རྩེད་འཇོའི་དམངས་སྲོལ།

དམངས་སྲོལ་རིག་གནས་ཀྱི་རྒྱ་སྐྱེད་ཚུལ་ལ་རྣམ་པ་མང་པོ་ཡོད་སྲིད་དེ། མི་སྒེར་དང་ཚོགས་པ་གང་ཞིག་ཡིན་རུང་ཆགས་ཟིན་པའི་དམངས་སྲོལ་རིག་གནས་དེ་ཡུལ་གྲུ་མི་གཅིག་པ་ཞིག་ནས་སྤྱད་ཅིང་མྱོང་ན། ཡུན་གྱིས་རྒྱ་བསྐྱེད་ཀྱི་དམིགས་ཡུལ་ཏོག་ཙམ་ཞིག་མི་འགྲུབ་པ་མི་སྲིད་དོ།། འོན་ཀྱང་དམངས་སྲོལ་རིག་གནས་རྒྱ་སྐྱེད་སྟངས་གཙོ་བོ་རྒྱུན་ལྡན་དང་རྒྱུན་ལྡན་མ་ཡིན་པའི་རྣམ་པ་གཉིས་སུ་འདུ། རྒྱུན་ལྡན་གྱི་རྒྱ་སྐྱེད་སྟངས་ནི་ཞི་བདེ་དང་འཆམ་མཐུན་གྱི་ཁོར་ཡུག་ནས་རང་འདོད་ལྟར་བྱེད་ལ། དེ་ནི་མི་རིགས་དང་ས་ཁུལ་མི་འདྲ་བ་སོ་སོའི་བར་གྱི་དམངས་སྲོལ་རིག་གནས་ཕན་ཚུན་བརྗེ་རེས་དང་ཡང་ན་ཕན་ཚུན་ལ་ཤན་ཞུགས་ཏེ། གཞན་གྱི་ལེགས་ཆ་དག་ཕན་ཚུན་བསྡུ་ལེན་གྱིས་རང་ཉིད་སོ་སོའི་དམངས་སྲོལ་རིག་གནས་ཀྱི་གྲས་སུ་ཚུད་དུ་བཅུག་པ་སོགས་ལ་ཟེར་ཏེ། དཔེར་ན། རྒྱ་རིགས་ཀྱི་གོམས་སྲོལ་ལྟར། བོད་རིགས་ས་ཆ་མང་པོ་ཞིག་ཏུ་ད་ལྟའི་དུས་འདིར་ཡུན་རིང་ལ་ཁ་གྱེས་ནས་ངོ་མ་ཐུག་པའི་གྲོགས་པོ་དང་ཤ་ཉེ་དང་འཕྲད་ན་སྔར་གྱི་དུས་སུ་རང་རིགས་ཀྱི་འབྲོག་ཕྱོགས་ས་ཁུལ་དུ་དར་བའི་དཔྲལ་བ་དང་འགྲམ་པར་འོ་བྱེད་པའི་སྲོལ་དེ་བརྗེད་པ་ལྟར་གྱུར་ནས་ཕན་ཚུན་ལག་འཇུ་རེ་བྱེད་པ་ལྟ་བུ་དང་། གཞན་ཡང་བོད་མི་རིགས་ཀྱི་གོམས་སྲོལ་ལྟར་རྒྱ་རིགས་སོགས་མི་རིགས་མང་པོ་ཞིག་གིས་ཀྱང་གྲོགས་པོ་དང་མགྲོན་པོ་གལ་ཆེན་ལ་ཁ་བཏགས་འབུལ་བའོ།།

དང་པོ། རྩེད་འཇོའི་རོལ་རྩེད་ཀྱི་བྱུང་བ།

རྩེད་འཇོའི་རོལ་རྩེད་ནི་མིའི་རིགས་ཀྱི་ཡིད་ཀྱི་སྐྱོ་བ་སངས་ཤིང་། ལུས་ཀྱི་ངལ་བ་སེལ་བའི་ལུས་སེམས་སྙོམ་སྒྲིག་བྱ་རྒྱུ་གཙོར་བཟུང་གི་བྱ་ཐབས་ཤིག་དང་། མི་རབས་རྗེས་མར་ཤེས་རིག་བསྐྱེད་པ་དང་། མི་གཤིས་ལེགས་སྐྱོང་གི་སློབ་གསོ་གལ་ཆེན་ཞིག་ཀྱང་ཡིན་པ་ནི་བསྙོན་དུ་མེད། དེ་ནི་ཐོག་མར་མིའི་རིགས་ལ་མ་མཐའི་འཚོ་གཞེས་ཀྱི་དངོས་པོ་ཆ་རྐྱེན་ཞིག་འཛོམས་པའི་རྨང་གཞིའི་སྟེང་ད་གཟོད་བྱུང་བ་ཞིག་རེད།  མདོར་ན། མིའི་རིགས་ཀྱི་བསམ་བློའི་དགོས་མཁོ་གང་རུང་ཞིག་བསྐོང་བའི་ཆེད་དུ་སྤེལ་བའི་རིག་གནས་ཀྱི་གསར་གཏོད་ཅིག་རེད།  དེར་རང་དགར་རང་བཞིན་ཅུང་ཆེ་བའི་སྟབས་བདེའི་རྩེད་འཇོ་དང་། སྒྱུ་རྩལ་རང་བཞིན་དང་སྒྲིག་ལམ་རང་བཞིན་ལྡན་པའི་རྩལ་འགྲན་རོལ་རྩེད། ཡུལ་དུས་དང་མཐུན་པའི་རང་དབང་རྩེད་འཇོ། ནང་དོན་ཕུན་སུམ་ཚོགས་པའི་དུས་སྟོན་རིག་གནས་བཅས་འདུ་བར་མ་ཟད།  བྱེད་སྒོ་དེ་དག་གིས་སྣ་མང་བྱ་བྱེད་སྤེལ་རྗེས་མི་རྣམས་ཀྱི་ལུས་སེམས་གསོ་ལ། གསར་གཏོད་ཀྱི་ནུས་པ་སྐྱེད་ཐུབ་པ་དང་། ཀུན་སྤྱོད་ཀྱི་དཔེ་གཞིའམ་ལེགས་པོ་ཞིག་བཞེངས་སྐྲུན་བྱེད་ཐུབ་པ་བཅས་ཕྱོགས་ཁ་ཤས་ནས་བརྗོད་པ་ལ།

   དམངས་ཁྲོད་ཀྱི་རོལ་རྩེད་སྣ་ཚོགས་ནི་མིའི་རིགས་ཀྱི་སྣ་མང་འཚོ་བ་དངོས་དང་འབྲེལ་ཡོད་པས། དེའི་ཐོག་མའི་བྱུང་བའང་སྣ་གཅིག་རང་བཞིན་ཅན་ཞིག་མིན་པར་གཙོ་བོ་གཤམ་གསལ་གྱི་ཆ་དག་ནས་བཤད་དགོས་ཏེ།

1.ཆོས་ལུགས་དང་འབྲེལ་བ་དམ་པོ་ཡོད་པ། རྒྱལ་ཁབ་ཕྱི་ནང་གི་སྔོན་བྱོན་མཁས་དབང་རྣམས་ཀྱིས་སྒྱུ་རྩལ་གྱི་བྱུང་བ་ནི་ཆོས་ལུགས་དང་འབྲེལ་བ་དམ་ཟབ་ཡོད་ཅེས་གསུངས་པ་ལྟར་གདོད་མའི་མི་རྣམས་ཀྱིས་རང་བྱུང་ཁམས་ལ་ངོས་འཛིན་དང་འགྲེལ་བཤད་བྱེད་པ་ལ་ཤེས་བྱ་ཆེས་དབུལ་བར་བརྟེན། ཁོ་ཚོའི་བློ་ངོས་སུ་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ལ་རྣམ་ཤེས་ཡོད་པར་སེམས་ཤིང་དེའི་རྨང་གཞིའི་སྟེང་ལྷ་མང་ལ་དད་གུས་བྱེད་པའི་ལྟ་བ་དང་བྱ་བྱེད་སྣ་ཚོགས་པ་གྲུབ་པར་མ་ཟད། དེའི་མུར་རྣམ་པ་སྣ་ཚོགས་ཀྱི་མཆོད་འབུལ་བྱེད་སྒོ་ཡང་གཅིག་ལ་གཅིག་བལྟོས་ཀྱིས་བྱུང་བ་རེད། སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་མིའི་རིགས་ཀྱི་རང་རློམ་གྱི་བསམ་པ་ཉིན་བཞིན་ཇེ་དྲག་ཏུ་སོང་བ་དང་ཕྱོགས་མཚུངས་མཆོད་འབུལ་བྱེད་སྒོའི་གཟབ་ནན་རང་བཞིན་ཡང་རིམ་གྱིས་ཡལ་ནས་ལྷ་མཆོད་རྐྱང་རྐྱང་གི་བྱེད་སྒོ་དེ་འཇིག་རྟེན་མི་ཆོས་ཀྱི་ཆ་ཤིན་ཏུ་མང་བའི་རོལ་རྩེད་དུ་ཐོད་བརྒལ་བྱུང་སྟེ། མཇུག་མཐར་དམངས་ཁྲོད་རྩེད་འཇོའི་རྣམ་གྲངས་སུ་གྱུར་བ་དཔེར་ན།  མདོ་སྨད་ཁྲི་ཀའི་ཡུལ་གྱི་ལྷ་རྩེད་དང་། རེབ་གོང་ཡུལ་གྱི་ཀླུ་རྩེད་ལྟ་བུར་མཚོན་ན་ཐོག་མར་གནའ་བོའི་དུས་སུ་ཡུལ་གྲུ་དེ་དག་གིས་རང་རང་གི་ཡུལ་ལྷ་གཞི་བདག་དང་། རང་ཡུལ་གྱི་རི་ཆུ་ནགས་གསུམ་དུ་གནས་པའི་ལྷ་ཀླུ་རིགས་སྣ་ཚོགས་ལ་མཆོད་འབུལ་བྱེད་པའི་བྱེད་སྒོ་ཞིག་ཡིན་མོད། འོན་ཀྱང་རིམ་གྱིས་ནང་དོན་དང་རྣམ་པ་ལ་འགྱུར་བ་བྱུང་སྟེ། གནའ་བོའི་ཤུལ་རྒྱུན་ཙམ་ལས་གཙོ་བོ་སྟག་ཤར་གཞོན་ནུ་རྣམས་ཀྱིས་བློ་རིག་ངོམས་ཤིང་། སྨན་ཆུང་བུ་མོ་རྣམས་ཀྱིས་སྒེག་ཉམས་ངོམས་པ་དང་། རྒྱུ་ནོམ་པ་ཅན་གྱིས་གཡུ་བྱུར་ངོམས་ཤིང་གླུ་སྲིད་པ་ཅན་གྱིས་སྐད་ངག་ངོམས་པའི་མང་ཚོགས་རང་བཞིན་ཅན་གྱི་རྩེད་འཇོ་རུ་གྱུར་ཡོད་པ་ལྟ་བུ་རེད།

2.བྲ་མོ་ལྷ་འབེབས་དང་འབྲེལ་བ་ཡོད་པ། མིའི་རིགས་རང་བྱུང་ཁམས་དང་ཡུན་རིང་འབྲེལ་འདྲིས་བྱུང་བར་བརྟེན། རང་ཉིད་ཀྱི་རྒྱུད་ལ་སྔར་མེད་ཀྱི་ཤེས་བྱ་དང་ཉམས་མྱོང་བསླབ་བྱ་སྣ་ཚོགས་པ་ཞིག་བྱུང་ཞིང་། དེ་དང་ཆབས་ཅིག་ཏུ་ལེགས་ཉེས་ཀྱི་བྱེད་སྒོ་གང་ཞིག་ཡིན་རུང་སྦྱོར་དངོས་འཇུག་གསུམ་གྱི་སྐབས་སུ་འཛེམ་བྱ་དང་བར་བགེགས་ཀྱང་གཅིག་མིན་གཉིས་མིན་དུ་འབྱུང་སྲིད་ལ། དེ་དང་བསྟུན་ནས་བགེགས་དང་བར་ཆད་དེ་དག་སེལ་ཐབས་སུ་སྐྱ་ཀའི་སྐད་ལ་བརྟག་ཚུལ་ལྟ་བུའི་སྟབས་བདེའི་མོ་འདེབས་པ་དང་། བྱད་ཟློག་གཡང་འགུགས། མེ་ལོང་པྲ་དང་མཐེ་བོང་པྲ་ཕབ་ལྟ་བུ། ལེགས་ཉེས་ལུང་བསྟན་ལ་ལྷ་འབེབས་པ་སོགས་ལས་གཞན་དུ་མི་སེམས་ཤིང་མི་དཔྱད་པ། བྱ་བྱེད་དེ་དག་ནི་རང་བྱུང་ཁམས་ལས་ཆེར་འདས་པའི་ནུས་པ་རླབས་པོ་ཆེ་ཞིག་ཏུ་བརྩི་གི་ཡོད་པར་མ་ཟད་ལྷ་པ་དང་མོ་པ་རྣམས་ཀྱང་ལྷ་མི་གཉིས་ཀྱི་ཕོ་ཉ་ལྟ་བུ་ཡིན་པས། ཁོ་ཚོའི་བྱ་བྱེད་དང་སྤྱོད་སྟངས་རེ་རེ་བཞིན་སྤྱིར་བཏང་བ་ཞིག་མིན་པར་ཆེད་དུ་དམིགས་བསལ་ཅན་དང་མཚོན་དོན་ཅན་ཤ་སྟག་ཏུ་གོ་ནས་དད་གུས་དང་བཀོལ་སྤྱོད་བྱེད་ཀྱི་ཡོད། དོན་དངོས་སུ་ལྷ་ལ་གསོལ་བ་བཏབ་སྟེ་ལྷ་མིའི་བར་ལ་འབྲེལ་འདྲིས་ཀྱིས་བགེགས་ཟློག་གཡང་འགུགས་ཀྱི་ཚུལ་དང་། མདའ་མདུང་གྲི་དར་ཐོགས་ཏེ་ཡར་མཆོངས་མར་ལྡིང་བཅས་བྱེད་པ་ནི་ད་ལྟའི་དམངས་ཁྲོད་རོལ་རྩེད་སྣ་ཚོགས་ཀྱི་ཆ་དང་ཡང་འབྲེལ་བ་ཤིན་ཏུ་ཆེ་སྟེ། དཔེར་ན། ལྷ་འཆམ་དང་གླུ་རོལ་སྐབས་ཀྱི་རྔ་བརྡུང་སྦུབ་དཀྲོལ་དང་། མདའ་མདུང་འཕྱར་ནས་གཡས་བསྐོར་གཡོན་བསྐོར་གྱི་སྟངས་སྟབས་ལྟ་བུར་མཚོན་ན་ཐོག་མའི་དོན་ནི་གནའ་བོའི་དུས་སུ་ལྷ་འབེབས་པ་དང་། མོ་འདེབས་པ་ལ་བརྟེན་ནས་ལེགས་ཉེས་གསལ་འདོན་དང་བྱད་ཟློག་གཡང་འདྲེན་གྱི་ཆོ་གའི་སྟངས་སྟབས་སུ་གྲུབ་མོད། འོན་ཀྱང་རིམ་བཞིན་ནང་དོན་དང་རྣམ་པ་ལ་འགྱུར་བ་བྱུང་སྟེ། གནའ་བོའི་ཤུལ་རྒྱུན་འཛིན་པ་ཙམ་ལས་གཙོ་བོ་ཁམས་བདེ་བག་གཡེང་གི་རྩེད་འཇོ་དང་། མི་སེམས་སྙོམ་སྒྲིག་གི་སྤྲོ་གསེང་རོལ་རྩེད་ལྟ་བུར་གྱུར་འདུག་པས་ན། བྱེད་སྒོ་དེ་དག་གི་ཐོག་མའི་ཁུངས་ནི་པྲ་ཕབ་མོ་འདེབས་སོགས་ལྷ་མི་འབྲེལ་འདྲིས་ཀྱི་བྱ་བྱེད་སྣ་ཚོགས་ལ་གཏུག་ཆོག་སྙམ་མོ།།

3.ཐོན་སྐྱེད་ངལ་རྩོལ་དང་འབྲེལ་བ་ཡོད་པ། འདིར་བརྗོད་འདོད་པའི་ངལ་རྩོལ་ཞེས་པ་ནི་མིའི་རིགས་དང་རང་བྱུང་འབྲེལ་འདྲིས་ལས་ཐོན་པའི་ཐོན་སྐྱེད་ཉམས་མྱོང་དང་། རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་ཐོན་སྐྱེད་བྱེད་སྒོ་ཡོད་ཚད་ལ་ཟེར། དེ་ནི་རྩེད་འཇོ་རོལ་རྩེད་ཐམས་ཅད་ཀྱི་མྱུ་གུ་རྒྱས་སའི་ཞིང་ས་ལྟ་བུ་ལགས་ལ། མིའི་རིགས་ཀྱིས་རི་དྭགས་རྔོན་པའི་དུས་རབས་སུ་དུས་རྒྱུན་དུ་རི་དྭགས་སྣ་ཚོགས་ལ་མྱུལ་ཞིབ་དང་འབྲེལ་བ་མང་དུ་བྱས་པར་བརྟེན། དེའི་ཐད་ཆ་རྒྱུས་དང་འཛེམ་བྱ། གོམས་སྲོལ་ཤིན་ཏུ་མང་པོ་ཞིག་ཆགས་ཡོད། ནམ་རྒྱུན་རྔོན་པ་རྣམས་རི་དྭགས་བདའ་རུ་འགྲོ་ཁར་ཡུལ་མི་རྣམས་ཀྱིས་རྔོན་འབྲས་ལེགས་པོ་ཞིག་འཐོབ་པའི་རེ་སྨོན་དུ། ལག་ཏུ་རི་དྭགས་ཀྱི་པགས་པ་སྐམ་པོ་དང་རུས་པ་བཅས་ཐོགས་ཤིང་བརྡུངས་ནས་རྟེན་འབྲེལ་གྱི་ཞབས་བྲོ་རྒྱག་ལ། སྟངས་སྟབས་ཀྱང་རི་དྭགས་ལ་དབྱུག་པས་བསྣུན་ཅིང་མཚོན་འདེབས་པའི་ཚུལ་བགྱིད་པ་དང་། ཕྱིར་ཡུལ་དུ་ལོག་པའི་སྐབས་སུའང་དགའ་སྟོན་རྟེན་འབྲེལ་གྱི་ཞབས་བྲོ་སྣ་ཚོགས་རྒྱག་པར་བྱེད། ཕྱིས་སུ་དུས་སྟོན་གྱི་སྐབས་ལ་ལས་སུ་འབྲོང་བསད་པའི་མཚོན་བྱེད་དུ་གཡག་རྔ་འཛིན་པ་དང་། མདའ་གཞུ་ཐོགས་ཏེ་ཡར་ལྟ་མར་ལྟ་དང་གཡས་གཞའ་གཡོན་གཞའ་བྱེད་པ་སོགས་ནི་གནའ་སྔ་མོའི་དུས་ཀྱི་ངལ་རྩོལ་གྱི་བྱེད་སྟངས་ལས་བྱུང་བར་མ་ཟད་ད་ལྟའི་རོལ་རྩེད་ཀྱི་རྣམ་གྲངས་སུ་དབྱུག་མདུང་འཕེན་པ་དང་། འུར་རྡོ་རྒྱག་པ། མདའ་རྩེད་བྱེད་པ། རྟ་རྒྱུག་སོགས་ནི་ན་ལས་ཐོན་སྐྱེད་ཀྱི་རྣམ་པ་ཡང་བསྐྱར་བཟོས་པ་ལྟ་བུ་དང་། གཞན་ད་དུང་ད་ལྟའི་རོལ་རྩེད་དུ་རྨ་བྱ་དང་བྱ་རྒོད་ཀྱི་སྟངས་སྟབས་རོལ་བ་དང་། རྐང་སྟབས་བསྒྱུར་ཞིང་ལག་ཟུང་འཁྲབ་པ། ངག་རྩལ་དང་བློ་རྩལ་སྣ་ཚོགས་འདོན་པ་སོགས་ཏེ། མདོར་ན། གནའ་བོའི་དུས་ཀྱི་ལུས་ཤུགས་ངལ་རྩོལ་དང་ཀླད་ཤུགས་ངལ་རྩོལ་གྱི་སྲོལ་རྒྱུན་ལས་མ་འདས་པས། རྩེད་འཇོའི་རོལ་རྩེད་ཀྱི་བྱུང་བ་ནི་ངལ་རྩོལ་དང་ཐད་ཀར་འབྲེལ་བ་དམ་པོ་ཡོད་ཅེས་བཤད་ཆོག

4.སྲིད་སྐྱོང་དམག་དོན་དང་འབྲེལ་བ་ཡོད་པ། འདིར་བརྗོད་པའི་དམག་དོན་ཞེས་པ་ནི་སྒྲ་ཡངས་འཇུག་གི་སྒོ་ནས་དམག་དོན་གཞུང་ལུགས་སོགས་རྒྱ་ཆེ་བའི་དམག་དོན་ཤེས་བྱ་ཐམས་ཅད་ལ་མི་གོ་བར་དམག་དོན་གྱི་བྱ་རིམ་ཁྲོད་ཀྱི་མཇུག་མཐའི་རིམ་པ་སྟེ། འཐབ་མོའི་འཐབ་རྩལ་འབའ་ཞིག་ལ་གོ་ཞིང་། དེ་ཡང་དེང་གི་རྩལ་འགྲན་རོལ་རྩེད་སྣ་ཚོགས་ཀྱི་བྱུང་བ་ནི་མང་ཆེ་ཤོས་དམག་དཔུང་གི་དམག་རྩལ་སྦྱོང་བརྡར་བྱེད་པའི་གོ་རིམ་དེ་དང་འབྲེལ་ཡོད་དེ། དཔེར་ན། རྟ་ཐོག་ནས་འཁྱུག་རྩལ་ངོམས་ཤིང་། ཐང་གི་ཁ་བཏགས་དང་། ཞྭ་མོ། གློ་གྲི། དངུལ་སྒོར་སོགས་ལེན་པར་འགྲན་པ་དང་། གཡང་འཕྲང་དང་ན་གཞོང་དུ་རྟ་རྩལ་འགྲན་ཞིང་། ཡར་ལངས་མར་སྒུར་བྱེད་པ་སོགས་དེང་གི་རོལ་རྩེད་བྱེད་སྒོ་དེ་དག་ནི་ཐོག་མ་དམག་སྦྱོང་བ་ལས་བྱུང་བ་ཀུན་གྱིས་ཤེས་གསལ་ལྟར་ལ། དེའི་སྐོར《སྲོང་བཙན་སྐབས་ཀྱི་དམག་ཆས་དང་དེས་ཤན་ཞུགས་པའི་ད་ལྟའི་སྣང་ཚུལ》 ཞེས་པའི་ཆེད་རྩོམ་དུ་ཞིབ་ཏུ་བཀོད་ཡོད་པས་དེར་གཟིགས་པར་འཚལ། གཞན་ད་དུང་འཇུ་རེས་རྒྱག་པ་དང་། སྐེ་འཐེན་དང་གླང་ཆེན་ས་གཤགས། ཐག་འཐེན། རྐྱལ་རྩལ་འགྲན་པ། ས་འགྱོགས་རྡོ་འགྱོགས། ཐག་རྩེད་སོགས་མདོར་ན་ཕོ་རྩལ་སྣ་དགུ་དང་བཅས་པའང་གོང་དུ་བཤད་ཟིན་པའི་དམག་གི་སྦྱོང་བརྡར་ལས་བྱུང་བ་ནི་བསྙོན་མེད་དུ་གྲུབ་པ་ལྟ་བུའོ།།

( གཅན་ཚ་བཀྲ་བྷོས་བརྩམས་པའི《དམངས་སྲོལ་རིག་པའི་སྤྱི་དོན》ལས་དྲངས།)



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号