རྩོམ་རིག་གི་གཏན་གྱི་འདུན་མ།

                                             ——བོད་ཀྱི་ནང་བསྟན་རྩོམ་རིག་ནས་དེང་ད་རབས་རྩོམ་རིག་གི་བསམ་བློའི་རྒྱུན་འཚོལ་བ།
སྔོན་འགྲོ།

རྩོམ་རིག་གི་གཏན་གྱི་འདུན་མ་ཞེས་པ་ནི་བརྩམས་ཆོས་ཀྱི་མཐར་ཐུག་གི་བསམ་བློའི་རང་བཞིན་ལ་ཟེར། སྤྱིར་བརྩམས་ཆོས་ཀྱི་བསྟན་བྱའི་སྙིང་པོར་གྲུབ་པའི་ཆོས་ལུགས་ཀྱི་འཁོར་བ་སྙིང་པོ་མེད་པར་སྨྲ་བ་དང་། མཚན་ཉིད་རིག་པའི་ངོ་བོ་ཉིད་མེད་པར་སྨྲ་བ་སྟེ། ཆོས་ལུགས་མཚན་ཉིད་རིག་པའི་གཏན་གྱི་འདུན་མའིགྲུབ་དོན་སྟོང་པའི་མི་ཚེའི་རིན་ཐང་ལྟ་བར་ཟེར།

ཡེ་ཤུའི་ཆོས་ལུགས་ཀྱི་རྣམ་གཞག་ལྟར་ན། མིའི་འགྲོ་བས་སྐྱེ་འཆིའི་སྡུག་བསྔལ་ཟློག་བྱེད་ཀྱི་ཐབས་ཏེ། ཐར་པར་ཟེར། ཆོས་ལུགས་རིག་པའི་རྣམ་གཞག་ལྟར་ན། འཛམ་གླིང་གི་ཤར་ནུབ་སྲོལ་རྒྱུན་ཆོས་ལུགས་སོ་སོས་ཐུན་མོང་དུ་བཞེད་པའི་མི་ཚེའི་རིན་ཐང་ལྟ་བ་སྟེ། འཐོབ་བྱའི་མཐར་ཐུག་གི་གོ་འཕང་དང་། གྲུབ་དོན་སྟོང་པའི་རང་བཞིན་ལ་བྱའོ། །

རིགས་པའི་ས་བོན་ནི་ཡེ་ཤུའི་ཆོས་ལུགས་ཀྱི་ལྟ་གྲུབ་ལ་ཐུག་ཅིང་། ལུང་རིགས་ཀྱི་གཞི་འཛིན་ས་ཤར་ཕྱོགས་ཀྱི་ཆོས་ལུགས་ཏེ། རྒྱ་གར་སངས་རྒྱས་ཆོས་ལུགས་ཀྱི་ལྟ་གྲུབ་ལ་འདོད་པ་ཡོངས་གྲགས་ཀྱི་བཞེད་ཚུལ་ལོ༎ ཆོས་ལུགས་རིག་པ་དང་། སྤྱི་ཚོགས་རིག་གནས་སྡེར་དར་བའི་ལོ་རྒྱུས་ཕྱི་མོད། ཆོས་ལུགས་རིག་པའི་རིག་ཚན་གྱི་སྡེར་གཏོགས་པ་གང་ཞིག  ཆོས་ལུགས་མཚན་ཉིད་རིག་པའི་གྲུབ་དོན་སྟོང་པའི་མི་ཚེའི་རིན་ཐང་ལྟ་བ་ཡིན་པ་གོར་མ་ཆག

གྲུབ་དོན་ཏེ། ཆོས་ལུགས་ཀྱི་རྣམ་གཞག་ལྟར་ན། གཟུགས་འདས་སྨྲ་བའི་དད་པའི་ངོ་བོར་གྱུར་བའི་མྱོང་བ་རང་མཚན་པ་སྟེ། མཐར་ཐུག་གི་འཐོབ་བྱའི་གོ་འཕང་དང་། མཚན་ཉིད་རིག་པའི་རིགས་ལམ་ལྟར་ན། གྲུབ་དོན་སྟོང་པ་སྟེ། ངོ་བོ་ཉིད་མེད་པར་སྨྲ་བའི་དངོས་པོའི་གཤིས་ལུགས་སྟོང་པའམ། སྒྲ་རྟོག་གི་སྤྲོས་པ་དང་བྲལ་བའི་ཆོས་ཉིད་སྟོང་པའི་རང་བཞིན་ལ་ཟེར།
རིགས་པ་འདི་ནི་འཇིག་རྟེན་རང་ག་བའི་འཚོ་ཚིས་ཀྱི་རྣམ་གཞག་གམ། འཇིག་རྟེན་ཆོས་བརྒྱད་ཀྱི་རྙེད་པ་ལས་འགོངས་པའི་སེམས་སམ་ཤེས་པའི་ཡོན་ཏན་དུ་གྲགས་པའི་གཟུགས་འདས་སྨྲ་བའི་མི་ཚེའི་རྟོགས་པ་ཡིན་ན། རིགས་རྒྱུད་དང་། དད་པས་རིས་སུ་མ་བཅད་པའི་མིའི་འགྲོ་བ་རིས་མེད་ཀྱིས་སྤྱོད་ཡུལ་དུ་གྱུར་བའི་ཆོས་ལུགས་མཚན་ཉིད་རིག་པའི་མཐར་ཐུག་གི་མི་ཚེའི་རིན་ཐང་ལྟ་བ་ཡིན་ནོ། །

མིའི་འགྲོ་བའི་ཤེས་རིག་བྱུང་འཕེལ་གྱི་ལོ་ཟླའི་ཆུ་རྒྱུན་རིང་མོའི་ཀློང“བདག་ཅི་ཞིག གང་ནས་འོངས། གང་དུ་ཆས”ཞེས་པ་དང་། “སྐྱེ་འཆིའི་སྡུག་བསྔལ་ནི་ཅི་ཞིག གྲུབ་དོན་སྟོང་པའི་རང་བཞིན་ནི་ཅི་ཞིག”ཅེས་པའི་ངག་ཚིག་རྣམ་པར་དག་པར་བདེན་པའི་མཐའ་མ་རྙེད་པའི་ཕྱིར་འཁོར་བར་སྙིང་པོ་མེད་པར་སྨྲ་བའི་ཆོས་ལུགས་རིག་པ་དང་། དངོས་པོའི་གནས་ལུགས་ལ་ངོ་བོ་ཉིད་མེད་པར་སྨྲ་བའི་མཚན་ཉིད་རིག་པ་སྟེ། ཆོས་ལུགས་མཚན་ཉིད་རིག་པའི་གཏན་གྱི་འདུན་མའི་རིགས་པའི་རྣམ་གཞག་གཞི་གྲུབ་ཅིང་། མིའི་འགྲོ་བའི་རྩོམ་རིག་གི་གཙོ་རྒྱུན་རྩོམ་སྲོལ་གྱི་སྲོག་གི་དབང་པོར་ཡང་གཏན་གྱི་འདུན་མའི་བསམ་བློའི་རླབས་རྒྱུན་གྱི་གཟུངས་གཞུག་འདི་རྙེད་དོ། །འདི་ནི་འཛམ་གླིང་གི་ཤར་ནུབ་རྩོམ་རིག་སྡེའི་རྩོམ་རིག་གི་བསམ་བློའི་རིན་ཐང་ལྟ་བར་གསར་བརྗེའམ། བརྩམས་ཆོས་ཀྱི་མཐར་ཐུག་གི་བསམ་བློའི་རང་བཞིན་དར་དྲག་གི་རྩེ་མོར་སོན་པའི་དན་རྟགས་སོ། །

བྱེ་བྲག་ཏུ་ཡེ་ཤུའི་ཆོས་ལུགས་དང་། རྒྱ་གར་སངས་རྒྱས་ཆོས་ལུགས་ལ་སོགས་པ་ཆོས་ལུགས་མཚན་ཉིད་རིག་པའི་ལྟ་གྲུབ་དང་། དེང་རབས་རིང་ལུགས་ཀྱི་དུས་རབས་སུ་ཆོས་ལུགས་རིག་པ་དང་། མི་ཚུལ་རིག་པ། ཚད་རྡུལ་རིག་པ། གཞི་གྲུབ་རིང་ལུགས་ལ་སོགས་པ་ཆོས་ལུགས་དང་། རིགས་གསར། མཚན་ཉིད་རིག་པའི་ལྟ་གྲུབ་སྣ་ཚོགས་པ་དར་ཞིང་རྒྱས་པས། འཛམ་གླིང་གི་ཤར་ནུབ་རྩོམ་རིག་སྡེའི་གཏན་གྱི་འདུན་མའི་ཟབ་དོན་གཙོ་རྒྱུན་རྩོམ་སྲོལ་གྱི་སྲོག་གི་དབང་པོར་གྲུབ་སྟེ། མིའི་འགྲོ་བའི་རྩོམ་རིག་གསར་རྩོམ་གྱི་བརྗོད་གཞིར་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་བསྩལ་ཏོ། །

བོད་ཀྱི་རྩོམ་བྱུང་ལོ་རྒྱུས་ལྟར་ན། ཉེ་རབས་རྩོམ་རིག་དུས་རབས་ཀྱི་ནང་བསྟན་རྩོམ་རིག་གི་གཙོ་རྒྱུན་རྩོམ་སྲོལ་གྱི་སྲོག་གི་དབང་པོར་གཏན་གྱི་འདུན་མའི་ཟབ་དོན་ཤོག་བུ་སྣུམ་གྱིས་སྦགས་པ་ལྟར་གྲུབ་ཅིང་། དེང་ད་རབས་ཀྱི་རྩོམ་རིགལ་ཆ་མཚོན་ན། མི་ཚུལ་རིང་ལུགས་ཀྱི་མི་ལྟེ་བར་སྨྲ་བ་དང་། གཞི་གྲུབ་རིང་ལུགས་ཀྱི་གྲུབ་དོན་སྟོང་པའི་རང་བཞིན་གྱི་རྩོམ་རིག་གི་གཏན་གྱི་འདུན་མའི་ཟབ་དོན་སོ་སོར་ཕུན་སུམ་ཚོགས་པར་བསྟན་པའོ། །དེ་ལྟ་བུའི་བར་བརྒལ་ལམ། ཐོད་བརྒལ་རང་བཞིན་གྱི་རྩོམ་རིག་གསར་བརྗེའི་བསམ་བློའི་རླབས་རྒྱུན་གྱིས་བོད་ཀྱི་ནང་བསྟན་རྩོམ་རིག་ནས་དེང་ད་རབས་རྩོམ་རིག་གི་སྲོག་གི་དབང་པོར་གཏན་གྱི་འདུན་མའི་བསམ་བློའི་རང་བཞིན་གཙོ་རྒྱུན་རྩོམ་སྲོལ་གྱི་རྣམ་པར་གྲུབ་སྟེ། གསར་རྩོམ་གྱི་བསམ་བློའི་གཟུངས་གཞུག་ཡར་ངོའི་ཟླ་ལྟར་འཕེལ་བའི་རྩོམ་རིག་གི་རྫོགས་ལྡན་དུས་རབས་ཤིག་བསུས་སོ། །

སྐབས་བབས་ཆོས་ལུགས་མཚན་ཉིད་རིག་པའི་གཏན་གྱི་འདུན་མའི་བརྟག་ཐབས་སྤྱད་དེ། རྩོམ་རིག་བརྩམས་ཆོས་ཀྱི་མཐར་ཐུག་གི་བསམ་བློའི་རང་བཞིན་ལ་དཔྱོད་ཚུལ་འདི་ནི་རིགས་ལམ་གསར་པ་ཡིན་པ་གང་ཞིག རིགས་པའི་གནད་ཀྱང་ཤིན་ཏུ་ཕྲ་བས་རྟོགས་དཀའ་ན། རང་འདྲའི་ལས་དང་པོ་བ་རྣམས་རྟོགས་སླ་ཞིང་། གཞུང་གི་དང་བའི་སྤྲོ་སྣང་འཕེལ་ཕྱིར། གཅིག གཏན་གྱི་འདུན་མའི་ཟབ་དོན་དང་ཁ་འཕྲོད་པའི་གཞལ་བྱ་རིག་གནས་ཀྱི་ཁྱད་གཞི་དང་། འཇལ་བྱེད་ཡུལ་ཅན་གྱི་ཁྱད་ཆོས་ཏེ། རིག་གནས་ཀྱི་ངོ་བོ་དང་། མིའི་མཚན་ཉིད། མི་གཞིའི་ངོ་བོ། དད་པའི་སྤྱི་བཤད་ལ་སོགས་པའི་རྣམ་གཞག་ལ་འཛམ་གླིང་གི་ཤར་ནུབ་རིག་གནས་སྡེའི་རིགས་པའི་རྣམ་གྲངས་ཀྱི་རྒྱས་བཏབ་སྟེ། གའུ་ཁ་སྦྱར་ཚུལ་གྱིས་འཆད་པར་འགྱུར་རོ༎ འདི་ནི་འཆད་བྱའི་འཕྲོས་པའི་ཡན་ལག་གོ །
གཅིག་ཤོས། རྩོམ་རིག་གི་གཏན་གྱི་འདུན་མའི་ཟབ་དོན་གྱི་གཞུང་ཤིང་དུ་བོད་ཀྱི་ནང་བསྟན་རྩོམ་རིག་གི་གཙོ་རྒྱུན་རྩོམ་སྲོལ་གྱི་སྲོག་གི་དབང་པོར་གྲུབ་པའི་ནང་བསྟན་ཆོས་ལུགས་ཀྱི་མི་ཚེའི་རིན་ཐང་ལྟ་བ་དང་། དེང་ད་རབས་རྩོམ་རིག་གི་གཏན་གྱི་འདུན་མའི་ཟབ་དོན་གྱི་ཡན་ལག་ཏུ་མི་ཚུལ་རིག་པའི་མི་ལྟེ་བར་སྨྲ་བ་དང་། གཞི་གྲུབ་རིང་ལུགས་ཀྱི་གྲུབ་དོན་སྟོང་པའི་མི་ཚེའི་རིན་ཐང་ལྟ་བ་སོ་སོར་འཆད་པར་འགྱུར་རོ། །འདི་ནི་འཆད་བྱའི་གཞུང་དངོས་སོ། །

༡ གཏན་གྱི་འདུན་མ་ཞེས་པ་ནི་ཆོས་ལུགས་མཚན་ཉིད་རིག་པའི་བརྡ་ཆད་ཅིག་གོ། སྤྱིར་འཐོབ་བྱའི་མཐར་ཐུག་གི་གོ་འཕང་དང་། གྲུབ་དོན་སྟོང་པའི་རང་བཞིན་ལ་ཟེར། རྗེ་ཙོང་ཁ་པ་ཆེན་པོའི་ལམ་གཙོ་རྣམ་གསུམ་དུ"གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ"ཞེས་པ་དང་། དུང་དཀར་ཚིག་མཛོད་ཆེན་མོར་ཡང"གཏན་གྱི་འདུན་མ་ནི་སངས་མ་རྒྱས་པའི་བར་གྱི་སྐྱེ་བ་མང་པོའི་དོན་ཆེན་ལ་གོ་བའི་སྐབས་ཀྱང་ཡོད"ཅེས་ཀྱང་གསུངས་སོ༎

༢ དེང་རབས་དང་ད་རབས་རྩོམ་རིག་དུས་མཚམས་ཀྱི་བསྡུས་མིང་སྟེ། བོད་ལ་ཞི་བས་བཅིངས་འགྲོལ་བཏང་བ་ནས་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་བར་ནི་དེང་རབས་རྩོམ་རིག་དང་། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་ནས་ད་ལྟའི་བར་ནི་ད་རབས་རྩོམ་རིག་གོ །

མཇུག་བྱང་། 

ཆེད་རྩོམ་འདིར་ཆོས་ལུགས་དང་། མཚན་ཉིད་རིག་པ། རྩོམ་རིག་བཅས་ཀྱི་འགལ་འདུར་བརྟགས་ཤིང་། ལར་རིག་གནས་དང་མི་ལྟོས་གྲུབ་ཏུ་སྨྲ་བའི་མཐོང་སྣེ་དང་། ཆོས་ལུགས་མཚན་ཉིད་རིག་པའི་གཏན་གྱི་འདུན་མའི་བརྟག་ཐབས་སྤྱད་དེ། བོད་ཀྱི་ཉེ་རབས་རྩོམ་རིག་ནས་དེང་ད་རབས་རྩོམ་རིག་བརྩམས་ཆོས་ཀྱི་མཐར་ཐུག་གི་བསམ་བློའི་རང་བཞིན་ཏེ། རྩོམ་རིག་གི་གཏན་གྱི་འདུན་མའི་ཟབ་དོན་ལ་དཔྱད་ཅིང་། རྩོམ་རིག་གི་བསམ་བློའི་རྒྱུན་འཚོལ་ཁུལ་གྱི་བགྱི་བའང་ལྷུར་ལེན་བྱས་ལགས།

རིགས་པ་འདི་ནི་ད་ལྟའི་འཛམ་གླིང་གི་ཤར་ནུབ་རྩོམ་རིག་སྡེར་གསར་དུ་དར་བའི་བསམ་བློའི་རླབས་རྒྱུན་ཡིན་པ་གང་ཞིག ཆོས་ལུགས་མཚན་ཉིད་རིག་པའི་གཟུགས་འདས་སྨྲ་བའི་མི་ཚེའི་རྟོགས་པར་གྲགས་ན། ཟབ་དོན་གྱི་ཕྲ་བའི་གནད་ཤིན་ཏུ་རྟོགས་དཀའ་བ་རྒྱུ་འབྲས་མི་བསླུ་བའི་གཏམ་མོ། །

འདིར་ཡང་གྱི་ན་བ་བདག་ནི་མཚན་ཉིད་རིག་པའི་ཤེས་རབ་རྟུལ་ཞིང་། རྩོམ་རིག་གི་བློ་སྦྱོང་ཡང་ཤིན་ཏུ་དམན་པས། མ་རྟོགས་ལོག་རྟོག་གི་སྐྱོན་ཆ་གང་མང་མཆིས་པ་ཀློག་པ་པོ་ཀུན་གྱི་སྤྱན་སྔར་བཤགས་སུ་གསོལ།

མཇུག་ཏུ་བདག་གི་སློབ་དཔོན་ལྷག་པ་ཆོས་འཕེལ་མཆོག་གིས་ཐུགས་ཉེ་རིང་མེད་པར་རིག་པའི་ནུ་ཞོས་བསྐྱངས་གནང་བར་ཐུགས་རྗེ་ལན་བརྒྱར་ཞུ། དེ་བཞིན་ཆེད་རྩོམ་གྱི་དཔེ་སྐྲུན་ཐད་གོ་སྐབས་བཟང་པོ་གནང་མཁན་གྱི་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་རྒན་བསོད་ནམས་ཚེ་བརྟན་ལགས་ལ་ཐུགས་རྗེ་ཆེ་ཞུའོ། །

རྩོམ་པ་པོས་ལྷ་སར་སྦྱར།
༢༠༢༣.༢.
དཀར་ཆག


སྔོན་འགྲོ།
ལེའུ་དང་པོ། གཏན་གྱི་འདུན་མའི་རྣམ་བཤད།
སྤྱི་བཤད།
འཕྲོས་དོན་གྱི་ཡན་ལག་བཤད་པ།
ས་བཅད་དང་པོ། རིག་གནས་དང་མི།
གཅིག རིག་གནས་ཀྱི་རྣམ་གཞག
༡ རིག་གནས་མིའི་རིགས་རིག་པའི་འདོད་ཚུལ།
༢ བོད་ཀྱི་རིག་གནས་སྡེའི་འདོད་ཚུལ།
གཉིས། མིའི་མཚན་ཉིད།
༡ ནུབ་ཕྱོགས་མཚན་ཉིད་རིག་པའི་འདོད་ཚུལ།
༢ ནང་བསྟན་མཚན་ཉིད་རིག་པའི་འདོད་ཚུལ།
ས་བཅད་གཉིས་པ། མི་གཞི་དང་དད་པ།
གཅིག མི་གཞིའི་ངོ་བོ།
༡ སེམས་ཁམས་དབྱེ་ཞིབ་རིག་པའི་འདོད་ཚུལ།
༢ ནང་བསྟན་གྱི་སེམས་སེམས་བྱུང་སྨྲ་བའི་འདོད་ཚུལ།
གཉིས། དད་པའི་སྤྱི་བཤད།
༡ཆོས་ལུགས་རིག་པའི་འདོད་ཚུལ།
༢ནང་བསྟན་ཆོས་ལུགས་ཀྱི་འདོད་ཚུལ།
མཐའ་སྡོམ།
ལེའུ་གཉིས་པ། རྩོམ་རིག་གི་གཏན་གྱི་འདུན་མའི་རྣམ་བཤད།
ས་བཅད་དང་པོ། ནང་བསྟན་རྩོམ་རིག་གི་གཏན་གྱི་འདུན་མ།
གཅིག ཚབ་མཚོན་བརྩམས་ཆོས་མྱོང་རོལ།
༡ རྗེ་བཙུན་མི་ལ་རས་པའི«རག་མའི་བྱང་ཆུབ་རྫོང་གི་མགུར»
༢ རྗེ་ཙོང་ཁ་པ་ཆེན་པོའི«རྟེན་འབྲེལ་བསྟོད་པ»
༣ མཁས་དབང་དགེ་འདུན་ཆོས་འཕེལ་གྱི«བཙོན་ནས་ཧོར་ཁང་ལ་གནང་བའི་མགུར»
གཉིས། མཐའ་སྡོམ།
ས་བཅད་གཉིས་པ། དེང་ད་རབས་རྩོམ་རིག་གི་གཏན་གྱི་འདུན་མ།
གཅིག ཚབ་མཚོན་བརྩམས་ཆོས་མྱོང་རོལ།
༡ དཔལ་དོན་གྲུབ་རྒྱལ་གྱི«ལང་ཚོའི་རྦབ་ཆུ»
༢ ཚེ་རིང་དོན་གྲུབ་ཀྱི«ར་ལོ»
༣ པད་མ་ཚེ་བརྟན་གྱི«གངས»
གཉིས། མཐའ་སྡོམ།
ཕྱིར་ལྟ་དང་འཚོལ་ཞིབ།
མཇུག་བྱང་།
ཟུར་བཀོལ། ༡ མི་མིང་ཤན་སྦྱར་ཕྱོགས་སྒྲིག
ཟུར་བཀོལ། ༢ བརྡ་ཆད་ཤན་སྦྱར་ཕྱོགས་སྒྲིག
དཔྱད་གཞིའི་རྒྱུ་ཆ་ཕྱོགས་སྒྲིག
བོད་ཡིག་གི་དཔྱད་གཞིའི་རྒྱུ་ཆ།
རྒྱ་ཡིག་གི་དཔྱད་གཞིའི་རྒྱུ་ཆ།

རྩོམ་པ་པོ་ངོ་སྤྲོད།

སྤེན་པ་དོན་གྲུབ། 2017ལོར་བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཀྲུང་གོའི་སྐད་ཡིག་རྩོམ་རིག་གི(བོད་ཀྱི་རྩོམ་རིག)འབུམ་རབས་པའི་ཡོན་ཚད་བླངས། སྔ་ཕྱིར་དགེ་རྒན་དང་། རྩོམ་སྒྲིག་པ། ལོ་ཙཱ་བ། ཞིབ་འཇུག་པ་སོགས་ཀྱི་བྱ་བར་ཞུགས།

དགེ་བའི་བཤེས་གཉེན་དམ་པ་ལྷག་པ་ཆོས་འཕེལ་ལགས་ཀྱི་ཞབས་ནས་རབ་འབྱམས་པ་དང་། འབུམ་རམས་པའི་སློབ་གཉེར་ལ་བརྩོན་པ་ཆུ་བོའི་རྒྱུན་ལྟར་བརྟེན་ཏེ། རྩོམ་རིག་གི་ཤེས་བྱ་བུམ་པ་གང་བྱོ་ཚུལ་གྱིས་ཞུས། གང་དེའི་མཁྱེན་བརྩེ་ནུས་གསུམ་གྱི་ཐུགས་ཀྱི་ཡོན་ཏན་བཟང་པོས་རྩོམ་རིག་གི་ཞིབ་འཇུག་དང་། རྩོམ་རིག་གི་གསར་རྩོམ་སྐོར་ལ་གྲུབ་འབྲས་མི་དམན་པ་ཐོབ།

སྔ་ཕྱིར«གངས་རྒྱན་མེ་ཏོག»དང་། «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «སྦྲང་ཆར» «ཟླ་ཟེར» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ»སོགས་སུ་སྙན་ངག་དང་། བརྩམས་སྒྲུང་། དཔྱད་རྩོམ། དེ་བཞིན«མི་རིགས་ཀྱི་རྩོམ་རིག»ཏུ་འགྱུར་མ་སོགས་ཀྱི་བརྩམས་ཆོས་མི་ཉུང་བ་སྤེལ།

སྐབས་ལྔ་པའི«གངས་རྒྱན་མེ་ཏོག»གི་རྩོམ་རིག་བྱ་དགའ་དང་། སྐབས་ལྔ་པའི་བོད་ཀྱི་དུས་སྐབས་གསར་པའི་རྩོམ་རིག་བྱ་དགའ། སྐབས་གཉིས་པའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»གྱི་ལོ་ཟུང་བྱ་དགའ། སྐབས་གཉིས་པའི«མི་རིགས་ཀྱི་རྩོམ་རིག»གི་ལོ་ཙཱའི་ལོ་མཇུག་བྱ་དགའ། རྒྱལ་ཡོངས་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བཅུ་དྲུག་པའི་ཕུལ་བྱུང་དཔྱད་རྩོམ་གྱི་བྱ་དགའ་སོགས་ཐོབ།

«བདག་ཉིད་བདག་གི་མགོན་དུ་གྱུར»དང་། «ཁཱ་ཧྥུ་ཁའི་བརྩམས་སྒྲུང་ཐུང་འབྲིང་ཕྱོགས་སྒྲིག» «ཚན་རིག་གི་སྲོལ་འབྱེད» «དུས་རབས་བཅུ་དགུ་པའི་ཨུ་རུ་སུའི་རྩོམ་རིག» «ཀྲུང་གོའི་རྩོམ་རིག» «དུས་རབས་ཉི་ཤུ་པའི་མི་ཚུལ་ཚན་རིག»སོགས་བོད་འགྱུར་དཔེ་དེབ་དྲུག་དཔེ་སྐྲུན་བྱས། ད་ལྟ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཞིབ་འཇུག་ཁང་དུ་ཞིབ་འཇུག་གི་བྱ་བར་ཞུགས་སྒང་ཡིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号