དེབ་གསར། «རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»

ཉེ་སྔོན། ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་མགར་རྩེ་ཡི་དམ་ཚེ་རིང་ལགས་ཀྱིས་བརྩམས་པའི་དབུས་གཙང་རུ་བཞིའི་གནའ་ཤུལ་དང་མཁར་དགོན་གྲགས་ཅན་ཁག་གི་རིག་གཞུང་རྟོག་ཞིབ་དེབ«རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་དཔྱད»ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་བྱས།

དེ་ཡང་འཛམ་གླིང་ཤར་ནུབ་ཀུན་ཏུ་འཚོ་ཞིང་གནས་པའི་རྒྱལ་ཁབ་དང་མི་རིགས་གང་ཞིག་ཡིན་ཡང་། རང་གི་རིགས་རྒྱུད་ཀྱི་བྱུང་ཁུངས་དང་འབྲེལ་བའི་ཤེས་རིག་གི་འབྱུང་ཡུལ་མ་འདྲ་བ་རེ་ཡོད། རང་རེར་མཚོན་ན། ཡར་ལུང་ལྟེ་བར་བྱས་པའི་དབུས་གཙང་རུ་བཞིའི་ཡུལ་ཁམས་ནི་བོད་མིའི་ཤེས་རིག་གི་འབྱུང་ཁུངས་དང་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་ཡིན། ལྗོངས་འདིར་མི་ལོ་ཁྲི་ཕྲག་དུ་མའི་གོང་རོལ་ནས་འགྲོ་བ་མིའི་རིགས་འཕེལ་ཏེ་རིམ་གྱིས་རུས་རྒྱུད་ཚོ་བ་དང་ཚོ་ཤོག་མང་དུ་གྱེས་ཤིང་། ལོ་རྒྱུས་སྟེང་མངའ་མཛད་བཅུ་དང་། རྒྱལ་ཕྲན་སིལ་མ་བཞི་བཅུ། རྒྱལ་ཕྲན་སིལ་མ་བཅུ་གཉིས་སོགས་ཀྱིས་དབང་བྱས་མཐར། སྤུ་རྒྱལ་བཙན་པོའི་རྒྱལ་རབས་ཀྱིས་རྒྱལ་ཕྲན་ཀུན་ལ་མངའ་མཛད་དེ་ཡུལ་གྲུ་འདིར་གནའ་བོའི་བོད་ཀྱི་ཤེས་རིག་མང་པོ་གསར་བསྐྲུན་མཛད་མྱོང་།

སྔར་གྱི་དུས་སུ་དབུས་གཙང་རུ་བཞིའི་ཡུལ་ཁམས་འདི་ནི་འཛམ་གླིང་ཤར་ནུབ་ཀྱི་ཚོང་ཟོག་བརྗེ་རེས་དང་རིག་གནས་རྒྱུ་འགྲུལ་གྱི་ལམ་ཁ་ཞིག་ཀྱང་ཡིན་ཏེ། བཙན་པོའི་རྒྱལ་རབས་དུས་སུ་ནུབ་ཀྱི་ཨེ་ཤ་ཡ་དབུས་རྒྱུད་བར་དུ་གླ་རྩིའི་ཚོང་ལམ་དར་ནས་བོད་ཀྱིས་ཏ་ཟིག་དང་སོག་དག་ལ་སོགས་པར་གླ་རྩི་དང་པགས་རིགས། ཁྲབ་རྨོག་སོགས་ཀྱི་ཚོང་ཟོག་བསྣམས་ཤིང་ཡུལ་དེ་གའི་ཟ་འོག་གོས་ཆེན་དང་གསེར་དངུལ་གྱི་ཅ་ལག་སྣ་ཚོགས་ཡུལ་དབུས་སུ་ནང་འདྲེན་བྱས། དུས་རབས་བཅུ་གཅིག་པའི་རྗེས་ཙམ་གྱི་དབྱི་སི་ལན་གྱི་ལོ་རྒྱུས་དེབ་ཐེར«སྲིད་ན་དཀོན་པའི་ཆེས་རིན་བྲལ་གྱི་དཔེ་དེབ»ཅེས་པར། སྤྱི་ལོའི་དུས་རབས་དྲུག་པར་ས་ཧྲན་རྒྱལ་རབས་ཀྱི་རྒྱལ་པོ་ཁུའུ་སི་ལའོ་གདུང་རབས་དང་པོས་པར་ཟིག་གི་ཏར་པན་ཏི་ལྕགས་རི་འཛུགས་སྐྲུན་བྱེད་སྐབས། སྤུ་རྒྱལ་བཙན་པོས་ཁྲབ་རྨོག100དང་། གསེར་ཆུ་བྱུགས་པའི་ཕུབ100དང་། གླ་རྩི་ཐུམ4000བཅས་ཕུལ་བའི་ལོ་རྒྱུས་བཀོད་ཡོད་པ་དང་། བོད་ལྗོངས་ལྷོ་ཁའི་རིག་དངོས་བཤམས་སྟོན་ཁང་དུ་སྤྱི་ལོའི་དུས་རབས6—7བར་གྱི་གནའ་བོའི་ཀེ་རི་སི་ལུགས་ཀྱི་དངུལ་སྡེར་རི་མོ་ཅན(希腊风格的银盘)དང་ས་ཧྲན་རྒྱལ་རབས་ཀྱི་དོང་ཙེ(萨山王 银币)སོགས་མི་ལོ་ཆིག་སྟོང་བཞི་བརྒྱའི་སྔོན་གྱི་ཡོ་རོབ་དང་ཨེ་ཤ་ཡའི་དབུས་རྒྱུད་ས་ཁུལ་ནས་ཐོན་པའི་རིག་དངོས་དག་ཉར་ཚགས་གནང་ཡོད། ཀྲེན་གོན་ཁྲི་ལོ་བཅོ་ལྔ་བ་སྟེ་སྤྱི་ལོ641ལོར་རྒྱ་བཟའ་འུན་ཤིང་ཀོང་ཇོ་བོད་དུ་བསུས་པ་ནས་བཟུང་། ཐང་བོད་གནའ་ལམ་གྱི་རྒྱུ་འགྲུལ་དངོས་སུ་འགོ་ཚུགས་ནས་ཤར་གྱི་ཙི་ནའི་ཡུལ་གྱི་སྐར་རྩིས་དང་སྨན་གཞུང་། ས་དཔྱད། དར་གོས། བཟོ་རིགས་ལག་རྩལ་སོགས་ནང་འདྲེན་བྱས་ཏེ་ཤར་ཕྱོགས་ཐང་དང་ནུབ་ཨེ་ཤ་ཡ་དབུས་རྒྱུད་བར་དུ་ཚོང་ཟོག་དང་རིག་གནས་སྣ་མང་བརྗེ་རེས་བྱས།

ཡང་དུས་སྐབས་དེ་ཙམ་དུ་བལ་བཟའ་ཁྲི་བཙུན་སྲོང་བཙན་སྒམ་པོའི་ཁབ་ཏུ་བཞེས་ཤིང་ལྷོ་བལ་གྱི་ཆོས་བོད་ཡུལ་དུ་གདན་དྲངས་ཏེ་ལྷ་བཙན་པོ་དག་གི་སྐུ་རིང་ལ་རྒྱལ་བའི་གསུང་རབ་མང་པོ་བོད་དུ་བསྒྱུར་བ་ནས་རིག་གནས་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གྱུར་ཞིང་། རིམ་གྱིས་རྒྱ་གར་གྱི་པཎྜི་ཏ་དང་བོད་ཡུལ་གྱི་སྐྱེས་ཆེན་མང་པོ་ཕར་འགྲོ་ཚུར་འོང་རྒྱུན་ཆད་མེད་པར་བྱུང་། ཐང་བོད་གནའ་ལམ་དབུ་ཚུགས་རྗེས་དབུས་གཙང་གི་ཡུལ་གྲུ་འདི་ཐང་ནས་རྒྱ་གར་དུ་བགྲོད་པའི་རྒྱུ་འགྲུལ་གྱི་ལམ་ཁ་ཞིག་ཏུའང་ཆགས། དུས་རབས་བདུན་པའི་དུས་དཀྱིལ་དུ་ཐང་གི་ཕོ་ཉ་ཝང་ཞོན་ཚུའེ་གཙང་གི་ས་ཁོངས་བརྒྱུད་ནས་རྒྱ་གར་དུ་ཕྱིན་པ་དང་། སྤྱི་ལོའི་དུས་རབས་བཅུ་པའི་དུས་མཇུག་ཏུ་སུང་གི་དགེ་སྦྱོང་ཅི་ཡེ་སན་ཙང་སོགས་རྒྱའི་ཧྭ་ཤང་དཀའ་ཐུབ་ཅན་སུམ་བརྒྱ་ལྷག་ཧི་མ་ལ་ཡའི་ནུབ་རྒྱུད་བསྐོར་ནས་རྒྱ་གར་དུ་སངས་རྒྱས་ཀྱི་རིང་བསྲེལ་དང་ཤིང་ཏ་ལའི་ལོ་མའི་ཡི་གེ་འཚོལ་བར་ཕྱིན་ཅིང་། ཕྱིར་ལམ་རྒྱ་གར་ཤར་རྒྱུད་ཀྱི་ཀུ་ཤའི་གྲོང་ཁྱེར་ནས་བལ་ཡུལ་མཐིལ་བརྟོལ་ཏེ་མང་ཡུལ་གུང་ཐང་བརྒྱུད་ནས་ཆོས་འཁོར་བསམ་ཡས་སུ་འབྱོར་བ་དང་དེ་ནས་ཐང་བོད་གནའ་ལམ་བརྒྱུད་དེ་ཕྱིར་རང་ཡུལ་དུ་ལོག

གཞན་ཡང་གཙུག་ལག་རིག་གནས་ཐད། བསྟན་པ་སྔ་ཕྱི་དར་གང་གི་དུས་སུ་རུ་བཞིའི་ཁོངས་འདིར་གནམ་གྱིས་ས་བཀབ་པ་ལྟ་བུའི་སྐྱེས་ཆེན་བརྗོད་ཀྱིས་མི་ལངས་པ་བྱོན་ནས་བོད་ཀྱི་རིག་གནས་དར་སྤེལ་ཐད་མཛད་རྗེས་བླ་ན་མེད་པ་བཞག །སྔ་དར་གྱི་དུས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་བཀའ་དྲིན་གྱི་མཐུས་ལྷོ་བལ་དང་རྒྱ་གར་གྱི་ནང་བསྟན་བོད་ཡུལ་དུ་དར་བར་བྱས་ཏེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཤིང་། སད་མི་མི་བདུན་དང་། ལོ་ཙཱ་བ་རབ་དགུ། རྗེ་འབངས་ཉེར་ལྔ་སོགས་ལོ་པཎ་རྣམས་ཀྱིས་རྒྱལ་བའི་གསུང་རབས་མང་པོ་བོད་སྐད་དུ་བསྒྱུར་ཏེ་དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཏུ་གྱུར། ཕྱི་དར་གྱི་སྐབས་སུ་མངའ་རིས་རྒྱལ་པོ་ལྷ་བླ་མ་ཡེ་ཤེས་འོད་ཁུ་དབོན་དང་ལོ་ཆེན་རིན་བཟང་། བོད་མཁས་པ་མི་གསུམ་དང་དབུས་གཙང་མཁས་པ་མི་བཅུ་ལ་སོགས་སྐྱེས་ཆེན་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་སླར་ཡང་གངས་རིའི་ལྗོངས་འདིར་རྒྱས་པར་བྱས་ཏེ་ས་དགེ་བཀའ་རྙིང་གི་གྲུབ་མཐའ་དག་རིམ་པར་བྱུང་ཞིང་། བོད་ཁམས་ཀྱི་ད་ལྟའི་ཆོས་འཆད་ཉན་དང་གཞན་ལ་ངོམ་དུ་རུང་བའི་རིག་གནས་དེ་དག་ཀྱང་སྔོན་བྱོན་སྐྱེས་ཆེན་དེ་དག་གི་བྱས་པ་ཁོ་ན་ལས་མ་འདས་པས། རུ་བཞིའི་ཁོངས་ཀྱི་གནའ་ཤུལ་དང་མཁར་དགོན་གྲགས་ཅན་དག་ལ་འགྲིམས་ཚེ་མི་རིགས་ཤིག་གི་འདས་མ་ད་གསུམ་གྱི་སྲིད་འབྱོར་རིག་གསུམ་གྱི་དར་རྒུད་ལ་རྒྱུས་མངའ་ཅུང་ཟད་རེ་ལེན་ཐུབ། རྒྱུ་མཚན་དེར་བརྟེན་2018ལོ་ནས་འགོ་ཚུགས་ཏེ་སྔ་ཕྱིར་ལོ་ངོ་བཞིའི་རིང་ལ་དབུས་གཙང་གཉིས་ཀྱི་ཆར་ཡུལ་དངོས་རྟོག་ཞིབ་ཐེངས་བཞི་ལ་སོང་སྟེ། སྔོན་གྱི་གནའ་ཤུལ་དང་མཁར་དགོན་གྲགས་ཅན་དག་གི་མཐོང་ཐོས་ཀྱི་རྒྱུ་ཆ་གསོག་ཉར་དང་ཟིན་འགོད་བྱས་ཏེ་དེབ་འདི་བསྐྲུན་པ་ཡིན།

དེབ་འདི་མ་གཞིར་ཡུལ་སྐོར་ཟིན་ཐོའི་རིགས་སུ་གཏོགས་ནའང་། ཁོ་བོ་བོད་ཀྱི་ལོ་རྒྱུས་ལ་སྦྱངས་པ་ཅུང་ཟད་བྱེད་མྱོང་མཁན་ཞིག་ཡིན་པའི་ཆ་ནས། ཡུལ་དངོས་གར་སོང་གི་གནས་ཚུལ་རྐྱང་བ་ཟིན་ཐོར་བཀོད་ན་གནས་ཡིག་ཁོ་ན་ཙམ་དུ་འགྱུར་བར་དོགས་ཏེ། ཡུལ་དངོས་བརྟག་དཔྱད་དང་ཡིག་ཚང་ཟུང་འབྲེལ་གྱི་ལམ་ནས་རུ་བཞིའི་ཡུལ་ཁམས་ཉུལ་བའི་མཐོང་ཐོས་མྱོང་གསུམ་ལ་རང་བློའི་ལྕོགས་ཚད་ཀྱིས་དཔྱད་ཞིབ་ཅུང་ཟད་ཀྱང་བགྱིས་ཡོད་པས། དེབ་འདི་རིག་གཞུང་རྟོག་ཞིབ་ཀྱི་ཟླར་འགྲོ་ཞེས་བརྗོད་ཀྱང་མི་ཆོག་པ་མེད། དེབ་འདིའི་རྟོག་ཞིབ་གནས་ཡུལ་གཙོ་བོ་རུ་བཞིའི་ཁོངས་ཀྱི་གནའ་ཤུལ་དང་མཁར་དགོན་གྲགས་ཅན་ཁག་ཡིན་མོད། དབུས་གཙང་རུ་བཞིའི་ཡུལ་གྲུ་འདི་ས་རྒྱ་ཆེ་ཞིང་གནའ་ཤུལ་གྲགས་ཅན་བགྲང་ལས་འདས་པ་ཡོད་པས། དེ་དག་གཅིག་ཀྱང་མ་ལུས་པར་བཤད་དགོས་ན་མི་ཚེ་གཅིག་ལ་འགྲིམས་ཀྱང་རྫོགས་མི་སྲིད་ལ། གཙོ་ཕལ་མ་ཕྱེ་བ་དང་རིགས་དབྱེ་མ་བགྱིས་པར་གླེང་ན་ཆེད་ལས་རིག་ཚན་གྱི་ངོས་ནས་བལྟས་ན་དགེ་མཚན་ཆེན་པོ་ཡང་མ་མཆིས་པའི་ཕྱིར་ན། འདིར་རུ་བཞིའི་ཁོངས་སུ་མཆིས་པའི་བཙན་པོའི་རྒྱལ་རབས་དུས་ཀྱི་ཕོ་བྲང་དང་གཙུག་ལག་ཁང་། སྟོང་སྡེའི་གནས་ཡུལ། བང་སོ། རྡོ་རིང་དང་བྲག་བརྐོས་ཡི་གེ། དྲིལ་བུའི་ཁ་བྱང་། ཕྱི་དར་དུས་ཀྱི་མཁར་དགོན་གྲགས་ཅན་སོགས་ཅུང་གལ་ཆེ་བ་རྣམས་གཞིར་བཟུང་བའི་ཐོག་ཞར་བྱུང་སུམ་པ་རུའི་གནའ་ཤུལ་ཁག་ཅིག་ལ་རྟོག་ཞིབ་ཏུ་བཅར་བའི་གནས་ཚུལ་གྱིས་ཟུར་བརྒྱན་ཏེ་བཀོད་ཡོད།

སྔ་ཕྱིར་ལོ་ངོ་བཞིའི་རིང་ལ་ཁྱོན་དབུས་གཙང་རུ་བཞིའི་ཁོངས་ཀྱི་རྫོང་ཁག་སོ་ལྔ་དང་། བརྟག་དཔྱད་གནས་ཡུལ་བརྒྱ་དང་སུམ་ཅུ་ལྷག་ལ་སོང་ཞིང་། འདིར་བརྟག་དཔྱད་གནས་ཡུལ་དེ་དག་གྲས་ཀྱི་ཅུང་གལ་ཆེ་བ་རྣམས་བདམས་ནས་ཀློག་མཁན་ཚང་མར་གཟིགས་བདེ་བའི་ཆེད་དུ་རང་ཉིད་ཆེད་བཅར་གྱི་གནའ་ཤུལ་དང་། མཁར་དགོན་གྲགས་ཅན་དག་གི་པར་རིས་དང་བཅས་བཀོད་ཡོད་པས། དེབ་འདི་ལས་དབུས་གཙང་རུ་བཞིའི་ཁོངས་ཀྱི་ཡུལ་ལུང་འདི་གར་དངོས་བཅར་བྱེད་མ་མྱོང་བའི་སྐྱེས་བུ་མང་པོ་ཞིག་ལ། བཙན་པོའི་རྒྱལ་རབས་དུས་ཀྱི་ཕོ་བྲང་དང་གཙུག་ལག་ཁང་། རྡོ་རིང་ཡི་གེ་སོགས་ཀྱིས་མཚོན་པའི་མི་ལོ་ཆིག་སྟོང་སྔོན་གྱི་གནའ་ཤུལ་དང་། བོད་ཁམས་སིལ་བུར་འཐོར་བའི་རྗེས་ཀྱི་མཁར་དགོན་གྲགས་ཅན་དག་གི་སྔོན་གྱི་བྱུང་བ་དང་ད་ལྟའི་གནས་སྟངས་སོགས་ལ་རྒྱུས་མངའ་ཅུང་ཟད་ལོན་པའི་སེམས་འདུན་འཆང་ཡོད།

རྩོམ་པ་པོ་ནས།

རྩོམ་པ་པོ་ངོ་སྤྲོད།

མགར་རྩེ་ཡི་དམ་ཚེ་རིང་། ཏུན་ཧོང་ཡིག་རྙིང་ཆེད་ལས་ཀྱི་འབུམ་རམས་པ། 1988ལོར་མཚོ་སྔོན་འབལ་རྫོང་དུ་སྐྱེས། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཞོན་པ་དང་བོད་ཀྱི་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ། ཤེས་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། ཀན་སུའུ་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་མི་བཅས་ཡིན།

ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་ཏུན་ཧོང་ཡིག་རྙིང་དང་བོད་ཀྱི་གནའ་རབས་ཡིག་ཚང་སྐོར་ཡིན། སྔ་རྗེས་སུ་མཚོ་སྔོན་དགེ་ཐོན་སློབ་ཆེན་དང་། མཚོ་སྔོན་མི་རིགས་སློབ་ཆེན། ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲིམས་ཏེ་སློབ་རམས་པ་དང་། ཤེས་རམས་པ། འབུམ་རམས་པ་བཅས་ཀྱི་བསླབ་གནས་བླངས།

སྔ་ཕྱིར«ཀྲུང་གོའི་བོད་རིག་པ»དང«མཚོ་སྔོན་སྤྱི་ཚོགས་ཚན་རིག» «མཚོ་སྔོན་མི་རིགས་སློབ་ཆེན་རིག་དེབ»སོགས་ཀྱི་རིག་གཞུང་དུས་དེབ་སྟེང་དཔྱད་རྩོམ་སུམ་ཅུ་ལྷག་སྤེལ། པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པ་དང་། རྒྱལ་ཡོངས་ན་གཞོན་གྱི་བོད་རིག་པའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ། རྒྱལ་ཡོངས་བོད་ཡིག་གནའ་དཔེ་དག་སྒྲིག་དང་ཞིབ་འཇུག་སྐོར་གྱི་མཐོ་རིམ་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དང་། གསུམ་པ། བཞི་བ་བཅས་ལ་ཚོགས་ཞུགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号