སློབ་གྲྭ་ཆུང་འབྲིང་གི་སློབ་འགོ་རྩོམ་པའི་དུས་ཚོད་གཏན་འཁེལ་བྱས།
ཟླ2པའི་ཚེས13ཉིན། ཞིང་ཆེན་སློབ་གསོ་ཐིང་གིས《2025ལོའི་སློབ་གྲྭ་ཆུང་འབྲིང(བྱིས་སྐྱོང་ཁང་།)གི་དཔྱིད་དུས་སློབ་སྐབས་ཀྱི་སློབ་འགོ་ཚུགས་པའི་བྱ་བ་ལེགས་སྒྲུབ་སྐོར་གྱི་བརྡ་ཐོ》འགྲེམས་སྤེལ་བྱས་ཏེ། 2025ལོའི་དཔྱིད་དུས་སློབ་སྐབས་ཀྱི་ས་གནས་སོ་སོའི་སློབ་གྲྭ་ཆུང་འབྲིང་གི་སློབ་འགོ་རྩོམ་པའི་དུས་ཚོད་རྩ་དོན་ཐོག་ཟླ2པའི་ཚེས24ཉིན་ལས་བཤོལ་མི་རུང་བ་གསལ་པོར་བཏོན། སློབ་སྐབས་གསར་པར། ཞིང་ཆེན་སློབ་གསོ་ཐིང་གིས་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱ་འགུལ་གྱི་དུས་ཚོད་ཆུ་ཚོད2ལས་ཐུང་མི་རུང་བའི་དམིགས་བསལ་བླང་བྱ་བཏོན།
《བརྡ་ཐོ》ལས་བསྟན་དོན། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་སློབ་བྱོལ་པ་གཅིག་ཀྱང་མེད་པའི་བྱ་བའི་དམིགས་ཚད་གཞིར་བཟུང་སྟེ། སློབ་མའི་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ་མ་ཟད། སློབ་གསོ་པུའུ་ཡིས་གསར་དུ་བཟོ་བཅོས་གཏན་འབེབས་བྱས་པའི《སློབ་གྲྭ་ཆུང་འབྲིང་སློབ་མའི་སློབ་ཁོངས་དོ་དམ་བྱ་ཐབས》ལྟར། སློབ་ཁོངས་ལ་ཞིབ་བཤེར་བྱས་ཏེ་སློབ་ཁོངས་མེད་པ་དང་མི་དང་སློབ་ཁོངས་སོ་སོར་གྱེས་པ། སློབ་ཁོངས་བསྐྱར་ཟློས་སོགས་ཀྱི་སྒྲིག་འགལ་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ས་གནས་སོ་སོའི་སློབ་གྲྭ་ཁག་གིས་སློབ་གསོ་པུའུ་ཡི་འོས་འགན་སློབ་གསོ་དང་མཐོ་འབྲིང་གི་སློབ་ཚན་ཇུས་གཞི་དང་ཚད་གཞི་ལྟར་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཚན་ཡོངས་སུ་རྫོགས་པ་གང་ལེགས་སྒོས་གཉེར་པ་དང་། སློབ་ཁྲིད་ཀྱི་དུས་ཚོད་གང་འདོད་དུ་སྣོན་འཕྲི་དང་སྒེར་འཛིན་བྱེད་པར་གཏན་འགོག་བྱེད་དགོས། ཚན་རིག་གི་སློབ་ཚན་མ་ལག་འཐུས་ཚང་དུ་བཏང་སྟེ་སློབ་མའི་ཚན་རིག་གི་བྱང་ཚད་ཆེ་རུ་གཏང་དགོས། སློབ་མའི་ལུས་ཕུང་བདེ་ཐང་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས་ལུས་རྩལ་སློབ་ཁྲིད་དང་ལུས་རྩལ་དགེ་རྒན་བཀོད་སྒྲིག་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་ཉིན་རེའི་ཕྱོགས་བསྡུས་ལུས་རྩལ་བྱེད་སྒོའི་དུས་ཚོད་ཆུ་ཚོད2ལས་མི་ཉུང་བ་འགན་ལེན་བྱས་ཏེ་སློབ་གྲྭ་ཆུང་འབྲིང་གི་ངལ་གསོའི་དུས་ཚོད་སྔར་བས་ཚད་ལྡན་དུ་གཏང་དགོས།
དེ་དང་ཆབས་ཅིག སློབ་ཞིབ་བྱེད་སྒོ་སྤེལ་ནས་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་གཏང་དགོས། མཚོ་སྔོན་ཞིང་ཆེན་གྱི2024ལོའི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འོས་འགན་སློབ་གསོའི་སྤུས་ཚད་ལྟ་ཞིབ་ཚད་ལེན་ཐོག་ཤེས་རྟོགས་བྱུང་བའི་གནད་དོན་དང་ས་ཁོངས་ལྟ་ཞིབ་ཚད་ལེན་བྱས་འབྲས་སྙན་ཞུ་ལས་ཕྱིར་ལན་བསྐྱོན་པའི་གནད་དོན་ལ་དམིགས་ཏེ། རྫོང་རེ་རེ་དང་སློབ་གྲྭ་རེ་རེ་བཞིན་བཅོས་སྒྲིག་ཇུས་གཞི་བཟོས་ནས་སློབ་སྐབས་གསར་པའི་ལས་དོན་ཁག་ལག་བསྟར་དོན་འཁྱོལ་དང་། དཔེ་ཀློག་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་དཔེ་ཀློག་གིས་ཕྱུག་པའི་སློབ་ར་བསྐྲུན་དགོས།
《བརྡ་ཐོའི》ནང་ད་དུང་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་སློབ་གྲྭའི་བདེ་འཇགས་ཀྱི་ཉེན་ཁར་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྐྱོང་བྱེད་པ་དང་། སློབ་གྲྭའི་བདེ་འཇགས་འགོག་སྲུང་གི“100%བཞི”ཡི་བྱ་བའི་ལས་འགན་དང“དཔུང་ཁག་ལྔ་”འཛུགས་སྐྱོང་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སློབ་གྲྭའི་བརྙན་མིག་ལྟ་སྐུལ་ཚོད་འཛིན་མ་ལག་གི་དྲ་སྦྲེལ་བེད་སྤྱོད་བྱ་རྒྱུར་ཤུགས་བསྣན་ཏེ་སློབ་གྲྭའི་ཕྱི་ནང་གི་བདེ་འཇགས་འགོག་སྲུང་ཐད་འགན་ལེན་བྱེད་པ། ཚོད་ལྟ་ཁང་དང་ཟ་ཁང་། ཉལ་ཁང་སོགས་ས་ཁོངས་གཙོ་བོའི་བདེ་འཇགས་ལ་དོ་ཁུར་ཏན་ཏིག་བྱེད་དགོས།
སློབ་གྲྭའི་མཐའ་འཁོར་གྱི་བདེ་འཇགས་ཁོར་ཡུག་བཅོས་སྐྱོང་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་སློབ་གྲྭའི་སྒོ་འགྲམ་དུ་སྲ་གཤིས་སྒྲིག་ཆས་སོགས་བཀོད་སྒྲིག་བྱས་ཏེ་བདེ་འཇགས་རིམ་ལྡན་གྱི་སློབ་གྲྭའི་མཐའ་འཁོར་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། སློབ་འགོ་མ་ཚུགས་གོང་། རོང་འབྲོག་ཁུལ་གྱི་སློབ་གྲྭས་སློབ་མ་ཕྱིར་སློབ་གྲྭར་ལོག་པའི་བདེ་འཇགས་གནད་དོན་དམིགས་སུ་བཀར་ནས་ནན་བཤད་དང་། སློབ་འགོ་ཚུགས་རྗེས། སློབ་མར་འགྲིམ་འགྲུལ་དང་མེ་ཟོན། སློབ་གྲྭའི་བརྙས་བཅོས་འགོག་པ། བཙན་གཡེམ་འགོག་པ། ཟས་དུག་འགོག་པ། རྡོག་རྫིས་འགོག་པ། ཆུར་སྤྱིངས་འགོག་པ་སོགས་ཐད་ཀྱི་བདེ་འཇགས་སློབ་གསོ་སྤེལ་དགོས། འཕྲོད་བསྟེན་རིམས་འགོག་ནན་གྱིས་བསྒྲུབ་སྟེ། སློབ་གྲྭའི་ཟ་ཁང་གི་འཕྲོད་བསྟེན་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འབྲེལ་ལག་བསྟར་ནན་མོ་བྱས་ཏེ། དགེ་སློབ་ཀྱི་བཟའ་བཏུང་བདེ་ཐང་ཡོང་བར་འགན་ལེན་བྱ་དགོས། ཁྱིམ་ཚང་དང་སློབ་གྲྭའི་བར་གྱི་འབྲེལ་གཏུག་དང་སེམས་ཁུར་གཅེས་སྐྱོང་ཚད་ཆེ་རུ་གཏོང་བ་དང་། སློབ་མའི་སློབ་སྦྱོང་གི་སྤུས་ཚད་ལ་ཚན་རིག་དང་མཐུན་པའི་གདེང་འཇོག་བྱས་ཏེ། སློབ་མའི་སེམས་ཁམས་གང་མགྱོགས་སྒོས་ལེགས་སྒྲིག་བྱེད་པར་རོགས་རམ་བྱས་ཏེ་སེམས་ཁམས་བདེ་ཐང་གི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ་རྒྱུན་མཐུད་ངང་ཤུགས་སྣོན་དགོས་པའི་བླང་བྱ་བཏོན་པ་རེད།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注