དེབ་གསར། «གསོ་རིག་རྒྱུད་བཞི་དཔེ་བསྡུར་མ་བཞུགས་སོ།།»

སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གིས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཤིང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བགྱིས་པའི་སི་ཁྲོན་བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁང་གི་གཙུག་ལག་རིག་གནས་མུ་འབྲེལ་དཔེ་ཚོགས་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མཛད་པའི«གསོ་རིག་རྒྱུད་བཞི་དཔེ་བསྡུར་མ»ད་ལྟ་དངོས་སུ་དཔེ་སྐྲུན་འགྲེམ་སྤེལ་བྱས།

བོད་ལུགས་གསོ་རིག་གི་ཕྱི་མོའམ་གཞི་རྩར་གྱུར་པའི་གསོ་རིག་རྒྱུད་བཞི་ནི་སྡེ་དགེ་པར་མ་མ་ཡིག་ཏུ་བཟུང་ཞིང་། རྒྱུད་བཞི་གྲ་ཐང་པར་མ(འོག་མཆན་ལ«གྲ»ཞེས་བསྡུས་འབྲི་བྱས་ཡོད།)དང་། རྒྱུད་བཞི་སྒམ་པོའི་པར་མ།(འོག་མཆན་ལ«སྒམ»ཞེས་བསྡུས་འབྲི་བྱས་ཡོད།) ལྷ་ལྡན་སྨན་རྩིས་ཁང་གི་རྒྱུད་བཞི་གསེར་བྲིས་མ།(འོག་མཆན་ལ«སྨན»ཞེས་བསྡུས་འབྲི་བྱས་ཡོད།)གསུམ་བུ་ཡིག་བསྡུར་གཞིར་བཟུང་ནས་དཔེ་བསྡུར་གཟབ་ནན་བྱས་ཏེ་གསོ་རིག་རྒྱུད་བཞི་དཔེ་བསྡུར་མ་ཞེས་པ་དཔེ་སྐྲུན་གྱི་བགྱི་བ་དང་དུ་བླངས་པ་ཡིན། འདིར་རྒྱུད་བཞི་གྲ་ཐང་པར་མ་དང་ལྷ་ལྡན་སྨན་རྩིས་ཁང་གི་རྒྱུད་བཞི་གསེར་བྲིས་མ་གཉིས་ནི་དཔལ་ལྡན་རྩ་བའི་རྒྱུད་ཀྱི་ལེའུ་དྲུག་གིས་རྒྱུད་སྤྱིའི་གླེང་གཞི་གླེང་སློང་དང་། གནས་ལུགས་ནད་གཞི། ངོས་འཛིན་རྟགས། གསོ་བྱེད་ཐབས་བཅས་བསྟན་པ་མ་ཟད། བཤད་རྒྱུད་གནས་བཅུ་གཅིག་གིས་གསོ་བྱ་ལུས་གནད། གསོ་བྱེད་གཉེན་པོ་བཞི། ཇི་ལྟར་གསོ་བའི་ཐབས་ནད་ངོས་བཟུང་བ་དང་བཅོས་ཚུལ། གསོ་བ་པོའི་སྨན་པའི་སྒོ་གསུམ་ཀུན་སྤྱོད་བཅས་བསྟན་པ་དང་། མན་ངག་རྒྱུད་སྐབས་བཅོ་ལྔས་ལུས་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི་ནད་ཀྱི་རིགས་སུ་གྱུར་པའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་སོགས་རྒྱས་པར་བསྟན་པ། ཕྱི་མ་རྒྱུད་མདོ་བཞིས་རྩ་ཆུའི་བརྟགས་ཐབས་དང་། ཞི་སྦྱོངས་དཔྱད་ཀྱི་ལག་ལེན་རྒྱས་པར་བཀྲོལ་བ། རྒྱུད་སྤྱིའི་མཇུག་དོན་དང་རྒྱུད་ཡོངས་སུ་གཏད་པའི་ཚུལ་བཅས་བསྟན་པ་མ་ཟད། མཇུག་ཏུ་གྲ་ཐང་པར་མ་དང་གསེར་བྲིས་པར་མ་འདི་ཉིད་ཇི་ལྟར་བཞེངས་པའི་ཚུལ་དང་པར་བྱང་སྨོན་ཚིག་བཅས་བསྟན་ཡོད་ཅིང་། སྒམ་པོའི་པར་མ་ལ་མན་ངག་རྒྱུད་མ་གཏོགས་ལག་སོན་མ་བྱུང་ཞིང་། མན་ངག་རྒྱུད་སྐབས་བཅོ་ལྔས་ལུས་སྤྱི་བོའི་གཙུག་ནས་རྐང་མཐིལ་ཡན་ཆད་ཀྱི་ནད་ཀྱི་རིགས་སུ་གྱུར་པའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་སོགས་རྒྱས་པར་བསྟན་པ་དང་། མཇུག་ཏུ་སྒམ་པོའི་པར་མ་འདི་ཉིད་ཇི་ལྟར་བཞེངས་པའི་ཚུལ་དང་པར་བྱང་སྨོན་ཚིག་བཅས་བསྟན་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号