རྩོམ་པ་པོ་སྨྲི་ཏི་མཚན་འབར་གྱི་སྒྲུང་དེབ《ཁྲུང་ཁྲུང》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ།

ཉེ་ལམ། རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲམ་སྡུར་སྐབས་ལྔ་པའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་གྱི་རྩོམ་པ་པོ་སྨྲི་ཏི་མཚན་འབར་གྱིས་བརྩམས་པའི་སྒྲུང་དེབ《ཁྲུང་ཁྲུང》ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།


  དེབ་ཆུང་འདི་ནི་ཉིས་སྟོང་ཉེར་གཅིག་ལོར་བྲིས་གྲུབ། སྐབས་དེར། ཁ་བྱང་ལ《གསེར་ཉ་གྲོང》ངམ《ཁྲུང་ཁྲུང》གང་ཞིག་གདགས་དགོས་པའི་ཐད་ལ་རང་གིས་མནོ་བསམ་མང་པོ་བྱས་པ་དང་རིགས་མཐུན་གྱི་སྨྱུག་གྲོགས་དག་ལའང་དྲིས་མཐར། 《གསེར་ཉ་གྲོང》དུ་བཏགས་ཏེ“ཉིས་སྟོང་ཉེར་གཉིས་ལོའི་ནག་ཆུའི་ཕུལ་བྱུང་བརྩམས་ཆོས་འདེམ་སྒྲུག”གི་གྲས་སུ་བཞག་པ་ཡིན། 

དེབ་ཆུང་འདི་ཡིས་རང་ཉིད་ནི་རང་ཉིད་ཀྱི་ཀློག་པ་པོ་ཞིག་དང་། ནམ་ཡང་ཚིག་དང་ཐ་སྙད་ཀྱིས་ངོ་འཕྲོད་པར་དཀའ་པའི་ཆོས་ཉིད་ཀྱི་བརྡ་ཡིག་ཏུ་བརློམས་ནས་བརྩེ་བའི་མ་ཡུམ་ལ་ཕུལ་བ་ཙམ་ཡིན་མོད། དེའི་ཁྲོད་ཀྱི་བརྩམས་སྒྲུང་ཁ་ཤས་དུས་དེབ་ཁག་ཏུ་འཁོད་པ་དང་། བྱ་དགའ་དང་གཏང་རག་ཐར་ཐོར་འགའ་རེག་པར་བརྟེན། མཐར་འདི་ནི་རང་དང་འདྲ་བའི་ཡིག་འབྲུ་བཅུད་དུ་སྒོམ་མཁན་གྱི་ཀློག་པ་པོ་དག་ལ་ཕུལ་བའི་དོད་དུ་གྱུར་འདུག 

དེབ་ཆུང་འདི་སྒོར་མ་བུད་པར་ལོ་ཤས་འགོར་སོང་ནའང་། ང་ལ་མཚོན་ན་རྐྱེན་ངན་གྲོགས་ཤར་དུ་གྱུར་པ་སྟེ། རང་ནུས་ཅི་ལྕོགས་ཀྱི་བཞུན་བརྡར་ཐུབ་པ་དང་། རང་ཉིད་དགའ་བའི་སྒྲུང་དག་བཅུག་པ། མི་དགའ་བ་དོར་བ་སོགས་སྙིགས་དོར་བཅུད་ལེན་གྱི་དུས་ཚོད་རྙེད་པ། རང་རྩོམ་རང་གིས་བཀླག་རྒྱུར་དགའ་ཤོས་སུ་གྱུར་ཏེ་མཐར་རང་ཉིད་ནི་རང་གི་ཀློག་པ་པོ་ཡག་ཤོས་སུ་གྱུར་པ་བཅས་རེད།  

ད་ལོར་དེབ་ཆུང་འདི་སྒོར་བུད་དུས། ངས་བཤད་འདོད་པ་ཐ་དག་དེབ་ཆུང་འདིར་བཤད་ཟིན་ཏེ། ང་ལ་ལྷག་མ་ཅི་ཡང་བཤད་རྒྱུ་མེད་པས། དེབ་ཆུང་འདི་ནི། ཡི་དམ་ཆོས་ཉིད་རྒྱལ་མོས་ཞལ་གཟིགས་གནང་བའི་ཁྱུ་མཆོག་དག་གི་ཞལ་དུ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཆོས་ཉིད་ཀྱི་དཀྱིལ་འཁོར་དུ་བཞུགས་པའི་བརྩེ་བའི་མ་ཡུམ་དང་འབྲེལ་ཐོགས་དག་གི་ཞལ་དུ་གསོལ་ལོ། །མཆོད་དོ། །འབུལ་ལོ། །ཆོས་ཉིད་རྒྱལ་མོའི་འཁོར་དུ་གྱུར་པའི་མཆེད་དང་ལྕམ་དྲལ་དག་གི་ཞལ་དུ་གསོལ་ལོ། །མཆོད་དོ། །འབུལ་ལོ། །

                                         རྩོམ་པ་པོས།

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

སྨྲི་ཏི་མཚན་འབར། དངོས་མིང་ལ་བསྟན་འཛིན་ཆོས་འཕེལ་ཟེར།ནག་ཆུ་ལྷ་རི་རྫོང་སྨྲི་ཏི་ཁ་ནས་སྐྱེས། བོད་ལྗོངས་རྩོམ་པ་པོ་མཐུན་ཚོགས་ཀྱི་ཁོངས་མི་ཡིན། བརྩམས་ཆོས་འགའ་ཤས《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མི་རིགས་ཀྱི་རྩོམ་རིག》སོགས་སུ་བཀོད་ཡོད། 2023ལོར་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་ཁྲོད་བྱ་དགའ་ཨང་དང་པོ་ཐོབ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号