«ཡི་གེའི་བསྟན་བཅོས་སྟོང་ཐུན་བཞུགས།» 

ཉེ་ཆར། མཁས་དབང་ཁྱུང་པོ་གཡུ་ཁྲིས་མཛད་ཅིང་། ཀུན་དགའ་རྒྱལ་མཚན་གྱིས་བྲིས་པའི«ཡི་གེའི་བསྟན་བཅོས་སྟོང་ཐུན་བཞུགས»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

སྤྱིར་བོད་ཀྱི་བྲིས་གཟུགས་འདི་ནི་ཐུན་མོང་མིན་པའི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེ་ཞིང་ཁྱད་ཆོས་བླ་ན་མེད་པ་ཞིག་སྟེ། བསྡོམས་ན་རིགས་མི་འདྲ་བ་ཉིས་བརྒྱ་ལ་ཟིན་པར་གྲགས་ནའང་། འདིའི་ཐད་ཀྱི་རིག་གཞུང་བསྟན་བཅོས་དེ་ཙམ་མང་པོ་མཐོང་རྒྱུ་མེད་ཅིང་། སྒོས་སུ་བྲིས་པ་དག་གི་ཁྲོད་ནས་ཀྱང་བྲིས་གཟུགས་ཀྱི་རྒྱུ་མཚན་དང་གནས་ལུགས་བཤད་ཐུབ་མཁན་དཀོན་པོར་ཆགས་ཡོད། དེ་བས་བསྟན་བཅོས་འདི་ནི་ལོ་རྒྱུས་ཐོག་ཉི་ཟླ་ལྟར་གྲགས་ཆེ་བའི་མཁས་དབང་ཁྱུང་པོ་གཡུ་ཁྲི་འབར་གྱིས་མཛད་པར་གྲགས་པའི་ཡི་གེའི་བསྟན་བཅོས་གཞིར་བྱས་ནས་བོད་ཀྱི་བྲིས་གཟུགས་འཕེལ་རྒྱས་ཀྱི་གོ་རིམ་དང་འབྲི་སྨྱུག་འབྲི་ཤོག་གི་བཟོ་ལུགས། ཡི་གེའི་སྒྲིག་གཞི་དང་ཁྱད་ཆོས། དབྱངས་བཞི་གསལ་བྱེད་སུམ་ཅུའི་འབྲི་ལུགས་བཅས་གསལ་བོར་བརྗོད་ཡོད།


«གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་དཔག་བསམ་སྨན་གྱི་ལྗོན་ཤིང་གི་རྣམ་བཤད་སྐལ་ལྡན་ཡིད་ཀྱི་ནོར་བུ།»

ཉེ་ཆར། མཚོ་སྔོན་སློབ་ཆེན་གྱི་བོད་ལུགས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀ་རིང་སྐལ་བཟང་རྡོ་རྗེས་བརྩམས་པའི«གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་དཔག་བསམ་སྨན་གྱི་ལྗོན་ཤིང་གི་རྣམ་བཤད་སྐལ་ལྡན་ཡིད་ཀྱི་ནོར་བུ»ཞེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས།

དེ་ཡང་ཡུལ་གངས་ཅན་བོད་ཀྱི་ལྗོངས་འདིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་མོའི་རྒྱལ་སྲས་ཀྱི་ཐུ་བོ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་དམ་པ་མང་དུ་འཁྲུངས་པའི་བྱིན་རླབས་དང་། ཐུགས་རྗེ། རྣམ་དཔྱོད་རིག་པའི་འཕྲིན་ལས་ཀྱིས།སངས་རྒྱས་ཀྱི་རྒྱལ་བསྟན་སྤྱི་དང་སྒོས་སུ་ལྔ་ཟུང་རིག་པའི་རྣམ་གཞག་གི་བརྗོད་པ་ལེགས་པར་མཛད་པའི་པོ་ཏི་རི་བོའི་གཏོས་དང་མཉམ་པར་བཞུགས་པ་དག་ནི། ཕན་དང་བདེ་བའི་འབྱུང་གནས་ཀྱིས་ལེགས་པར་ཁྱབ་ཅིང་། ཐུན་མིན་ཁྱད་ཆོས་ཀྱིས་མངོན་པར་ཕྱུག་པའི་རིག་གནས་འོད་སྟོང་འབར་བ་ཞིག་ཏུ་ངེས་ཤིང་ཆེ་བ་མ་ཟད། འཛམ་གླིང་གི་ཡུལ་གྲུ་ཀུན་ཏུའང་འཕྲིན་ལས་ཀྱི་སྣང་བ་དཀར་པོས་ལེགས་པར་ཁྱབ་དང་ཁྱབ་བཞིན་པ་ཨེ་མ་ཧོ། དེའང་དམིགས་སུ་གཞན་གྱི་ཉེས་པ་མ་སྙོམས་པ་སྙོམས་པར་བྱེད་པའི་གསོ་དཔྱད་ཀྱི་བསྟན་པ་རིན་པོ་ཆེ་ནི། དེ་ལྟ་དེ་ལྟར་མཁས་གྲུབ་གཉིས་ལྡན་གྱི་རྒྱལ་སྲས་དམ་པ་རྣམས་ཀྱིས་གནས་སྐབས་དང་མཐར་ཐུག་གི་འགྲོ་དོན་སྤྱི་དང་། སྒོས་སུ་འགྲོ་བ་སེམས་ཅན་གང་ནི་ནད་མེད་ཚེ་རིང་དང་ན་བ་གསོ་བ་སོགས་ཀྱི་བྱ་གཞག་རླབས་པོ་ཆེའི་དོན་དུ། བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་ཡིད་ལ་སྒོམ་ཞིང་རྒྱལ་སྲས་ཀྱི་ལག་ལེན་རིན་པོ་ཆེ་ལག་ཏུ་བླངས་པའི་སྟབས་ཀྱིས། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་པའི་གསོ་དཔྱད་ཀྱི་གཞུང་ཆེན་མོ་དཔལ་ལྡན་རྒྱུད་བཞི་ནི། སེམས་ཅན་ཀུན་གྱི་སྤྱི་ནོར་དུ་ལེགས་པར་བཞེངས་པའི་མཛད་རྗེས་རླབས་པོ་ཆེར་ནམ་ཡང་ཕྱག་འཚལ་བསྟོད། ཕྱི་མ་འཕྲིན་ལས་རྒྱུད་ལས།དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །རྒྱུད་འདིར་མ་ཚང་གསོ་དཔྱད་མི་བདོག་གམ། །དེ་སྐད་ཞུས་པའི་དོན་ལ་ལན་གསུངས་པ། །བདེ་གཤེགས་རྣམས་ཀྱིས་སྤྲུལ་པས་འགྲོ་དོན་དུ། །རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས། །རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོངས་གསུངས། །དོལ་པོའི་ཡུལ་དུ་གཏར་ག་གཙོ་བོར་བསྟན། །བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ལྷ་ཡི་འཁོར་ལ་གསོ་དཔྱད་འབུམ་པ་གསུངས། །དྲང་སྲོང་འཁོར་ལ་ཙ་ར་ཀ་སྡེ་བརྒྱད། །མུ་སྟེགས་འཁོར་ལ་དབང་ཕྱུག་ནག་པོའི་རྒྱུད། །ནང་བའི་འཁོར་ལ་རིགས་གསུམ་མགོན་པོའི་སྐོར། །གསོ་དཔྱད་རྒྱུད་འདིར་ཐམས་ཅད་འདུས་པར་བསྟན། །འདིར་མ་འདུས་པའི་གསོ་དཔྱད་གཞན་མེད་དེ། །འཕགས་པའི་ཐུགས་རྗེ་ཕྱོགས་རིས་མེད་མོད་ཀྱང་། །གང་ཟག་མོས་པའི་མཐོང་སྣང་སོ་སོར་ཤར། །དཔེར་ན་མཁའ་ལ་ཟླ་བ་གཅིག་ཤར་ན། །ཆུ་ཡི་སྐྱོགས་རེར་ཟླ་བ་རེ་རེ་བཞིན། །གཅིག་ཏུ་གསུངས་ཀྱང་སོ་སོས་དུ་མར་གོ །ཞེས་གསུངས་པ་ལྟར་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་ལ་བརྗོད་བྱ་དང་། རྗོད་བྱེད་གང་གི་ཆ་ནས་གཞན་ལས་ལྷག་པའི་གཏན་ཚིགས་ཀྱི་རིགས་ལམ་དང་། འཆད་ཉན་གྱི་སློབ་གསོ།མན་ངག་གི་ཆེ་བ། ཐུན་མིན་གྱི་ཁྱད་ཆོས། དགེ་མཚན་གྱི་རིན་ཐང་མངོན་པར་མཐོ་ཞིང་བརྗིད་པ་མ་ཟད། རྗེ་གུང་ཐང་བསྟན་པའི་དབང་ཕྱུག་གིས། བླ་མ་མཆོག་བསྟེན་ཡོན་ཏན་ཀུན་གྱི་གཞི། །འདིར་སྣང་ཞེན་ལོག་ཆོས་ཀྱི་རྩ་བ་ཡིན། །སྲིད་པའི་བདེ་འབྱོར་སྤོང་བ་ཐར་བའི་ལམ། །བདག་གཞན་མཉམ་བརྗེ་ཐེག་ཆེན་རྨང་གཞི་ཡིན། །དམ་ཚིག་སྡོམ་པ་ལྷ་ཡི་དཔག་བསམ་ལྗོན། །ཕྱིན་དྲུག་བསྡུ་བཞིའི་ཡལ་ག་རབ་ཏུ་རྒྱས། །རིམ་གཉིས་མེ་ཏོག་འདབ་མ་འཛུམ་ཞིང་རྒོད། །ཟུང་འཇུག་སྐུ་བཞིའི་འབྲས་བུ་གཡུར་དུ་ཟ། །ཞེས་གསུངས་པའི་དགོངས་དོན་ལྟར་སྐབས་བབས་ཀྱི་བརྗོད་བྱ་ནི། ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་གསོ་རིག་རྒྱུད་བཞིའི་རྣམ་བཤད་དཔག་བསམ་སྨན་གྱི་ལྗོན་ཤིང་གི་སྲོལ་བཏོད་པ་པོ་ནི། གངས་ཅན་སྨན་པའི་གཙུག་རྒྱན་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་བྱང་སེམས་ཐུགས་ཀྱི་ནོར་བུ་ལས་འཁྲུངས་པའི་འདོད་འཇོ་རིག་པའི་སྒོ་མོར་ངེས་ཤིང་ཆེ་བ་སྟེ། རྗེ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་རྣམ་ཐར་བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད་དུ་གསུངས་པ་བཞིན་སེམས་ཅན་འགྲོ་ལ་བརྩེ་བའི་བླ་མ་སྨན་པའི་རྒྱལ་པོ་དང་། ཨོ་རྒྱན་པད་མ་འབྱུང་གནས་གཉིས་ཀྱིས། ཕྱི་ནང་གི་འཁོར་རྣམ་པ་བཞི་སོགས་ལ་དཔག་བསམ་ཙན་དན་སྨན་གྱི་ལྗོན་ཤིང་དང་འབྲེལ་ནས་རྩ་བཤད་ཀྱི་སྡོང་འགྲེམས་གསུང་བཞིན་པའི་གཟིགས་པ་བྱུང་བའི་རྟེན་འབྲེལ་གྱིས། རྗེ་ཁོང་གིས་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་གྱི་མ་ལག་དང་འབྲེལ་བའི་སློབ་གསོའི་དཔལ་ཡོན་ལེགས་པར་སྤེལ་བ་ལ། ཐེག་པ་ཆེན་པོའི་སྤྱོད་ཡུལ་དུ་གྱུར་བའི་སྨན་བླ་དྲང་སྲོང་ཚོགས་ཀྱི་གཞལ་ཡས་ཁང་གི་ཕུན་ཚོགས་དང་འབྲེལ་ནས་གསོ་བ་རིག་པའི་སྡོང་འགྲེམས་ཀྱི་རྣམ་གཞག་སྤེལ་བའི་མཛད་པ་རྨད་དུ་བྱུང་ཡོད་པ་མ་ཟད། འཛམ་གླིང་རིག་དཔལ་མཛེས་པའི་རྒྱན་དང་། གངས་ཅན་གསོ་དཔྱད་བསྟན་པའི་དན་རྟགས་སུ་དེ་ལྟ་དེ་ལྟར་མངོན་པའི་འཕགས་པའི་མཛད་རྗེས་བཞག་ཡོད་པ་ལགས། དུང་དཀར་ཚིག་མཛོད་ལས།དཔག་བསམ་ཤིང་ནི། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སྟོད་ཀྱི་གངས་རི་ནས་བྱང་དུ་ཕྱིན་པའི་དཔག་ཚད་ལྔ་བརྒྱ་འདས་པ་ན་འཛམ་བུ་གླིང་གི་མི་རྣམས་ཀྱི་ལོངས་སྤྱོད་ཀྱི་གཙོ་བོ་ཤིང་དཔག་བསམ་སྡོང་པོ་ཟེར་བ་སྡོང་པོ་མི་ཡུལ་ལ་ཡོད་པ་དང་ཡལ་འདབ་ལྷ་ཡུལ་ལ་སྙེགས་པ་ཞིག་ཡོད་ཟེར་སྲོལ་ཡོད་པ་དེ་ཡིན། ཞེས་དང་། བྱང་ཆུབ་ཤིང་ནི། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་བཅོམ་ལྡན་འདས་ཐོག་མར་སངས་རྒྱས་པའི་མཛད་པ་སྟོན་སྐབས་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་སུ་ཡོད་པའི་ཤིང་ལ་སྐུ་རྒྱབ་གཏད་ནས་བཞུགས་པའི་ཤིང་དེ་ལ་བྱང་ཆུབ་ཀྱི་ཤིང་ཞེས་བརྗོད་སྲོལ་ཡོད། ཅེས་གསུངས་པ་ལྟར་དགོས་པ་དང་དགོངས་གཞི་ཁྱད་པར་བའི་དབང་དུ་བྱས་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་དོན་སྒོ་བརྒྱ་འབྱེད་པའི་རྣམ་གཞག་སྟེ། དཔག་བསམ་སྨན་གྱི་ལྗོན་ཤིང་གི་ཆེ་བ་དང་འབྲེལ་བའི་གསོ་རིག་སྡོང་འགྲེམས་ཀྱི་ཐུན་མིན་ཁྱད་ཆོས་དང་། རིན་ཐང་གི་སྐོར་ལ་རྣམ་པར་འཇུག་ཅིང་དཔྱོད་པར་སྤྲོ་བ་ལ། ཐེངས་འདིར་བདག་གིས་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་སྐོར་གྱི་ལས་གཞིའི་འོས་འགན་དང་འབྲེལ་ཏེ།རྒྱས་པར་ལེའུ་བཅུ་གཅིག་གི་རྣམ་པའི་སྒོ་ནས་དཔལ་ལྡན་རྒྱུད་བཞིའི་སྡོང་འགྲེམས་ཀྱི་རྣམ་བཤད་སྐལ་ལྡན་ཡིད་ཀྱི་ནོར་བུ་ཞེས་སུ་བརྗོད་པར་འདོད་ཅིང་འབྲི་བར་བརྩམ་པ་བཀྲ་ཤིས་ཤིང་དོན་འགྲུབ་པར་ཤོག

ཞེས་རྩོམ་པ་པོ་ནས།


དེ་ཡང་སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་བོད་སྨན་ཁང་དང་མཛོད་དགེ་རྫོང་བོད་སྨན་ཞིབ་འཇུག་སུའོ་ཡིས་དག་བསྒྲིགས་བྱས་པའི«མཛོད་དགེའི་ཞིང་ཆེན་སྨན་པ་གྲགས་ཅན་གྱི་སྨན་ཡིག་ཕྱོགས་བསྒྲིགས་བདུད་རྩིའི་བང་མཛོད»ཅེས་པའི་དཔེ་ཚོགས་འདི་ཉིད་ཉེ་ཆར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་ཤིང་། དཔེ་ཚོགས་འདི་ཉིད་ནི་སྨན་རམས་པ་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་རྩོམ་པོད་གསུམ་ཅན་དང་། སྨན་རམས་པ་སྐལ་བཟང་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས། སྨན་རམས་པ་གོས་བརྡ་འཇིགས་མེད་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་བཅས་པོད་ལྔ་ཡིས་གྲུབ་ཡོད།

«སྨན་རམས་པ་སྐྱང་སྤྲུལ་དྲི་མེད་འོད་ཟེར་གྱི་གསུང་རྩོམ།»སྟོད་ཆ། བར་ཆ། སྨད་ཆ།

པོད་དང་པོ་ནས་གསུམ་པ་ནི་སྨན་རམས་པ་སྐྱང་སྤྲུལ་དྲི་མེད་འོད་ཀྱི་གསུང་རྩོམ་ཡིན་ལ། དེ་ནི་སྨན་རམས་པ་ཁོང་གི་སློབ་དཔོན་མཁས་དབང་ལྷ་རྗེ་བླ་མ་རིན་པོ་ཆེ་རྗེ་བསྟན་འཛིན་དོན་གྲུབ་མཆོག་གིས་གསོ་རིག་གཞུང་ལུགས་དཔལ་ལྡན་རྒྱུད་བཞི་ལས་རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད་གསུམ་གྱི་ཚིག་དོན་ཞལ་ཁྲིད་གནང་སྐབས་ཁོང་སྐྱང་སྤྲུལ་དྲི་མེད་འོད་ཟེར་ཀྱིས་ཟིན་བྲིས་སུ་ཕབ་པ། གསོ་རིག་རྒྱུད་ཆུང་གསུམ་གྱི་ཞལ་ཁྲིད་ཟིན་བྲིས་སྣ་ཚོགས་རཏྣའི་མགུལ་རྒྱན་ཞེས་པ་དེ་ནི་ཡིན་ལ། ད་ཐེངས་ངེད་རྩོམ་སྒྲིག་ཚན་ཆུང་གིས་དཔེ་ཆའི་སྲབ་མཐུག་ལ་གཞིགས་ཏེ་པོད་གསུམ་དུ་བགོས་ཤིང་། པོད་དང་བོའམ་སྟོད་ཆའི་ནང་དུ་རྩ་བ་ཐུགས་རྒྱུད་དང་བཤད་པ་སྐུའི་རྒྱུད་ཀྱི་ལེའུ་བཅུ་བའི་བར་གྱི་ཟིན་བྲིས། པོད་གཉིས་པའམ་བར་ཆའི་ནང་དུ་བཤད་རྒྱུད་ལེའུ་བཅུ་གཅིག་པ་ནས་སོ་གཅིག་པའི་བར་གྱི་ཟིན་བྲིས། པོད་གསུམ་པའམ་སྨད་ཆའི་ནང་དུ་ཕྱི་མ་འཕྲིན་ལས་རྒྱུད་མཇུག་དོན་ཡོངས་གཏད་དང་བཅས་པའི་ཟིན་བྲིས་ཏེ་ཁག་གསུམ་དུ་བགོས་ཡོད།

«སྨན་རམས་པ་སྐལ་བཟང་བསམ་གཏན་གྱི་གསུང་རྩོམ་ཕྱོགས་བསྒྲིགས།»

པོད་བཞི་བ་ནི་སྨན་རམས་པ་སྐལ་བཟང་བསམ་གཏན་ལགས་ཀྱིས་བྲིས་པའི་གསུང་རྩོམ་ཕྱོགས་བསྒྲིགས་ཡིན། དེའི་ནང་དུ་ཁོང་གི་བྲིས་པའི་གསོ་རིག་གཞུང་ལ་འཆད་ཉན་བྱེད་ཐབས་ཀྱི་བཤེས་གཉེན་བསྟེན་ཚུལ་མདོ་ཙམ་བརྗོད་པ་ཕན་བདེའི་འོད་དཀར་དང་། གསོ་བ་རིག་པའི་ལག་ལེན་ཉེ་བར་མཁོ་བའི་རིམ་པ་ཅུང་ཟད་བཤད་པ་བླ་མའི་ཞལ་ལུང་། གློ་ནད་རིགས་བརྒྱད་ཀྱི་ནང་ཚན་གློ་གཅོང་གི་བཅོས་ཐབས་མདོར་བསྡུས། སྣོད་མཁྲིས་ཀྱི་ནད་རྡེའུ་སྐྲན་རྟགས་བཅོས་རགས་ཙམ་བཤད་པ་བྱིས་པའི་མགུལ་རྒྱན། ཟས་སྣོད་ཕོ་བའི་རྣམ་བཤད་ཉུང་བསྡུས། འབམ་བཅོས་ཟུག་རྔུ་དྲུངས་འབྱིན། མན་ངག་ལྷན་ཐབས་ལུང་ཁྲིད་སྐབས་ཀྱི་ཟིན་བྲིས་དང་འབྲེལ་བའི་བརྡ་དོན་ཐོར་བུ་སོགས་ཡོད། འདིར་མྱོང་གྲུབ་མན་ངག་ཁ་ཐོར་ཕྱོགས་གཅིག་ཏུ་བཀོད་པ་ཉམ་ཐག་འགྲོ་བའི་སྲོག་གི་ཆད་མཐུད་ཀུན་ཕན་སྨན་རྒྱལ་གསེར་མདོག་ཅན་གྱི་ཆུན་པོ་ཞེས་བྱ་བའི་དེབ་ཆུང་འདི་ནི་སྤྱི་ལོ༡༩༧༦ལོར་དགེ་རྒན་རིན་པོ་ཆེ་རྗེ་བཙུན་བསྟན་འཛིན་དོན་གྲུབ་ཀྱིས་སྨན་ཡིག་བྲིས་མ་མི་གསལ་བ་ཞིག་བསྟན་ནས། སྨན་གྱི་སྡེབ་སྦྱོར་འདི་རྣོན་པོ་ཞིག་ཡིན་ནའང་དཔེ་རྒྱུན་ཧ་ཅང་དཀོན། ཁྱེད་ཀྱིས་སྣུམ་པར་དུ་བཏབ་སྟེ་འགྲེམ་སྤེལ་བྱས་ན་ཕན་ཐོགས་ཆེ་གསུངས་པ་ལྟར། སྨན་རམས་པ་སྐལ་བཟང་བསམ་གཏན་གྱིས་ལག་བྲིས་གསལ་བོ་བྱས་ནས་ཚར་བརྒྱ་ཙམ་སྣུམ་པར་ཏུ་བཏབ་ནས་ཁྱབ་སྤེལ་བྱས། ད་ཐེངས་ཡང་ཁོང་གི་ཐུགས་འདོད་བཞིན་གསུང་རྩོམ་གྱི་མཇུག་ཏུ་བཀོད་ཡོད།

«སྨན་རམས་པ་གོས་བརྡ་འཇིགས་མེད་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས།»

པོད་ལྔ་བ་ནི་སྨན་རམས་པ་གོས་བརྡ་འཇིགས་མེད་ལགས་ཀྱིས་བྲིས་པའི་གསུང་རྩོམ་ཕྱོགས་བསྒྲིགས་ཡིན། དེའི་ནང་དུ་ཁོང་གི་བྲིས་པའི་བཤད་རྒྱུད་ལེའུ་དང་བོ་ནས་ལེའུ་བཞི་བའི་བར་གྱི་དཀའ་གནད་གསལ་སྟོན་མེ་ལོང་། རང་ཁུལ་བོད་ཀྱི་གསོ་རིག་ཞིབ་འཇུག་དང་སྨན་སྣ་གསར་བཟོའི་ཐད་ལེགས་སྐྱེས་ཕུལ་ཚུལ་སྔོན་རབས་གསལ་བའི་མེ་ལོང་། བཤད་པ་སྐུའི་རྒྱུད་ཀྱི་ལེའུ་དང་བོ་དང་གཉིས་པའི་གཞུང་དོན་ཞལ་ཁྲིད་ནོར་བུ་ཀེ་ཏ་ཀའི་ཕྲེང་བ། སྨན་དང་རང་བྱུང་ཆབ་ཚན་ལ་བརྟེན་ནས་གྲུམ་བུ་བཅོས་པའི་མྱོང་ཚོར། བོད་ཀྱི་གསོ་རིག་དང་དེང་རབས་གསོ་རིག་གཉིས་ཟུང་འབྲེལ་བྱས་ནས་གླང་ཐབས་བཅོས་པའི་མྱོང་ཚོར། ཆུ་ཁོལ་གྱི་གྲུབ་ཆ་དང་བསྟེན་ཚུལ། བོད་ཀྱི་གསོ་རིག་གི་ནད་གཡོག་སྨན་པའི་མཚན་ཉིད་མདོ་ཙམ་བརྗོད་པ། བོད་ལུགས་གསོ་རིག་སྨན་རྫས་ཀྱི་ལག་ལེན་དང་ཆ་བྱད་སྐོར་སོགས་བཞུགས་ཡོད། འདིར་གོས་བརྡའི་སྨན་རབས་བརྒྱད་ཀྱི་བྱུང་བ་མདོར་བསྡུས་སུ་བཀོད་པ་སྔོན་བྱོན་མེས་པོའི་ཞལ་ལུང་ཞེས་བྱ་བ་ནི་སྨན་རམས་པ་གོས་བརྡ་འཇིགས་མེད་ཀྱི་ཚ་བོ་བྱམས་པ་འཕྲིན་ལས་ཀྱིས་བྲིས་པ་ཡིན་ཡང་། སྨན་རམས་པ་ཉིད་ཀྱི་ཐུགས་འདོད་ལྟར་རྩོམ་ཡིག་གི་མཇུག་ཏུ་བཀོད་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号