེལ་བའི་ལས་སུ་ཞུགས་ནའང་། “མ་ཡིན་ཡིན་མདོག་མ་བྱེད།” ཅེས་པའི་ཚིག་གི་མདའ་མོ་ནར་མར་འཕེན་པའི་བཟའ་ཟླ་ཞིག་དང་མཉམ་དུ་སྐད་ཅིག་ཙམ་ལའང་ཇི་ལྟར་སྡོད་ཨང་། སྡོད་མ་ཐུབ་པ་ལ་བསམ་ཤེས་དང་གདུང་སེམས་དང་གུ་ཡངས་ཡོད་མོད། ལོ་ངོགས་བཅུ་གཉིས་དེ་ལྟར་བཞུད་པར……


བགྲང་བྱ་བཅུ་གཉིས་ཟེར་ན་ཉུང་ཉུང་ཞིག་ག་ལ་ཡིན་ཏེ། གཏན་ནས་མིན། བདག་ཅག་གི་སྟོན་པས་ལོ་བཅུ་གཉིས་ཀྱི་ཕྱེད་ཀ་ལ་དཀའ་བ་སྤྱད་ནས་སངས་རྒྱས་པ་མ་ཡིན་ནམ། ལང་ཚོ་བཟང་སྒང་དང་རྣམ་རིག་བཀྲ་སྒང་ལ། གྲོགས་ངན་དང་འགྲོགས་ན་ཡོན་ཏན་འགྲིབ་ཅེས་པའི་དཔེ་ལྟར་འཐུས་ཤོར་ཉམས་ཆག་བྱུང་སྟེ། མ་གཞི་མཛངས་མའི་འོས་ཆོས་རང་བཞིན་གྱིས་ཚང་བའི་བུ་མོ་ཁྱེད་ཀྱི་རླུང་རྟ་རེ་ཞིག་མར་ཆག་པའི་དུས་ཚོད་དེ་ལ་ཕྱིར་ལྡོག་ཅིག་ཡོད་ན་ཅི་མ་རུང་ངས་ཀྱང་ཡང་ཡང་བསམ་མོད། ཨ་རིའི་གློག་བརྙན་ཁྲོད་ཀྱི་འཕྲུལ་རྩལ་དེ་འདྲ་ད་སྔ་གོ་ལ་ཟླུམ་པོའི་འཚོ་བ་དངོས་ལ་མེད་པས་བྱ་ཐབས་ཅི། གང་ལྟར་འདས་ཟིན་པ་འདས་ཚར་བས། འགྱོད་ན་དོན་སྙིང་ཆུང་། འཐམས་ཀྱང་ཕྱིར་ལྡོག་མེད། དེ་ལས། ད་ལྟའི་དུས་ཚོད་ཡོད་ཐང་ལ་རིན་ཆེན་གསེར་ལས་ལྷག་པའི་རྡོ་རྗེ་ཕ་ལམ་ལྟར་གཅེས་འཛིན་གཅེས་སྤྲས། ལམ་ནོར་ལྡོག་ཤེས་ཀྱིས། རང་མགོ་ཉེ་བར་ཐོན་པ། རང་ས་བཙན་གྱིས་ཟིན་པ། རང་ལུས་རང་ལ་བདག་པའི་ལས་སུ། བརྩོན་སེམས་ཀྱི་རལ་གྲི་འཇགས་མེད་དུ་རྡོར། བསམ་བློ་ཡི་གཤོག་པ་བར་སྣང་དུ་རྐྱོངས། བསླུ་བ་མེད་པའི་ཤེས་ཡོན་གྲོགས་སུ་ཁུག དེས་ནི་ཁྱེད་ཀྱི་མི་ཚེའི་དོན་སྙིང་ལོན་པར་གྲོགས་དན་བྱ་ངེས།


ཡང་གཅིག་བཤད་ན། འཁོར་བའི་ཁྱིམ་ཐབ་ཀྱིས་ཁྱེད་དང་ཁྱེད་འདྲ་བའི་སློབ་གསོ་ཡོད་པའི་སྨན་བུ་མོ་ཉམས་དམས་སུ་བཏང་བ་ལའང་བགྲང་གིས་ག་ལ་ནུས་མོད་ཀྱང་། མི་འདྲ་ས་ནི། ཤེས་བྱ་ཡོན་ཏན་ལ་དད་ཅིང་ལྷག་བསམ་གཙང་བའི་ཁྱེད་རང་། ལོ་ཡི་འཁོར་མོ་བཅུ་གཉིས་ལ་འཚོ་བའི་འདམ་རྫབ་ཏུ་ལྷུང་ཡང་། དེས་ཀྱང་ཁྱེད་རང་རྩ་ནས་འཇོམས་པར་མ་ཐུབ་པ་དེའོ། །དེ་ནི་འདྲ་འདྲའི་ནང་གི་མ་འདྲ་ས་དེ་མ་ཡིན་ནམ་ཀྱེ།


ལགས་སོ། །ཧ་གོ་སོང་། རྗེས་མར་ཀ་མད་སུམ་ཅུའི་ཕྲེང་ཐག་ལ་རང་གི་སེམས་ཀྱི་འཆར་སྒོ་བརྒྱུ་རྒྱུའི་གྲོས་ཡག་བཏོན་པར་ང་རང་དགའ་བོ་ཞེ་དྲག་བྱུང་། དེ་ལ་དོན་སྙིང་ག་ཚོད་མི་ཆེ་ཨང་།


དེ་ཡང་། འུ་ཅག་གི་མེས་པོ་གོང་མས་ལོ་ངོ་ཆིག་སྟོང་བཞི་བརྒྱ་མ་ལོན་ཙམ་གྱི་ཡར་སྔོན་ལ། དུག་སྦྲུལ་དང་གཅན་གཟན། ཇག་རྐུན་དང་ཚ་གདུག་སོགས་ཀྱི་ཉེར་འཚེའི་ཉེན་ཁ་ལ་མ་འཛེམས་པར་དཀའ་བ་བརྒྱ་དང་ངལ་བ་སྟོང་སྤྱད་དེ་གནས་མཆོག་འཕགས་པའི་ཡུལ་ནས་ནང་འདྲེན་ཞུས་ཤིང་གྱ་ནོམ་སྤྲོས་པར་བཏང་བའི་གསལ་བྱེད་སུམ་ཅུ་འདི་ནི། ཏག་ཏག་ང་ཚོ་མི་རིགས་འདིའི་ངོ་བོ་མཚོན་བྱེད་ཉག་ཅིག་ཡིན། ལོ་རྒྱུས་ཀྱི་དྲན་པའི་བང་མཛོད་ཀྱང་ཡིན། ཡི་གེ་འདི་ལས་མེས་པོའི་རིན་ཐང་གི་གཟུགས་རིས་སྟག་གི་འཛུམ་དྲུག་ལྟར་རྒོད་ཅིང་། མཁས་པའི་མཛད་བཟང་གི་ལག་རིས་གཡང་དཀར་ལུག་ལྟར་ཐང་མར་བརྡལ་ཡོད། ང་ཚོར་ཡོད་ཡོད་ཐམས་ཅད་རྡོ་ལ་རི་མོ་བརྐོས་ལྟར་བཅོལ་སའི་ཡི་གེ ཡི་གེ་ཡོད་པར་བརྟེན་ད་གཟོད་ང་ཚོ་དཔལ་ཡོན་ལྡན་པའི་མི་རིགས་ཤིག་ཏུ་གྱུར། དེ་ནི་རྣམ་དཔྱོད་དང་སྙིང་རུས་གཉིས་ལྡན་གྱི་མེས་པོ་གོང་མ་དག་གི་སྐུ་དྲིན་ཡིན་པ་སུ་ཡིས་བསྙོན། བྱས་ཙང་། མགོ་ནག་བོད་པར་ངོས་འཛིན་མཁན་ཞིག་ཡིན་ཚེ། མེས་པོའི་སྲོག་ལ་བརྗེས་ཤིང་གསེར་གྱིས་བླུས་པའི་ཡི་གེ་འདི་ལ་ལུས་ངག་ཡིད་གསུམ་མི་བཅོལ་གང་ལ་བཅོལ་ཨང་།


སྙིང་ཉེ་མ། ད་ལྟའི་ཁྱེད་ཀྱི་བོད་ཡིག་གི་འབྲི་རྩལ་ཅི་འདྲ་ཡིན་པ་ངས་གསལ་བོར་མི་ཤེས་རུང་། ཀུན་སློང་ཡག་པོ་ཡོད་པ་དེ་ནི་གང་དེར་གཟབ་ནན་གྱིས་འཇུག་པའི་སྔོན་འགྲོ་ཡིན། སྤྱིར་ན་རང་སྐད་ནི་ཨ་མའི་ནུ་ཞོ་ལ་རོལ་དུས་ནས་ང་ཚོའི་བག་ཆགས་ཀྱི་གཏིང་རིམ་དུ་ཐིམ་ཡོད་ཙང་། གཞན་སྐད་ལས་གོམས་སླ་བ་ཆོས་ཉིད་ཡིན། དེས་ན་ད་ནས་བཟུང་། ཉི་མ་རེ་རེར་མིག་འདྲིས་རྣར་འཇགས། ཐོས་བསམ་སྒོམ་གསུམ་གྱི་ལམ་ནས་བློར་ངེས་བྱང་ཆ་ལྡན་པར་བྱས་ན། ནམ་ཞིག་གི་ཚེ་ལ། རང་ཉིད་གཙོས་པའི་རང་གཞན་ཚང་མའི་སྐྱིད་སྡུག་འདྲ་མིན་སྣ་ཚོགས། ང་ཚོར་ལས་ཀྱིས་བསྐོས་ཤིང་རང་གི་བླ་དང་སྲོག་གི་ངོ་བོ་མཚོན་བྱེད། གཟུགས་རི་མོ་ལྟར་སྙིང་རྗེ་ལ་དོན་ཚེགས་མེད་དུ་སྟོན་པའི་ཡི་གེ་འདི་ལ་རྣམ་ཤེས་ཀྱི་ཕྲ་འདེབས་ཐུབ་པའི་གདེང་ཚོད་བརྟན་ནེར་རྙེད་ཐུབ། དེ་ལྟར་བྱུང་ན། གཅིག་ནས། ཁ་སྟབས་ཞན་ཞིང་གྲལ་རྔ་ཙམ་ཡང་ཟིན་མེད་པའི་འུ་ཅག་གི་ཕ་སྐད་མ་ཡིག་འདི་རྣམ་ཤེས་དྭངས་ཤིང་སྐུ་ཚེ་རིང་བོ་ཡོང་བའི་སྲི་ཞུ་ལ་འགྲོ་ཞིང་། གཉིས་ནས། རང་གི་ཤེས་བྱ་ཡོན་ཏན་དང་མི་ཚེའི་ལྟ་ཚུལ། ཡང་སྒོས་ལོ་ངོ་བཅུ་ལྷག་ལ་ལུས་རྟེན་སྐྱེས་མ་ཡིན་པ་གཙོར་བྱས། མི་དགོས་པའི་ལན་ཆགས་ཏེ་མིས་བྱས་པའི་སྡུག་བསྔལ་ལྷག་མ་མང་པོ་མྱངས་ཤིང་འཐུས་ཤོར་སོང་བ་གང་ཡིན་དག ཡུལ་འདིར་སྐྱིད་སྡུག་གྲུ་ནང་གཅིག་ཏུ་སོང་བའི་སྨན་བུ་མོ་དང་མ་བཟང་མོའི་ལས་དབང་ལ་བཟང་འགྱུར་གཏོང་བའི་གསོས་སུའང་སྨིན་ངེས་ན། གང་དེ་ཕྱི་མའི་ལམ་དུ་འགྲོ་ཁར་འགྱོད་པ་དང་གདུང་བ་སེལ་བའི་མར་རྩམ་བྲོ་ཁ་ཞིམ་པོ་ཞིག་ཏུ་ལོག་པ་ཅི་ལ་མིན། དེ་བཞིན་རང་གི་རིག་གནས་བང་མཛོད་དུ་དཀར་ཐིགས་གཅིག་འཇོག་ཐུབ་ནའང་། བསྐལ་བ་དུས་ཀྱི་སྙིགས་མ་འདི་ལ་ལྷག་ཏུ་དོན་སྙིང་ག་ཚོད་མི་ཆེ་ཨང་།


ཀྱེ། ད་ནས་བཟུང་ཉེར་བསྡོགས་མཛོད་དང་། རྒྱུ་འབྲས་ལ་བསླུ་བ་མེད་ཙ་ན། ནམ་ཞིག་དྲུག་མོང་ནས་ཀྱི་སྙེ་མ་ཁྲོ་ལོ་ལོར་འབྲས་བཟང་གཡུར་དུ་ཟ་བ་འབྱུང་བར་དོགས་པ་རྐང་གཅིག་ཟ་ཅི་ལ་དགོས།


དེ་འདྲའི་བསམ་པ་འགྲུབ་པ་ལ། དེ་རིང་ནས་བཟུང……


མཐར། ཉི་མ་རེ་རེའི་དུས་ཚོད་རང་གི་འདོད་པའི་ལས་ཀའི་སྟེང་ལ་བཀོལ་བའི་རང་དབང་ད་ནས་དཔྱོད་ལྡན་མ་ཁྱོད་ལ་ཡོད་པའི་སྨོན་ལམ་ཁ་བྲོའང་ཞར་ལ་བཏབ།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号